མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

པཎ་ཆེན་ཨེར་ཏི་ནི་ཆོས་ཀྱི་རྒྱལ་པོ་མཆོག་གིས་རང་ཞིང་དུ་རྟོག་ཞིབ་མཛད་པ།

ཡོང་ཁུངས།:མཚོ་ནུབ་འཕྲིན་སྟེགས།  སྤེལ་དུས།:2017-08-03  རྩོམ་པ་པོ།:  རྩོམ་སྒྲིག་པ།:ཀླུ་རྒྱལ་དོན་འགྲུབ།    ཀློགས་གྲངས།:

 

         མཚོ་ནུབ་གསར་འགྱུར་དྲ་བའི་གནས་ཚུལ་ལྟར་ན།  ཟླ༧པའི་ཚེས༡༨ནས་ཚེས ༢༤ ཉིན་བར།   རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་དང་ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་པཎ་ཆེན་ཨེར་ཏི་ནི་ཆོས་ཀྱི་རྒྱལ་པོ་འཁོར་དང་བཅས་པས་རང་ཞིང་དུ་བརྟག་ཞིབ་བྱ་འགུལ་སྤེལ་བ་རེད།  མཚོ་སྔོན་དུ་བཞུགས་པའི་སྐབས་སུ།  པཎ་ཆེན་འཁོར་དང་བཅས་པ་ཡུལ་ཤུལ་གྲོང་ཁྱེར་དང་མཚོ་སྔོན་ཞིང་ཆེན་ནང་བསྟན་སློབ་གླིང་།  ཚྭ་ཁའི་ཚྭ་མཚོ།  ན་གོར་མོ་གྲོང་ཁྱེར་མོའུ་ཧྲིང་ཀྲུང་དམག་དཔོན་གྱི་རྗེས་དྲན་ཁང་།  ན་གོར་མོ་གྲོང་ཁྱེར་འབྲི་ཆུའི་མགོ་ཁུངས་ཀྱི་སྡེ་བ་སོགས་སུ་བརྟག་ཞིབ་མཛད་ལ།  རང་ཞིང་གི་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་འཐུབ་ཚབ་མི་སྣ་དང་བཞུགས་མོལ་མཛད་པ་དང་།   པཎ་ཆེན་སྐུ་ཕྲེང་བཅུ་བའི་གཉེན་ཉེ་ཡབ་གཞིས་མགོན་པོ་སྐྱབས་ལ་གཟིགས་པར་ཕྱིན།

ས་གནས་གང་ལ་སླེབས་ན།  པཎ་ཆེན་མཆོག་གི་ནན་ཏན་གྱིས་མཚམས་སྦྱོར་ལ་གསན་པ་དང་།  དུས་རྟག་ཏུ་འབྲེལ་ཡོད་གནས་ཚུལ་འདྲི་བ་རེད།  ཡུལ་ཤུལ་གྲོང་ཁྱེར་གྱི་དེང་རབས་རི་བོའི་སྟེང་།  པཎ་ཆེན་མཆོག་ལྗོངས་གཟིགས་སྟེགས་བུ་རུ་ཕེབས་ནས་རྒྱང་རིང་ལ་གཟིགས་པ་དང་། ཡུལ་ཤུལ་བསྐྱར་འཛུགས་ཀྱི་གནས་ཚུལ་མཚམས་སྦྱོར་ལ་གསན་རྗེས།   ཞིབ་ཕྲ་ངང་ཡུལ་འདིའི་དཔལ་འབྱོར་འཕེལ་རྒྱས་གནས་བབ་ལ་རྒྱུས་ལོན་བྱས་ལ།  བསྐྱར་འཛུགས་བྱ་བར་ཚད་མཐོའི་གདེང་འཇོག་མཛད།

མཚོ་སྔོན་ཞིང་ཆེན་བོད་བརྒྱུད་ནང་བསྟན་སློབ་གླིང་དུ། པཎ་ཆེན་མཆོག་གིས་སློབ་མ་རྣམས་ལ་སློབ་སྦྱོང་གི་གོ་སྐབས་བཟང་པོ་དམ་འཛིན་བྱེད་དགོས་པའི་སྐུལ་མ་མཛད་ལ།  བློ་རྩེ་གཅིག་གིས་ཆོས་སློབ་པ་དང་ལྟ་རྒྱ་ཐོས་རྒྱ་ཆེ་དགོས་པའི་བླང་བྱ་བཏོན་ནས།  སྤྱི་ཚོགས་དང་མི་དམངས་ལ་ཕན་པའི་རྒྱལ་གཅེས་ཆོས་གཅེས་ཀྱི་གྲྭ་པ་ཞིག་བྱེད་པར་རྒྱུན་འཁྱོངས་བྱེད་པ་དང་།  རྒྱ་ཆེ་བའི་དད་ལྡན་མང་ཚོགས་ལ་ཁྲིད་སྟོན་བྱས་ཏེ་རྒྱལ་ཁབ་དར་རྒྱས་དང་མི་རིགས་མཐུན་སྒྲིལ།  སྤྱི་ཚོགས་འཆམ་མཐུན་ཡོང་བར་བྱས་རྗེས་ལེགས་པོ་འཇོག་དགོས་པར་གསུངས།

  ཚྭ་ཁའི་ཚྭ་མཚོ་ཁ་རུ།  པཎ་ཆེན་མཆོག་གིས་ལྗོངས་ཁུལ་གྱི་འཛུགས་སྐྲུན་འཕེལ་རྒྱས་དང་ས་གནས་མང་ཚོགས་ཀྱི་ཡུལ་སྐོར་ལ་བརྟེན་ནས་དཔལ་འབྱོར་འཕེལ་རྒྱས་འགྲོ་བའི་གནས་ཚུལ་ལ་རྒྱུས་ལོན་བྱས་པ་དང་།  ཚྭ་མཚོའི་ལབ་རྩེ་ཁ་རུ་བསང་འཇོག་པའི་ཆོ་ག་སྤེལ་ནས།   མང་ཚོགས་རྣམས་བདེ་བའི་ངང་ལས་ལ་བརྩོན་པར་གསོལ་འདེབས་གནང་བ་རེད།

       ན་གོར་མོ་གྲོང་ཁྱེར་མོའུ་ཧྲིང་ཀྲུང་དམག་དཔོན་གྱི་རྗེས་དྲན་ཁང་དུ།  པཎ་ཆེན་མཆོག་གིས་མོའུ་ཧྲིང་ཀྲུང་དམག་དཔོན་གྱི་འདྲ་སྐུ་ལ་མེ་ཏོག་ཆུན་པོ་ཕུལ་ལ།  མོའུ་ཧྲིང་ཀྲུང་དམག་དཔོན་དང་ཁོང་གིས་སྣེ་ཁྲིད་པའི་ལམ་སྐྲུན་དཔུང་དམག་གིས་མཚོ་བོད་ལྕགས་ལམ་བསྐྲུན་པ་དང་ཐོག་མར་ན་གོར་མོ་འཛུགས་སྐྲུན་བྱས་པའི་བྱས་རྗེས་རླབས་ཆེན་ལ་སེམས་གཏིང་ནས་དྲན་གསོ་དང་རྗེས་དྲན་གནང་བ་རེད།

      ན་གོར་མོ་གྲོང་ཁྱེར་གྱི་འབྲི་ཆུའི་མགོ་ཁུངས་སྡེ་བ་རུ།   པཎ་ཆེན་མཆོག་གིས་བྱམས་བརྩེ་ངང་ཡུལ་དེའི་མང་ཚོགས་ལ་བདེ་འདྲི་ཞུས་ཤིང་།   མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་མཛད་ལ།  ཚང་མར་གནས་བབ་ལེགས་པོ་དམ་འཛིན་བྱེད་དགོས་པའི་སྐུལ་མ་མཛད་པ་མ་ཟད།  རྒྱལ་ཁབ་ཀྱི་དྲིན་ཤེས་དགོས་ཤིང་འབད་བརྩོན་གྱིས་ཐོན་སྐྱེད་འཕེལ་རྒྱས་ལ་བཏང་སྟེ་ཕྱུག་འགྱུར་གྱི་ལམ་ལ་བསྐྱོད་དགོས་པར་གསུངས་པ་དང་།  པཎ་ཆེན་ཕེབས་པའི་གནས་ཚུལ་ཐོས་ནས་སྐུ་མཇལ་དུ་ཡོང་བའི་དད་ལྡན་མང་ཚོགས་ལ་མཇལ་ཁ་གནང་།  འབྲི་ཆུའི་མགོ་ཁུངས་སྡེ་བ་ནི་སྐྱེ་ཁམས་གནས་སྤོར་སྡེ་བ་ཞིག་ཡིན་ཞིང་བོད་རིགས་ཀྱི་སྡེ་བ་ཞིག་ཀྱང་ཡིན་ལ། ༢༠༠༤ལོར་ཧྲིལ་པོ་གནས་སྤོར་ནས་གནས་ཁུལ་གསར་པར་བསྡད་པ་དང་།  མི་རེའི་ཆ་སྙོམས་ཡོང་སྒོ་ལྡབ༡༠ལ་ཉེ་བ་ཞིག་འཕར་ཞིང་། འབྲོག་པ་མང་ཚོགས་ཀྱི་འཚོ་བར་གནམ་ས་བརྗེ་བའི་འགྱུར་ལྡོག་བྱུང་།

  ཚེས༢༢ཉིན།  པཎ་ཆེན་མཆོག་གིས་རྒྱལ་ཁའི་མགྲོན་ཁང་དུ་རང་ཞིང་གི་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་འཐུས་ཚབ་མི་སྣ་དང་བཞུགས་མོལ་གནང་།  པཎ་ཆེན་མཆོག་གིས་འཐུས་མིས་གཏམ་བཤད་ལ་ནན་ཏན་གྱིས་གསན་པ་དང་།  རང་ཞིང་གི་རྒྱ་ཆེ་བའི་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་འཐུས་ཚབ་མི་སྣས་ཆོས་ལུགས་མངའ་ཁོངས་ཀྱི་འཆམ་མཐུན་གཏན་འཇགས་སྲུང་སྐྱོང་ལ་བྱས་རྗེས་བཞག་པར་བསྟོད་བསྔགས་གནང་བ་རེད།  ཁོང་གིས་གསུངས་དོན།  དུས་རབས་གསར་བའི་བོད་བརྒྱུད་ནང་བསྟན་ནི་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་ཕན་ཚུན་མཐུན་དགོས་ལ།  རེ་བ་ཡིན་ན་བོད་བརྒྱུད་ནང་བསྟན་གྱི་བླ་མ་དགེ་བཤེས་རྣམས་ཀྱིས་རང་དཔེ་གཞན་སྟོན་གྱིས་རྒྱལ་ཁབ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་དང་།  སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཀྱི་སྐུལ་འདེད་ལ་ནུས་པ་ལེགས་པོ་འདོན་དགོས་ཞེས་གསུངས།  བླ་མ་སྐྱེས་ཆེན་རྣམས་ཀྱིས་གཅིག་རྗེས་གཉིས་མཐུད་དུ་བཤད་རྒྱུར།  པཎ་ཆེན་བླ་མའི་བསླབ་བྱ་གནང་བར་བརྩི་སྲུང་བྱས་ཏེ།      རྒྱལ་གཅེས་ཆོས་གཅེས་དང་རྒྱལ་ཁབ་ལ་ཕན་པའི་ཆོས་སྤེལ་ནས་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ། སྤྱི་ཚོགས་འཆམ་མཐུན་གྱི་ཆེད་དུ་འབད་པ་ལྷོད་མེད་བྱེད་རྒྱུ་ཡིན་ཟེར།

འདི་ནི་པཎ་ཆེན་མཆོག་ཐེངས་བཞི་པར་མཚོ་སྔོན་ལ་འཚམ་འདྲིར་ཕེབས་པ་ཡིན་ཞིང་།  སྐུ་དངོས་སུ་ཉེ་བའི་ལོ་འགའི་མཚོ་སྔོན་གྱི་འཕེལ་རྒྱས་འགྱུར་ལྡོག་ལ་གཟིགས་པ་རེད།  པཎ་ཆེན་མཆོག་རང་ཞིང་གིས་ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་ལག་ལེན་མཐར་ཕྱིན་དང་དགོན་པའི་དོ་དམ་གསར་སྐྲུན་ལ་ཤུགས་སྣོན། བོད་བརྒྱུད་ནང་བསྟན་མི་སྣ་གསོ་སྐྱོང་སོགས་ཀྱི་ཐད་ལ་བཏོན་པའི་བརྩོན་པ་དང་ཐོབ་པའི་གྲུབ་འབྲས་ལ་དགའ་སྣང་སྐྱེས་པ་དང་།  སེམས་གཏིང་ནས་རང་ཞིང་གི་ལས་དོན་ཁག་དར་ཞིང་རྒྱས་པའི་སྨོན་འདུན་ཞུས་པ་རེད།

ལམ་བར་དུ།   པཎ་ཆེན་མཆོག་ནི་སྤྱི་ཕན་དང་སྤྱི་ཚོགས་ལས་དོན་ལ་སྤྲོ་སེམས་ཆེ་བ་དང་།  བྱམས་ལྡན་གྱི་བརྩེ་སེམས་གསལ་པོར་མཚོན་པ་རེད།  འབྲི་སྟོད་རྫོང་དུ་དུས་ཡུན་རིང་པོར་མཇལ་ཁ་གནང་རྗེས།  རྒན་གསོ་ཁང་དུ་ཕེབས་ནས་རྒན་པ་རྣམས་ལ་མཇལ་ཁ་གནང་ནས་མགོན་སྐྱབས་མཛད་པ་དང་དགེ་བའི་བྱ་འགུལ་སྤེལ་ཏེ།  སྦྱིན་པ་གནང་བ་མ་ཟད།  སྒོར་ཁྲི་བཅུ་གཅིག་གནང་ནས་རྒན་གསོ་ཁང་གི་སྤྱི་ཕན་ལས་དོན་ལ་བཀོལ་བ་རེད།

  པཎ་ཆེན་མཆོག་གིས་དཀའ་ངལ་ཅན་མང་ཚོགས་ལ་ཐུགས་ཁུར་དང་སེམས་ཁྲལ་ཆེན་པོ་གནང་ཞིང་།  རང་ཞིང་གི་དད་ལྡན་སེར་སྐྱ་མང་ཚོགས་ཀྱི་འབུལ་བ་ཚང་མ་ཡུལ་དེའི་དབུལ་ཐར་འགག་སྒྲོལ་ལས་དོན་ལ་ཞལ་འདེབས་ཕུལ།  ཁོང་གིས་གསུངས་དོན།  ཆོས་ལུགས་ལས་རིགས་ཀྱི་མི་ཞིག་ཡིན་ན།  ཆོས་ལུགས་དད་མོས་སྟེང་དུ་རྒྱ་ཆེ་བའི་མང་ཚོགས་ཀྱི་རེ་འདོད་ཚིམ་པར་བྱེད་དགོས་པ་མ་ཟད། ད་དུང་འབད་བརྩོན་གྱིས་སྤྱི་ཚོགས་སྤྱི་ཕན་དང་དགེ་བའི་ལས་དོན་ལ་ཞུགས་ཏེ། སྤྱི་ཚོགས་ཀྱི་ཁྱོན་ཡོངས་ནས་འཕེལ་རྒྱས་དང་ལྷག་པར་དུ་དབུལ་ཐར་འགག་སྒྲོལ་ལས་དོན་གྱི་ཆེད་དུ་བྱས་རྗེས་ཡོད་ཚད་འབུལ་དགོས་པར་གསུངས།

      མཚོ་སྔོན་དུ་བཞུགས་པའི་སྐབས་སུ།   པཎ་ཆེན་འཁོར་དང་བཅས་པ་ཞིང་ཆེན་མི་དམངས་སྨན་ཁང་དུ་ཕེབས་པ་དང་།  སྨན་ཁང་དུ་ནད་བཅོས་བྱེད་བཞིན་པའི་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པའི་གཉེན་ཉེ་ཡབ་གཞིས་མགོན་པོ་སྐྱབས་ལ་གཟིགས་པར་ཕྱིན།

         གཞན་ཡང་།   བརྟག་ཞིབ་སྐབས་སུ།  པཎ་ཆེན་འཁོར་དང་བཅས་པ་ཡུལ་ཤུལ་ཁུལ་རྟེན་རྫས་བཤམས་སྟོན་ཁང་དང་ཁྲི་ཀའི་མི་ཎི་ཆུ་འཁོར་ཆེན་མོ།  ན་གོར་མོའི་ས་གཤིས་བཤམས་སྟོན་ཁང་དུ་གཟིགས་སྐོར་ལ་ཕེབས། རིན་ཆེན་རྒྱལ་དང་།  མགོན་པོ་བཀྲ་ཤིས། དབྱང་ཧྥིན་ཁྲུན། རིན་ཆེན་རྣམ་རྒྱལ་སོགས་ཀྱིས་བརྟག་ཞིབ་སྐབས་སུ་ཕེབས་རོགས་བྱས། ཝིན་གོ་ཏུང་། མིང་ཧའེ། ཝང་ཅིན་ཀྲད། ཀླུ་ཁོ་རྒྱལ། ཝང་ཡོན། རྡོ་རྗེ་སོགས་ཀྱིས་མཚོ་ནུབ་ཏུ་བརྟག་ཞིབ་སྐབས་སུ་ཕེབས་རོགས་བྱས།

གོང་མ།:དམག་དཔུང་དང་ས་གནས་མཉམ་འབྲེལ་བརྗེ་རེས་ལ་ཤུགས་སྣོན་བྱས་ཏེ།དམག་དམངས་མཉམ་འདྲེས་ལ་སྐུད་འདེད་བྱས།

ཞོལ་མ།:དབུས་ལམ་རྫོང་གིས་བྱེད་ཐབས་སྣ་མང་སྤྱད་དེ་དབུལ་ཐར་བྱ་བ་སྲ་བརྟན་དུ་བཏང་།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235