ཡོང་ཁུངས།: སྤེལ་དུས།:2020-07-27 རྩོམ་པ་པོ།: རྩོམ་སྒྲིག་པ།:ཀླུ་རྒྱལ་དོན་འགྲུབ། ཀློགས་གྲངས།:
1.ཅི་ཞིག་ལ་བྱི་རིམས་ཟེར།
བྱི་རིམས་ནི་བྱི་རིམས་དབྱུག་སྲིན་གྱིས་བསླངས་པའི་ནད་འབྱུང་བ་མྱུར་བ་དང་འགོས་ཚད་ཆེ་བ།ཤི་ཚད་མཐོ་བ་བཅས་ཀྱི་འགོས་ནད་དྲག་པོ་ཞིག་ཡིན།《རིམས་ནད་འགོག་སེལ་བྱེད་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས》ལས་བྱི་རིམས་ནི་འགོས་ནད་ཀ་བའི་རིགས་སུ་བཞག་ཡོད།
2.བྱི་རིམས་ཀྱི་འགོ་ཁུངས་གཙོ་བོ་དང་མཆེད་ལམ་ནི་ཅི་ཞིག་ཡིན།
བྱི་རིམས་སྲིན་ནད་འགོས་པའི་བྱི་བའི་རིགས(འཕྱི་བ་འདུས)དང་། རི་བོང་། ཝ་མོ། སྤྱང་ཀི། ཁྱི། བྱི་ལ། དགོ་བ་སོགས་སྲོག་ཆགས་ནི་བྱི་རིམས་འགོ་ཁུངས་ཀྱི་སྲོག་ཆགས་གཙོ་བོ་དག་ཡིན།ནད་ཁུངས་སྲོག་ཆགས་ཀྱང་ཟེར། བྱི་རིམས་དེ་ད་དུང་གློ་བའི་བྱི་རིམས་འགོས་པའི་ནད་པས་མི་ལ་འགོ་བར་བྱེད།
རྒྱུན་ལྡན་གྱི་ཐོན་སྐྱེད་དང་འཚོ་བའི་ཁྲོད་བྱི་རིམས་ཀྱི་མཆེད་ལམ་གཙོ་བོ་ནི། གཅིག་ནི་ལྗི་བ་ཡིས་སོ་བཏབ་ནས་འགོ་བ་དེ་ཡིན། ལྗི་བས་བྱི་རིམས་ནད་པའམ་བྱི་རིམས་འགོས་ཡོད་པའི་སྲོག་ཆགས་ལ་སོ་བཏབ་རྗེས།མི་ལ་སོ་བཏབ་ན་མི་ལ་རིམས་ནད་འགོ་སྲིད། གཉིས་ནི་ཐད་ཀར་འབྲེལ་འདྲིས་བྱས་པ་བརྒྱུད་ནས་མཆེད་པ་དེ་ཡིན།མི་རྣམས་ཀྱིས་བྱི་རིམས་འགོས་ཡོད་པའི་སྲོག་ཆགས་རྔོན་པ་དང་། བཤའ་བ།ཐག་གཅོད་བཅས་བྱེད་སྐབས། བྱི་རིམས་ནད་སྲིན་ནི་མི་རྣམས་ཀྱི་པགས་པའི་སྟེང་གི་རྨ་ཁ(ཧ་ཅང་ཆུང་བའི་རྨ་ཁ)བརྒྱུད་དེ་མིའི་ལུས་སུ་ཞུགས་ནས་མི་ལ་འགོ་བ་ཡིན།གསུམ་ནི་མཆིལ་ཟེགས་བརྒྱུད་ནས་འགོ་བ། གློ་བའི་བྱི་རིམས་འགོས་པའི་ནད་པའམ་སྲོག་ཆགས་ཀྱིས་དབུགས་འབྱིན་རྔུབ་དང་གློ་ལུ་བརྒྱུད་ནས་བྱི་རིམས་ཀྱི་འབུ་ཕྲ་མཐའ་འཁོར་གྱི་མཁའ་རླུང་ནང་དུ་གཏོར་བས།གློ་བའི་བྱི་རིམས་མཆེད་པ་ཡིན།
3. བྱ་སྤྱོད་གང་དག་གིས་བྱི་རིམས་འགོ་བའི་ཉེན་ཁ་ཇེ་ཆེར་གཏོང་སྲིད་དམ།
མི་རྣམས་ལ་བྱི་རིམས་འགོག་པའི་རང་བྱུང་གི་རིམས་འགོག་ནུས་པ་མེད་པ་དང་།གལ་ཏེ་གཤམ་གྱི་བྱ་སྤྱོད་ཡོད་ན།བྱི་རིམས་འགོ་བའི་ཉེན་ཁ་ཇེ་ཆེར་འགྲོ་བ་ཡིན།
(1)རིམས་ནད་འབྱུང་ཁུངས་ཀྱི་སྲོག་ཆགས་རྔོན་པ།
(2)རིམས་ནད་འབྱུང་ཁུངས་ཀྱི་སྲོག་ཆགས་ཀྱི་པགས་པ་བཤུས་ནས་ཟ་བ་དང་ཐག་གཅོད་བྱེད་པ།
(3)རིམས་ནད་འབྱུང་ཁུངས་ཀྱི་སྲོག་ཆགས་དང་ཐོན་རྫས་འཁྱེར་བ།
(4)བྱི་རིམས་འབྱུང་ཡུལ་དུ་བྱི་ནད་ཀྱིས་ཤི་བའི་བྱི་བ་རིགས(འཕྱི་བ་འདུས)དང་། རི་བོང་། ཝ་མོ། ཁྱི། བྱི་ལ། དགོ་བ་སོགས་སྲོག་ཆགས་ལ་རེག་པ།
(5) བྱི་རིམས་འབྱུང་ཡུལ་དུ་བྱི་བའི་རིགས(འཕྱི་བ་འདུས)དང་རི་བོང་སོགས་སྲོག་ཆགས་ཀྱི་ཁུང་བུ་འགྲམ་དུ་ངལ་གསོ་བ།ཡང་ན་སྲོག་ཆགས་ཀྱི་ཁུང་བུ་རྐོ་སློག་བྱེད་པ།
(6)མི་སྒེར་གྱི་འགོག་སྲུང་མ་བྱས་པའི་གནས་ཚུལ་འོག་གློ་བའི་བྱི་རིམས་འགོས་པའི་ནད་པ་དང་འབྲེལ་འདྲིས་དམ་པོ་བྱེད་པ་བཅས་ཡིན།
4. བྱི་རིམས་འབྱུང་ཡུལ་དུ་ཡུལ་སྐོར་ལ་འགྲོ་སྐབས་གང་དག་ལ་མཉམ་འཇོག་བྱ་དགོས་སམ།
(1)རིམས་ནད་འབྱུང་ཁུངས་ཀྱི་སྲོག་ཆགས་མི་རྔོན་པ།
(2) རིམས་ནད་འབྱུང་ཁུངས་ཀྱི་སྲོག་ཆགས་མི་ཟ་བ་དང་ཐག་གཅོད་མི་བྱེད་པ།
(3)རིམས་ནད་འབྱུང་ཁུངས་ཀྱི་སྲོག་ཆགས་དང་ཐོན་རྫས་མི་འཁྱེར་བ།
(4) བྱི་རིམས་ཀྱིས་ཤི་བའི་བྱི་བ་རིགས(འཕྱི་བ་འདུས)དང་། རི་བོང་། ཝ་མོ། ཁྱི། བྱི་ལ། དགོ་བ་སོགས་སྲོག་ཆགས་ལ་མི་རེག་པ།
(5) བྱི་རིམས་འབྱུང་ཡུལ་དུ་བྱི་བའི་རིགས(འཕྱི་བ་འདུས)དང་རི་བོང་སོགས་སྲོག་ཆགས་ཀྱི་ཁུང་བུ་འགྲམ་དུ་ངལ་གསོ་བ།ཡང་ན་སྲོག་ཆགས་ཀྱི་ཁུང་བུ་རྐོ་སློག་བཅས་མི་བྱེད་པ།
5. གལ་ཏེ་བྱི་རིམས་འབྱུང་ཡུལ་དུ་ལྗི་བའི་སོ་བཏབ་ན་ཇི་ལྟར་བྱ་དགོས་སམ།
བྱི་རིམས་འབྱུང་ཡུལ་དུ་ལྗི་བའི་སོ་བཏབ་ཚེ།དངངས་སྐྲག་མི་སྐྱེས་པར་ལྟ་ཞིབ་བྱེད་པར་ཡིད་འཇོག་བྱ་དགོས། དཔེར་ན་ཉིན1-2ཀྱི་རྗེས་སུ་སོ་བཏབ་པའི་གནས་ཀྱི་རྨེན་མདུད་སྐྲངས་པ(དཔྱི་མགོའི་མཚམས་ཤུར་དང་། མཆན་འོག མཇིང་པ་སོགས་སུ་མང་དུ་མཐོང)དང་ན་ཟུག་ལངས་པ། ཚ་རྒྱས་པ་སོགས་ཀྱི་ནད་རྟགས་བྱུང་ན། བྱི་རིམས་འགོས་པར་དོགས་པ་སྐྱེས་ནས་མྱུར་དུ་ཉེ་འགྲམ་གྱི་སྨན་ཁང་དུ་སོང་ནས་སྨན་བཅོས་བྱ་དགོས།
6.བྱི་རིམས་འགོས་རྗེས་ཀྱི་ནད་ཐོག་ནད་རྟགས་གཙོ་བོ་གང་དག་ཡོད་དམ།
བྱི་རིམས་ཀྱི་ནད་ཐོག་དབྱེ་སྟངས་ལ་གཙོ་བོ་གཤེར་རྨེན་བྱི་རིམས་དང་།གློ་བའི་བྱི་རིམས། ཁྲག་ཉམས་པའི་བྱི་རིམས། པགས་པའི་བྱི་རིམས། རྒྱུ་མའི་བྱི་རིམས། མིག་གི་བྱི་རིམས། ཀླད་རྒྱའི་གཉན་ཚད་ཀྱི་བྱི་རིམས། གྲེ་བའི་གཤེར་རྨེན་བྱི་རིམས་བཅས་ཡོད་པ་དང་།དེའི་ཁྲོད་དུ་གཤེར་རྨེན་བྱི་རིམས་ནི་ནད་ཐོག་ཏུ་ཆེས་རྒྱུན་མཐོང་ཡིན་པ་དང་། དེ་ནས་གློ་བའི་བྱི་རིམས་དང་ཁྲག་ཉམས་པའི་བྱི་རིམས་ཡིན།
བྱི་རིམས་ནད་རྟགས་མི་མངོན་པའི་དུས་ཡུན་ཅུང་ཐུང་། སྤྱིར་བཏང་དུ་ཉིན1-6གི་བར་ཡིན་ལ། མང་ཆེ་བ་ཉིན2-3དང་། ནད་རྟགས་ཁ་ཤས་ཉིན8-9ལ་བསླེབས་ཐུབ།བྱི་རིམས་རིགས་སོ་སོའི་ནད་པའི་སྤྱིར་བཏང་གི་ནད་རྟགས་ནི་ནད་འབྱུང་བ་མྱུར་ཞིང་། ཚ་རྒྱས་པ་དང་གྲང་འདར་རྒྱག་པ།ལུས་དྲོད་གློ་བུར་དུ39-41℃ལ་འཕར་བ་དང་། མངོན་གསལ་དུ་ཚ་རྒྱས་པ་ཡིན། མགོ་གཟེར་བ་དང་། སྐབས་འགར་སྐྱུག་པ།དབུགས་འབྱིན་རྔུབ་མྱུར་བ། སྙིང་གི་འཕར་ཚད་མགྱོགས་དྲག་པ། ཁྲག་ཤེད་འབབ་པ་བཅས་འབྱུང་།ནད་ལྗིད་མོ་ཕོག་པའི་ནད་པར་ཐོག་མའི་དུས་སུ་ཁྲག་ཤེད་ཇེ་དམའ་རུ་འགྲོ་བ་དང་།འདུ་ཤེས་མི་གསལ་བ། འཆོལ་གཏམ་བཤད་པ་སོགས་འབྱུང་སྲིད།
7.བྱི་རིམས་ལ་ཕན་ནུས་ལྡན་པའི་སྨན་བཅོས་སྨན་རྫས་ཡོད་དམ།
མིག་སྔར་བྱི་རིམས་ལ་ལེན་མའེ་སུའུ་བཀོལ་ནས་གསོ་བཅོས་བྱས་ཆོག ཕན་འབྲས་ལེགས་པོ་ཞིག་འཐོབ་ཆེད་ནད་ཐོག་ཏུ་རྒྱུན་དུ་རིགས་གཞན་པའི་སྐྱེ་འགོག་རྒྱུ་སྟེ། དཔེར་ན་ཁུན་ནོ་ཐོན་དང་ཏུའོ་ཞི་ཧོན་སུའུ། b-ནེ་ཞན་ཨན་རིགས་སམ་ཧོང་ཨན་སོགས་ཡོད། གལ་ཏེ་ལེན་མའེ་སུའུ་བཀོལ་ནས་གསོ་བཅོས་བྱེད་མི་ཐུབ་ན། ལག་ལེན་སྟེང་ཆིང་ཏ་མའེ་སུའུ་དང་ལིས་མའེ་སུའུ། སི་ཧོན་སུའུ། ཏུའོ་ཞི་ཧོན་སུའུ། ཧོན་པིང་ཧྲ་ཞིན་སོགས་གདམ་ཆོག
8. བྱི་རིམས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་ཐུབ་བམ།
བྱི་རིམས་སྔོན་འགོག་དང་ཚོད་འཛིན་བྱེད་ཐུབ། འགོ་ཁུངས་ཚོད་འཛིན་དང་།འགོ་ལམ་གཅོད་པ། དེ་བཞིན་མི་སྒེར་གྱི་འགོག་སྲུང་ལེགས་པོར་བྱེད་པ་དང་། ལྷག་པར་དུ་བྱི་རིམས་འགོ་བའི་ཉེན་ཁ་ཇེ་ཆུང་དུ་གཏོང་བ་སོགས་ཀྱིས་ཕན་ནུས་ལྡན་པའི་སྒོ་ནས་བྱི་རིམས་འགོ་བར་འགོག་སྲུང་བྱེད་ཐུབ།
སྔར་ནས་ད་བར་དུ་རང་རྒྱལ་གྱིས་བྱི་རིམས་སྔོན་འགོག་ཚོད་འཛིན་ལས་དོན་ལ་ཧ་ཅང་མཐོང་ཆེན་བྱེད་པ་ཡིན།ཉེ་བའི་ལོ་ཤས་རིང་།རྒྱལ་ཡོངས་སུ་ལོ་རེར་བྱི་རིམས་བྱུང་བའི་མི་གྲངས་དེ་གནས་གཅིག་གྲངས་ཀྱི་ཆུ་ཚད་དུ་ཚོད་འཛིན་བྱས་ཡོད་པ་དང་།ས་གནས་ཁ་ཤས་སུ་མི་ལ་བྱི་རིམས་ཀྱི་རིམས་ནད་འགོས་པ་ཚང་མ་ནད་དཔེ་ཆིག་རྐྱང་དུ་གཏོགས།
9. ཅི་ཞིག་ནི་བྱི་རིམས་སྔོན་འགོག་ཚོད་འཛིན་གྱི“མི་བྱེད་པ་གསུམ་དང་སྙན་ཞུ་གསུམ”ཡིན་ནམ།
བྱི་རིམས་སྔོན་འགོག་བྱེད་པར་ངེས་པར་དུ“མི་བྱེད་པ་གསུམ་དང་སྙན་ཞུ་གསུམ”བྱ་དགོས། “མི་བྱེད་པ་གསུམ་”ནི་རིམས་ནད་འབྱུང་ཁུངས་ཀྱི་སྲོག་ཆགས་རང་དགར་མི་རྔོན་པ་དང་། རིམས་ནད་འབྱུང་ཁུངས་ཀྱི་སྲོག་ཆགས་བཤུས་ནས་མི་ཟ་བ།རིམས་ནད་འབྱུང་ཁུངས་ཀྱི་སྲོག་ཆགས་དང་ཐོན་རྫས་རང་དགར་འཁྱེར་ནས་རིམས་ནད་ཁུལ་ནས་ཕྱིར་མི་འགྲོ་བ་བཅས་ཡིན།“སྙན་ཞུ་གསུམ”ནི་ནད་ཀྱིས་ཤི་བའི་བྱི་བ་མཐོང་ན་སྙན་ཞུ་བྱེད་པ་དང་།བྱི་ནད་ཡིན་པར་དོགས་པའི་ནད་པ་ཡོད་ན་སྙན་ཞུ་བྱེད་པ། རྒྱུ་རྐྱེན་མི་གསལ་བའི་ཚ་རྒྱས་པའི་ནད་པ་དང་གློ་བུར་དུ་ཤི་བའི་ནད་པ་ཡོད་ན་སྙན་ཞུ་བྱེད་པ་བཅས་ཡིན།
10. གལ་ཏེ་རང་ཉིད་ལ་བྱི་རིམས་འགོས་པའི་ཉེན་ཁ་ཆེ་བའི་བྱ་སྤྱོད་ཡོད་ན་ཇི་ལྟར་བྱ་དགོས་སམ།
གལ་ཏེ་རང་ཉིད་ལ་བྱི་རིམས་འགོས་པའི་ཉེན་ཁ་ཆེ་བའི་བྱ་སྤྱོད་ཡོད་ན།དངངས་སྐྲག་མི་སྐྱེས་པར་རང་གིས་རང་ལ་གསོ་རིག་ལྟ་ཞིབ་ཡག་པོ་བྱེད་པའམ་ཡང་ན་ས་གནས་དེ་གའི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་ཁུངས་ལ་རང་འགུལ་ངང་རེ་ཞུ་བྱས་ཏེ།ཆེད་ལས་ཀྱི་ཁྲིད་སྟོན་འཐོབ་དགོས། དཔེར་ན། ཚ་བ་རྒྱས་པ་དང་རྨེན་མདུད་སྐྲངས་པ།གློ་ལུ་རྒྱག་པ་སོགས་ཀྱི་ནད་རྟགས་བྱུང་ན་མྱུར་དུ་ཉེ་འགྲམ་གྱི་སྨན་ཁང་དུ་སོང་ནས་སྨན་བཅོས་བྱ་དགོས།
11. གལ་ཏེ་རང་ཉིད་སྡོད་སའི་གྲོང་རྡལ་ལམ་ཉེ་འཁོར་ས་ཁུལ་དུ་སྲོག་ཆགས་བར་གྱི་བྱི་རིམས་རིམས་ནད་བྱུང་ཚུལ་མཐོང་བའམ་ཡང་ན་མིའི་བར་ལ་བྱི་རིམས་བྱུང་ན་ཇི་ལྟར་བྱ་དགོས་སམ།
གཅིག་ནི་དངངས་སྐྲག་མི་སྐྱེས་པར་རང་གིས་རང་ལ་གསོ་རིག་ལྟ་ཞིབ་ཡག་པོ་བྱ་དགོས།དཔེར་ན། ཚ་བ་རྒྱས་པ་དང་རྨེན་མདུད་སྐྲངས་པ།གློ་ལུ་རྒྱག་པ་སོགས་ཀྱི་ནད་རྟགས་བྱུང་ན་མྱུར་དུ་ཉེ་འགྲམ་གྱི་སྨན་ཁང་དུ་སོང་ནས་སྨན་བཅོས་བྱ་དགོས། སྨན་པ་བསྟེན་སྐབས་རང་འགུལ་ངང་རང་ཉིད་ཀྱི་ཉེ་འཁོར་དུ་སྲོག་ཆགས་བར་དུའམ་ཡང་ན་མིའི་བར་དུ་བྱི་རིམས་ཀྱི་རིམས་ནད་བྱུང་ཚུལ་སྨན་པར་ཞུ་དགོས།
གཉིས་ནི་ངེས་པར་དུ་གཟབ་ནན་གྱིས“མི་བྱེད་པ་གསུམ་དང་སྙན་ཞུ་གསུམ”བྱ་དགོས། དུས་མཚུངས་སུ་ནད་ཀྱིས་ཤི་བའི་བྱི་བ་རིགས(འཕྱི་བ་འདུས)དང་། རི་བོང་། ཝ་མོ། སྤྱང་ཀི། ཁྱི། བྱི་ལ་སོགས་སྲོག་ཆགས་ལ་མི་རེག་པ་དང་། བྱི་རིམས་འབྱུང་ཡུལ་དུ་བྱི་བའི་རིགས(འཕྱི་བ་འདུས)དང་རི་བོང་སོགས་སྲོག་ཆགས་ཀྱི་ཁུང་བུ་འགྲམ་དུ་ངལ་གསོ་བ།ཡང་ན་སྲོག་ཆགས་ཀྱི་ཁུང་བུ་རྐོ་སློག་བཅས་བྱེད་མི་རུང་།
12. རང་ཉིད་ལ་བྱི་རིམས་འགོས་པའི་དོགས་པ་སྐྱེས་ནས་སྨན་བཅོས་ལས་ཁུངས་སུ་འགྲོ་ན་ཅི་ཞིག་ལ་མཉམ་འཇོག་བྱ་དགོས་སམ།
(1)ས་གནས་དེ་གའི་ནད་རིགས་སྔོན་འགོག་ཚོད་འཛིན་ལས་ཁུངས་ལ་དུས་ཐོག་ཏུ་སྙན་སེང་ཞུ་དགོས།
(2)སྤྱི་སྤྱོད་འགྲིམ་འགྲུལ་ཡོ་བྱད་དུ་སྡོད་མི་རུང་། ཆེས་བཟང་ན120ལ་ཁ་པར་བཏང་ནས་རླངས་འཁོར་དུ་བསྡད་དེ་སྨན་བཅོས་ལས་ཁུངས་སུ་སོང་ནས་སྨན་བཅོས་བྱ་དགོས་པ་མ་ཟད། གནས་ཚུལ་གསལ་བཤད་བྱ་དགོས།
(3)སྒོ་ལ་འགྲོ་དུས་ཁ་ཐུམ་བརྒྱག་དགོས།
(4)སྨན་ཁང་དུ་ཐོན་ན་སྨན་ཁང་གི་བཀོད་སྒྲིག་ལ་ཉན་ནས། རང་འགུལ་གྱིས་རང་ཉིད་ལ་བྱི་རིམས་འགོ་བའི་ཉེན་ཁ་ཆེ་བའི་བྱ་སྤྱོད་ཡོད་པ་དང་། རང་ཉིད་ཀྱི་མཐའ་འཁོར་དུ་ད་དུང་མི་ལ་ཚ་རྒྱས་ཡོད་མེད་སོགས་ཀྱི་ནད་རྟགས་འབྱུང་མིན་ཡར་ཞུ་བྱ་དགོས།
13. གལ་ཏེ་སྨན་བཅོས་ལས་ཁུངས་ཀྱིས་བྱི་རིམས་ནད་རྟགས་དང་འདྲ་བའི་བརྟག་དཔྱད་གཏན་ཁེལ་བྱས་ཚེ་ཇི་ལྟར་བྱ་དགོས་སམ།
དངངས་སྐྲག་མི་སྐྱེས་པར་ཁྲིམས་ལྟར་སྨན་བཅོས་ལས་ཁུངས་ཀྱིས་བཀོད་སྒྲིག་ལ་བརྩི་སྲུང་བྱ་དགོས་པ་མ་ཟད། རང་འགུལ་ངང་གཞོགས་འདེགས་བྱ་དགོས།
14.གལ་ཏེ་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱིས་འབྲེལ་གཏུག་དམ་ཟབ་བྱེད་མཁན་ལ་གཏན་ཁེལ་བྱས་ཚེ་ཇི་ལྟར་བྱ་དགོས་སམ།
དངངས་སྐྲག་མི་སྐྱེས་པར་ཁྲིམས་ལྟར་སྨན་བཅོས་ལས་ཁུངས་ཀྱིས་བཀོད་སྒྲིག་ལ་བརྩི་སྲུང་བྱ་དགོས་པ་མ་ཟད། རང་འགུལ་ངང་གཞོགས་འདེགས་བྱ་དགོས།
མཚོ་ནུབ་ཁུལ་ནད་རིགས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱིས་བསྒྲགས།