མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
ཏང་སྲིད་ཡིག་ཆ།
 

༢༠༡༧ལོའི་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་བྱ་བའི་སྙན་ཞུ།

ཡོང་ཁུངས།:མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲྭ  སྤེལ་དུས།:2017-07-21  རྩོམ་པ་པོ།:མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲྭ་བ།  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློགས་གྲངས།:

2017ལོའི་ཟླ1པོའི་ཚེས15ཉིན་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དྲུག་པའི་སྟེང་།

ཧྲིན་ཀྲང་ཚབ་མ། ཝང་ཅན་ཅུན།

འཐུས་མི་རྣམ་པ།

   ད་ལྟ། ངས་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཚབ་བྱས་ནས་ཚོགས་ཆེན་ལ་བྱ་བའི་སྙན་ཞུ་འབུལ་རྒྱུ་ཡིན་པས།ཁྱེད་རྣམ་པས་གྲོས་ཞིབ་གནང་རོགས། དེར་མ་ཟད་སྲིད་གྲོས་ཨུ་ཡོན་ལྷན་རྒྱས་ཀྱིས་བསམ་འཆར་གནང་རོགས་ཞུ།

གཅིག 2016ལོའི་བྱ་བར་ཕྱིར་བལྟ་བྱེད་པ།

   2016ལོ་ནི་མཚོ་སྔོན་ལ་མཚོན་ན་ལམ་རྟགས་རྡོ་རིང་ལྟ་བུའི་དོན་སྙིང་ལྡན།ཟླ3པའི་ཚེས10ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བའི་མཚོ་སྔོན་འཐུས་མི་ཚོགས་པའི་གྲོས་ཞིབ་སྟེང་ཕེབས་པ་དང།ཟླ8པའི་ཚེས22ནས་ཚེས24ཉིན་སླར་ཡང་མཚོ་སྔོན་དུ་ཆིབས་ཁ་བསྒྱུར་ཏེ་བྱ་བ་དག་ལ་གཟིགས་ཞིབ་དང་མཛུབ་སྟོན་གནང་བས།བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་མཚོ་སྔོན་གྱི་བྱ་བར་བརྩི་མཐོང་ཆེན་པོ་དང་མཚོ་སྔོན་གྱི་རིགས་སོ་སོའི་མི་དམངས་ལ་བྱམས་བརྩེ་ལྡན་པའི་ཐུགས་ཁུར་གནང་གིན་ཡོད་པ་གསལ་བོར་མཚོན།ལོ་གཅིག་གི་རིང་ལ། ང་ཚོས་བློ་བརྟན་འགྱུར་མེད་ཀྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་པ་དོན་འཁྱོལ་མཐར་ཕྱིན་བྱས་ཤིང།ཞིང་ཆེན་ཏང་ཨུའིི་ཞུམ་མེད་ཀྱི་མགོ་ཁྲིད་འོག་ཏུ། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་འབྲལ་མེད་དུ་རྒྱབ་བརྟེན་ཞིང་།བཅོས་སྒྱུར་འཕེལ་རྒྱས་བརྟན་འཇགས་ཀྱི་བྱ་བ་མཐའ་དག་ཏན་ཏིག་གིས་སྤེལ་བས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་སྤྱིའི་ཆ་ནས་བརྟན་རླིང་ཡིན་ལ།བརྟན་རླིང་ངང་བཟང་ཕྱོགས་སུ་འཕེལ་ཡོད། ཞིང་ཆེན་ཡོངས་ཀྱི་ས་གནས་ཐོན་སྐྱེད་བསྡོམས་ཐང་སྒོར་དུང་ཕྱུར2572.49མངོན་འགྱུར་བྱས་ཏེ། ལོ་སྔོན་མ་དང་བསྡུར་ན8%ཡས་མས་འཕར་བ་དང། ས་གནས་ཀྱི་སྤྱི་པའི་ནོར་སྲིད་ཡོང་འབབ་བུག་ཚངས་མཐུན་པར8.3%འཕར་ཡོད། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་གྱི་མ་དངུལ་གཏོང་འཇོག10.9%འཕར་བ་དང། སྤྱི་ཚོགས་འཛད་སྤྱོད་དངོས་པོའི་སིལ་འཚོང་བསྡོམས་འབོར11%འཕར་ཡོད། གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་སྤྱོད་འཐུས་ཡོང་འབབ9.4%འཕར་ཡོད་དེེ། ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་བའི་སྟེང་གཏན་ལ་ཕབ་པའི་དམིགས་འབེན་ལས་འགན་ཡོངས་སུ་གྲུབ་ཅིང།ལོ་ལྔའི་འཆར་འགོད་བཅུ་གསུམ་པར་མགོ་ལེགས་པོ་བརྩམས་ཡོད། འདས་པའི་ལོ་གཅིག་གི་བྱ་བར་གཙང་བཤེར་བརྒྱབ་ཚེ།གཤམ་གྱི་ཁྱད་ཆོས་དྲུག་མངོན་གསལ་དུ་སྣང་སྟེ།

  (གཅིག)དཔལ་འབྱོར་སྒྲིག་གཞི་བསྟུད་མུར་ལེགས་སྒྱུར་བྱས།ང་ཚོས་གསོག་འབོར་ལེགས་སྒྲིག་དང་འཕར་འབོར་ལེགས་སྒྱུར། སྤུས་ཚད་མཐོར་འདེགས་བཅས་རྒྱུན་འཁྱོངས་བྱས་ཏེ།འཕེལ་རྒྱས་རྩོལ་ནུས་བརྗེ་སྒྱུར་ལ་སྐུལ་འདེད་བྱས། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞིའི་རང་བཞིན་གྱི་བཅོས་སྒྱུར་ལ་ཕན་འབྲས་ཐོན་མགོ་བརྩམས་ཡོད།གསུམ་འདོར་གཅིག་ཕྲི་གཅིག་གསབཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། རྣོ་ལྕགས་དང་རྡོ་སོལ་གྱི་ཐོན་ནུས་ལྷག་མ་ཏུན་ཁྲི59སེལ་བར་བྱས་ཤིང། ཚོང་ཟོག་སྡོད་ཁང་གི་གསོག་ཉར་རྒྱ་ཁྱོན25.6%མར་ཆག་པ་དང། གཙོ་གནད་ཁེ་ལས་ཀྱི་བུ་ལོན་ཉེན་ཁ་ནུས་ལྡན་སྒོས་སེལ་ཐབས་བྱས།དཔྱ་ཁྲལ་ཆག་ཡང་དང་གླ་རིན་ཉུང་བསྡུའི་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བར་བྱས་ཏེ། ཁྱོན་བསྡོམས་ཁེ་ལས་ཀྱི་མ་རྩ་སྣ་ཚོགས་སྒོར་དུང་ཕྱུར60ལ་ཉེ་བ་གྲོན་ཆུང་བྱས། གཞི་རྩའི་སྤྱི་པའི་ཞབས་ཕྱི་ཁྱབ་ཁོངས་སུ་མ་དངུལ་གཏོང་འཇོག་ཇེ་མང་དུ་བཏང་སྟེ།ཞན་ཆ་ཁ་གསབ་བྱས་པར་ཕན་འབྲས་མངོན་གསལ་ཐོབ། ཐོན་ལས་སྒྲིག་གཞི་མུ་མཐུད་དུ་ལེགས་སྒྱུར་བྱས།བཟོ་ལས་ནི་གཞི་ཁྱོན་ཅན་དང་ཁྱུ་འདུས་ཅན་གྱི་ཕྱོགས་སུ་འཕེལ་རྒྱས་བྱུང་ཡོད་དེ། ཐོན་ཁུངས་གསར་བ་གོམ་ཁ་བརྟན་པོ་གོང་དུ་འཕེལ་ཞིང།རྒྱུ་ཆ་གསར་བ་དང་སྒྲིག་ཆས་བཟོ་སྐྲུན་ལས་རིགས་སོ་ས14.8%དང35.1%འཕར་བ་དང། གླིང་ཁུལ་གཅིག་འདུས་ཀྱི་ནུས་སྣང་མངོན་གསལ་གྱིས་ཇེ་དྲག་ཏུ་ཕྱིན།ཞིང་ཕྱུགས་ལས་ནི་ཁྱད་ལྡན་ཅན་དང་སྤུས་ལེགས་ཅན་གྱི་ཕྱོགས་སུ་འཕེལ་རྒྱས་བྱུང་ཡོད་ལ། མཐོ་སྒང་གི་ལྗང་མདོག་དང་སྐྱེ་ལྡན།སེ་མོད་ཅན་གྱི་ཞིང་ཕྱུགས་ཐོན་རྫས་ཀྱི་ཚོང་རྟགས་གྲགས་ཅན་སྐྲུན་པར་གཙིགས་འཛིན་བྱས་ཡོད།འདེབས་འཛུགས་ལས་རིགས་ཀྱི་སྒྲིག་གཞི་རིམ་བཞིན་འབྲུ་འབྱོར་གཟན་གསུམ་གྱི་སྣ་གསུམ་སྒྲིག་གཞིའི་ཕྱོགས་སུ་འཕོ་འགྱུར་བྱུང་ཞིང།སྐྱེ་ཁམས་ཕྱུགས་ལས་ཚོད་ལྟའི་ཁུལ་འཛུགས་སྐྲུན་ལ་གྲུབ་འབྲས་གསར་བ་ཐོབ། ཞབས་ཕྱི་ལས་རིགས་ནི་ཆེད་ལས་ཅན་དང་རྣམ་པ་གསར་བ་ཅན་གྱི་ཕྱོགས་སུ་འཕེལ་རྒྱས་བྱུང་ཞིང།ལས་རྣམ་གསར་བ་རྒྱུན་ཆད་མེད་པར་བྱུང་སྟེ། དཔལ་འབྱོར་འཕར་བའི་ཐད་ལ་བྱས་རྗེས་བཞག་ཚད་དེ་ཐོག་དང་པོར་བཟོ་ལས་ལས་བརྒལ་ཞིང།འཛད་སྤྱོད་ཅུང་མགྱོགས་པའི་སྒོ་ནས་འཕར་བའི་རྣམ་པ་མངོན་ཡོད་ལ། ཡུལ་སྐོར་ཐད་ཀྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར300ལས་བརྒལ། མ་དངུལ་གཏོང་འཇོག་གི་སྒྲིག་གཞི་བསྟུད་མུར་ལེགས་བཅོས་བྱས་ཏེ།ཐོན་ལས་དང་པོའི་མ་དངུལ་གཏོང་འཇོག7.4%འཕར་བ་དང། ཐོན་ལས་གསུམ་པའི་མ་དངུལ་གཏོང་འཇོག31.5%འཕར་ཏེ་སྡུར་ཚད58.6%ལ་སླེབས། དམངས་ཁྲོད་ཀྱི་མ་དངུལ་གཏོང་འཇོག་ནི་ལྡོག་གྲངས་ནས་དངོས་སུ་གྱུར་ཏ9.4%འཕར་བ་རེད། དགོས་མཁོ་གསར་པར་འཕྲོད་པའི་འདོན་སྤྲོད་གོ་ཆོད་གསར་གཏོད་བྱས་པ་བརྒྱུད་དེ།སྒྲིག་གཞི་སྔར་བས་ལེགས་པ་དང་སྤུས་ཚད་སྔར་བས་མཐོ་བ། ཕན་འབྲས་སྔར་བས་བཟང་བའི་ཕྱོགས་སུ་འཕེལ་རྒྱས་ཡོང་བ་མངོན་འགྱུར་བྱས།

  (གཉིས)རྨང་གཞིའི་སྒྲིག་བཀོད་བསྟུད་མུར་ཇེ་དྲག་ཏུ་བཏང།ང་ཚོས་ད་སྔར་གཞི་བཙུགས་ནས་ཕུགས་རིང་བོར་དམིགས་པ་རྒྱུན་འཁྱོངས་དང། གནད་འགག་ཁྱབ་ཁོངས་དང་ཉམ་ཐག་ལྷུ་ཚིགས་བསྡིགས་ཁུང་སྤྲད་དེ།རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་མགྱོགས་མྱུར་ངང་ཁ་གསབ་བྱས་ཡོད། ཕྱོགས་བསྡུས་་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་མགྱོགས་མྱུར་གྱིས་གྲུབ་སྟེ།གཙོ་གནད་གཞུང་ལམ་ལས་གཞི9ལེགས་འགྲུབ་བྱུང་སྟེ་རླངས་འཁོར་ཤར་གཏོང་བྱེད་ཀྱིན་ཡོད་ལ།གོར་ཏུན་ལྕགས་ལམ་གྱི་དབྱིན་མཱ་ཞ་ནས་མཱ་ཧའེ་བར་དུ་མེ་འཁོར་བཏང་ནས་ལས་གཉེར་བྱེད་ཀྱིན་ཡོད།ཟི་ལིང་བདེ་བགྲོདལས་གྲྭ་བདེ་བླག་ངང་སྤེལ་གྱིན་ཡོད་ལ། མགོ་ལོག་གནམ་གྲུ་ཐང་དུ་གནམ་གྲུ་འཕུར་གཏོང་བྱས་པ་དང།ཚའོ་ཅཱ་པོ་གནམ་གྲུ་ཐང་གི་སྤྱི་ཁོག་འཆར་འགོད་ལ་དངོས་སུ་ཆོག་མཆན་ཐོབ། ཆུ་བེད་ལས་གྲྭར་ཐོལ་བརྒལ་ཆེན་པོ་བྱུང་ཡོད་དེ།འཇུ་ལག་ཆུ་བོ་ཙོང་ཆུར་འདྲེན་པའི་སྤྱིའི་མ་ཡུར་ལ་ཆུ་དྲངས་པ་དང། ནུབ་ཀྱི་མ་ཡུར་དང་བྱང་གི་མ་ཡུར་ལས་སྐབས་གཉིས་པ་འཛུགས་སྐྲུན་བྱེད་མགོ་བརྩམས།ཞིས་ཅི་ཆུ་འགག་ལྟེ་གནས་དང་རྨ་ཆུའི་གཞུང་རྒྱུན་གྱི་ཆུ་ལོག་འགོག་བཅོས། ལ་ཞོལ་མའི་ཞིང་ཆུ་གཏོང་འདྲེན་སོགས་ཆུ་བེད་ལས་གྲྭ་གཙོ་བོ་དག་ཕྱོགས་ཡོངས་ནས་སྤེལ་གྱིན་ཡོད།ལྗང་མདོག་ནུས་ཁུངས་དཔེ་སྟོན་ཞིང་ཆེན་དངོས་སུ་འཛུགས་སྐྲུན་བྱས་མགོ་བརྩམས་ཏེ། དྭངས་གཙང་ནུས་ཁུངས་ཐོག་དང་པོར་ཞིང་ཆེན་བརྒལ་ནས་ཕྱི་ལོགས་སུ་བཙོངས་པ་དང།འོད་ཝོལ་གློག་འདོན་འཕྲུལ་འཁོར་སྟོང་ཝ་ས་ཡ7ལ་ཉེ་བ་བསྒྲིགས། མགོ་ལོག་གི་རྫོང་གསུམ་གློག་དྲར་སྦྲེལ་བའི་ལས་གྲྭ་ཡོངས་སུ་ལེགས་འགྲུབ་བྱུང་སྟེ།གློག་མེད་པའི་གླིང་ཕྲན་ཁེར་རྐྱང་གློག་དྲར་སྦྲེལ་བས། ཞིང་ཆེན་ཡོངས་སུ་གློག་དྲ་ཆེན་མོ་རྫོང་ཁོངས་ཡོངས་སུ་ཁེབས་པ་མངོན་འགྱུར་བྱས།ཆ་འཕྲིན་ཅན་འཛུགས་སྐྲུན་ཕྱོགས་ཡོངས་ཇེ་མགྱོགས་སུ་བཏང་སྟེ། ཐགས་ཡངས་མཚོ་སྔོན་མགྱོགས་མྱུར་ངང་སྐུལ་སྤེལ་བྱས་པ་དང།ཟི་ལིང་ནིཐགས་ཡངས་ཀྲུང་གོའིདཔེ་སྟོན་གྲོང་ཁྱེར་དུ་བདམས་ཐོན་བྱུང་ཞིང། རྒྱལ་ཡོངས་ཀྱི་བོད་ཡིག་གི་ཆ་འཕྲིན་འཚོལ་བཤེར་མ་ལག་ཐོག་མཡོངས་འཛིནདྲ་ལམ་དུ་ཤར་གཏོང་བྱས།འདི་ཐམས་ཅད་ཀྱིས་དཔལ་འབྱོར་སྤྱི་ཚོགས་གོང་དུ་སྤེལ་བའི་འདེགས་སྐྱོར་དང་རྟིང་ཤུགས་སྔར་ལས་ལྷག་པར་ཇེ་དྲག་ཏུ་བཏང།

   (གསུམ)མཐུན་སྦྱོར་འཕེལ་རྒྱས་བསྟུད་མུར་མཐོར་འདེགས་བཏང་།ང་ཚོས་གྲོང་ཁྱེར་གྲོང་གསེབ་གཞི་གཅིག་དང་ས་ཁོངས་བར་མཉམ་སྒྲུབ་རྒྱུན་འཁྱོངས་དང། ཡུལ་བབས་ལ་བསྟུན་གང་འཚམ་དང་རིགས་དགར་ནས་མཛུབ་སྟོན་བྱས་ཏེ།མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་བྱས། མཁར་གྲོང་ཅན་གྱི་ཆུ་ཚད་བསྟུད་མུར་མཐོར་འདེགས་བཏང་སྟེ།ཁྱིམ་ཐོ་ལམ་ལུགས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་དང། གྲོང་ཁྱེར་གྲོང་གསེབ་གཞི་གཅིག་ཏུ་བསྒྱུར་བའི་འགྲོས་རིམ་ཇེ་མགྱོགས་ཇེ་མཐོར་བཏང་ཞིང།རྫོང་ཁོངས་དཔལ་འབྱོར་སྣེ་མང་ཅན་གྱི་ཕྱོགས་སུ་འཕེལ་རྒྱས་བཏང། མཛེས་པའི་མཁར་གྲོང16དང་མཐོ་སྒང་གི་མཛེས་པའི་གྲོང་ཚོ300འཛུགས་སྐྲུན་བྱེད་པའི་ལོ་འཁོར་ལས་འགན་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱུང་ཞིང།ཆུ་འཁོར་གྲོང་རྡལ་དང་ཚྭ་ཁ་གྲོང་རྡལ་གཉིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་གྲོང་རྡལ་སྐོར་དང་པོའི་གྲས་སུ་བདམས།གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཕེལ་རྒྱས་སྔར་བས་མཐུན་སྦྱོར་ཡིན་པའི་ཕྱོགས་སུ་འཕེལ་ཏེ།ཞིང་སྡེའི་གཞུང་ལམ་སྤྱི་ལེ7000གསར་སྐྲུན་བྱས་པ་དང། ཞིང་སྡེའི་འཐུང་ཆུ་བདེ་འཇགས་སྲ་བརྟན་དང་མཐོར་འདེགས་གཏོང་བའི་ལས་གྲྭ་ཕྱོགས་ཡོངས་ནས་མགོ་བརྩམས་པས།མང་ཚོགས་མི་ཁྲི39.4ཡི་འཐུང་ཆུའི་ཚད་གཞི་མངོན་གསལ་གྱིས་ཇེ་མཐོར་བཏང།རྒྱལ་ཡོངས་ཀྱི་སྔོན་དུ་གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་གཞི་རྩའི་སྨན་བཅོས་འགན་བཅོལ་ལ་ཞིང་ཆེན་རིམ་པ་ནས་གཅིག་གྱུར་བཀོད་འདོམས་བྱས་ཤིང།སྡེ་བ151ལ་གཞི་རིམ་ཕྱོགས་བསྡུས་རང་བཞིན་གྱི་རིག་གནས་ཞབས་ཕྱི་ལྟེ་གནས་འཛུགས་སྐྲུན་བྱས།ས་ཁོངས་ཆགས་སྟངས་མུ་མཐུད་དུ་ལེགས་སྒྱུར་བྱས་ཏེ། ཤར་རྒྱུད་ཀྱི་གྲོང་ཁྱེར་ཁྱུ་ཚོགས་ཀྱི་སྣེ་འདྲེན་སྐུལ་ཁྲིད་བྱེད་ནུས་བསྟུད་མུར་ཇེ་དྲག་ཏུ་ཕྱིན་ཅིང།མཚོ་བལ་གྲོང་ཁྱེར་དང་ས་འོག་ཕྱོགས་བསྡུས་སྦུག་ཁྱམས་ཀྱི་ཚོད་ལྟའི་གནས་བདེ་བླག་ངང་སྤེལ།མཚོ་ནུབ་ཀྱི་རིགས་བསྒྱུར་གོང་སྤེལ་ལ་རྒྱབ་སྐྱོར་བྱེད་པའི་ཐབས་བཀོད40དངོས་སུ་སྤེལ་ནས་འབྲས་བུ། མཚོ་སྔོན་པོའི་མཐའ་འཁོར་དང་མཚོ་སྔོན་ལྷོ་རྒྱུད་ས་ཁུལ་གྱི་སྐྱེ་ཁམས་ཐོན་ལས་མགྱོགས་མྱུར་ངང་གོང་དུ་སྤེལ་བ་དང།བདེ་འཇགས་དར་སྤེལ་ལས་གྲྭ་བསྟུད་མུར་སྐུལ་སྤེལ་བྱས། དགེ་མཚན་གསབ་རེས་དང་ཁྱད་ཆོས་འབུར་ཐོན།འཕེལ་རྒྱས་འགྲན་རྩོད་བྱེད་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་ཁོངས་ཆགས་སྟངས་འགྲུབ་བཞིན་པའི་སྒང་ཡིན།

  (བཞི)སྐྱེ་ཁམས་ཁོར་ཡུག་བསྟུད་མུར་བཟང་ཕྱོགས་སུ་འཕེལ།ང་ཚོས་སྐྱེ་ཁམས་སྲུང་སྐྱོང་དང་ལམ་ལུགས་འཛུགས་སྐྲུན་མཉམ་དུ་དམ་འཛིན་དང། ལས་གྲྭས་བཅོས་སྐྱོང་དང་རང་བྱུང་སླར་གསོ་ཁྱད་མེད་དུ་གཙིགས་འཛིན་བྱས་ཏེ།འབད་བརྩོད་ལྷོད་མེད་སྒོས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་སྐུལ་སྤེལ་བྱས། གཙང་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་སྤྱི་གླིང་ལམ་སྲོལ་གྱི་ཚོད་ལྟའི་གནས་ཕྱོགས་ཡོངས་ནས་སྤེལ་ཏེ།ཞིང་ཆེན་དང་ཁུལ། རྫོང། ཤང། སྡེ་བ་བཅས་རིམ་པ་ལྔའི་དོ་དམ་དངོས་གཞི་བཙུགས་ཚར་བ་དང། གནས་རྣམས་ཐིག་ཏུ་འབྲེལ་ཞིང། དྲ་བ་ངོས་སུ་གྲུབ་པའིདོ་དམ་སྲུང་སྐྱོང་མ་ལག་རིམ་གྱིས་གྲུབ་སྟེ། ལོ་འཁོར་གྱི་ལས་འགན་ཐམས་ཅད་ལེགས་འགྲུབ་བྱུང།སྐྱེ་ཁམས་དཔལ་ཡོན་གྱི་ལམ་ལུགས་མ་ལག་མགྱོགས་མྱུར་ངང་བཙུགས་ཏེ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་དམིགས་འབེན་ལ་གདེང་འཇོག་དཔྱད་ཞིབ་བྱེད་ཐབས་གཏན་ལ་ཕབ་ཅིང།རྒྱལ་ཁབ་རིམ་པའི་གཙོ་གནད་སྐྱེ་ཁམས་རྩོལ་ནུས་ཁུལ་གྱི་རང་བྱུང་ཐོན་ཁུངས་རྒྱུ་ནོར་གྱི་བུ་ལོན་རེའུ་མིག་སྒྲིག་བཟོ་བྱེད་པའི་ཚོད་ལྟའི་གནས་སྤེལ།མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའིགདུང་བཞི་ཀ་བརྒྱདཀྱི་སྐྱེ་ཁམས་དཔལ་ཡོན་ལམ་ལུགས་མ་ལག་མུ་མཐུད་དུ་འཐུས་སྒོ་ཚང་བར་བྱས།སྐྱེ་ཁམས་ལས་གྲྭ་གལ་ཆེན་དག་ཏན་ཏིག་གིས་སྐུལ་སྤེལ་བྱས་ཏེ། གཙང་གསུམ་འབྱུང་ཡུལ་གྱི་ལས་སྐབས་གཉིས་པ་དང་མདོ་ལ་རིང་མོ།རྨོ་སྐྱུར་ནགས་འཛུགས། རང་བྱུང་ནགས་ཚལ་སྲུང་སྐྱོང་སོགས་ཀྱི་སྐྱེ་ཁམས་ལས་གྲྭ་མགྱོགས་མྱུར་ངང་ལག་བསྟར་བྱས་པས།སྐྱེ་ཁམས་ཀྱི་རྣམ་པ་ཉིན་རེ་བཞིན་དུ་ཇེ་ལེགས་སུ་འགྲོ་བཞིན་ཡོད། གཙོ་གནད་ཀྱི་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་བྱས་པར་ཕན་འབྲས་མངོན་གསལ་ཐོབ་ཡོད་དེ།མེ་རི་གཏེར་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་གི་དུས་སྐབས་རང་བཞིན་གྱི་ལས་འགན་ལེགས་འགྲུབ་བྱུང་ཞིང།གྲོང་ཁྱེར་གཙོ་གྲས་ཀྱི་མཁའ་དབུགས་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་སྡུར་ཚད75.5%ལ་སླེབས་ཡོད། ཙོང་ཆུ་ཞིང་ཆེན་ཕྱི་རུ་བཞུར་བའི་བཅད་ངོས་ཀྱི་རིགསཅན་གྱི་ཆུ་གཤིས་སྡུར་ཚད83.3%ལ་སླེབས་པ་དང། སྔོན་དཔག་ལྟར་ན་ཞིང་ཆེན་ཡོངས་ཀྱི་འཇལ་བྱེད་ཐོན་སྐྱེད་བསྡོམས་ཐང་གི་ནུས་ཁུངས་ཟད་ཚད6%ཡས་མས་མར་ཆག་པ་དང། སྦགས་དངོས་གཙོ་བོ་ཉུང་འདོར་བྱེད་པའི་དམིགས་འབེན་ཁྱོན་ནས་ལེགས་འགྲུབ་བྱུང།མི་རིགས་སོ་སོའི་མང་ཚོགས་ཀྱིས་སྔོ་བསང་གི་ནམ་མཁའ་དང་དྭངས་གཙང་གི་མཁའ་དབུགས། ལྷད་མེད་ཀྱི་འཐུང་ཆུ་བཅས་ལོངས་སུ་སྤྱོད་པའི་རེ་སྨོན་ཐམས་ཅད་རིམ་པ་བཞིན་དུ་མངོན་འགྱུར་བྱེད་ཀྱིན་ཡོད་ལ།ལྗང་མདོག་གི་རྙེད་ཐོབ་བསམ་པ་མུ་མཐུད་དུ་མཐོར་འདེགས་བཏང།

  (ལྔ)བཅོས་སྒྱུར་སྒོ་འབྱེད་བསྟུད་མུར་གཏིང་ཟབ་ཏུ་སྤེལ།ང་ཚོས་རྟིང་གཞི་བརྡུངས་ནས་རྩིག་པ་རྒྱག་པ་དང་ཀ་བ་བརྩེངས་ནས་གདུང་མ་འཇོག་པ་རྒྱུན་འཁྱོངས་བྱས་ཤིང།རྒྱལ་མིང་རྟགས་ཅནཆེན་པོ་གསུམ་གྱི་བཅོས་སྒྱུར་གྱིས་སྣེ་འཁྲིད་དེ། ཁྱབ་ཁོངས་གལ་ཆེན་དང་གནད་འགག་ལྷུ་ཚིགས་ཀྱི་བཅོས་སྒྱུར་ལ་ཤུགས་བཏོན་ནས་ལེགས་པོར་སྤེལ།གཤམ་སྤྲོད་དོ་དམ་ཞབས་ཕྱི་གསུམགྱི་བཅོས་སྒྱུར་ཁྱབ་ཆེ་ཞིང་གཏིང་ཟབ་པར་སྐུལ་སྤེལ་བྱས་ཏེ།སྲིད་གཞུང་གི་འགན་ནུས་སྒྱུར་ཚད་ཇེ་མགྱོགས་སུ་བཏང་བ་དང། སྲིད་འཛིན་ཞིབ་མཆན་འགོད་དབང409ཉུང་འཕྲི་དང་གཤམ་སྤྲོད་བྱས། ཞིང་ཆེན་དང་གྲོང་ཁྱེར(ཁུལ)དང་རྫོང་གི་སྲིད་འཛིན་ཞབས་ཕྱི་ལྟེ་གནས་ཡོངས་རྫོགས་ལེགས་འགྲུབ་བྱུང་སྟེ་ལས་གཉེར་བྱེད་ཀྱིན་ཡོད་ལ།སྲིད་གཞུང་སྡེ་ཁག་གི་དབང་ཆ་དང་འགན་འཁྲིའི་གསལ་ཐོ་ཕྱོགས་ཡོངས་ནས་སྤྱི་བསྒྲགས་བྱས། ཚོང་དོན་ལམ་ལུགས་ཀྱི་བཅོས་སྒྱུར་ལ་ཤེད་ཤུགས་དང་གོ་རིམ་ལྡན་ཏེ།ཞིང་ཆེན་དང་གྲོང་ཁྱེར་དང་རྫོང་བཅས་རིམ་པ་གསུམ་གྱིདཔང་ལྔ་གཅིག་ལྕོགས་དང། དཔང་གཉིས་ཧྲིལ་སྡེབ། ཨང་རྟགས་ལོགས་འགོདམངོན་འགྱུར་བྱས་ཤིང། སྐབས་བསྟུན་གཉིས་དང་མངོན་གསལ་གཅིགགི་ལྟ་སྐུལ་དོ་དམ་ཕྱོགས་ཡོངས་ནས་སྐུལ་སྤེལ་བྱས། ཁྲོམ་རའི་གཙོ་གཞི་ཁྲི7.3གསར་དུ་འཕར་ཡོད། གསར་གཏོད་ཀྱིས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་པའི་འཐབ་ཇུས་གཏིང་ཟབ་ཏུ་ལག་བསྟར་བྱས་ཏེ།གསར་གཏོད་ཅན་གྱི་མཚོ་སྔོན་འཛུགས་སྐྲུན་དེགོམ་གསུམ་དུ་བགྲོད་པའིདམིགས་འབེན་གཏན་ཁེལ་བྱས་པ་དང། མཚོ་སྔོན་སློབ་གྲྭ་ཆེན་མོའི་ཕྱོགས་བསྡུས་སྟོབས་ཤུགས་མཐོར་འདེགས་ལས་གྲྭ་ཕྱོགས་ཡོངས་ནས་མགོ་བརྩམས་ཤིང།ཚོང་རྟགས་གྲགས་ཅན་གྱི་སྤུས་ཚད་ལྟ་འཇལ་མ་ལག་འཐུས་ཚང་དུ་བཏང། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་དང་མཐོ་སྒང་ཞིང་ཕྱུགས་ལས་རིགས་དང།བོད་སྨན་གསར་བ་འདོན་སྤེལ་གྱི་རྒྱལ་ཁབ་གཙོ་གནད་དངོས་བཤེར་ཁང་ལེགས་འགྲུབ་བྱུང་བས། རང་ཞིང་གི་སྟོང་ཆ་གསབ་ཡོད།རྒྱལ་དབང་རྒྱུ་ནོར་དང་རྒྱལ་དབང་ཁེ་ལས་ཀྱི་བཅོས་སྒྱུར་མུ་མཐུད་དུ་ཟབ་སྤེལ་བྱས་ཏེ། རྒྱལ་དབང་ཁེ་ལས་ཀྱིས་དབང་བའི་ལམ་ལུགས་འདྲེས་མའི་དཔལ་འབྱོར་གོང་དུ་སྤེལ་བ་སོགས་ཀྱི་སྲིད་ཇུས་དང་བསམ་འཆར་བཏོན་པ་དང།ཞིང་ཆེན་གྱི་རྒྱལ་ཁབ་མ་དངུལ་གཏོང་འཇོག་ཀུང་སི་དང་ཚྭ་མཚོ་མ་རྐང་བཅོས་སྒྱུར་གྱི་ཚོད་ལྟའི་གནས་ལ་དུས་སྐབས་རང་བཞིན་གྱི་གྲུབ་འབྲས་ཐོབ།རྒྱལ་དབང་རྒྱུ་ནོར་གྱི་གནས་ཐང་སྲུང་འཕར་བྱས་ཕྱོད101.1%ལ་སླེབས་ཤིང། རྒྱལ་དབང་མ་རྩ་དང་རྒྱལ་དབང་ཁེ་ལས་ཀྱི་སྤུས་ཚད་ཇེ་མཐོ་དང་ཕན་འབྲས་ཇེ་ཆེ་ཕྱིན།ནོར་ཁྲལ་དངུལ་རྩའི་བཅོས་སྒྱུར་གོམ་ཁ་བརྟན་པོར་སྤེལ་ཏེ། ནོར་སྲིད་མ་དངུལ་སྒོར་ཧྲིལ་སྡེབ་ཀྱིས་བཀོད་སྒྲིག་བྱས་ཤིང།སྲིད་གཞུང་གིས་སྣེ་འཁྲིད་པའི་ཐེབས་རྩ10བཙུགས་པས།སྤྱི་ཚོགས་མ་དངུལ་གཏོང་འཇོག་བྱེད་པར་ནུས་ལྡན་སྒོས་སྐུལ་མ་བཏང། ཕྱོགས་ཡོངས་ནསལས་གཉེར་དཔྱ་ཁྲལ་དེ་རིན་འཕར་དཔྱ་ཁྲལ་དུ་བསྒྱུར་བདང། ཐོན་ཁུངས་དཔྱ་ཁྲལ་གྱི་བཅོས་སྒྱུར་ལས་འགན་ཡོངས་སུ་བསྒྲུབས་ཤིང།དཔྱ་ཁྲལ་ལམ་ལུགས་བརྟན་རླིང་ངང་བརྗེ་སྒྱུར་བྱས། ཐད་ཀའི་མ་དངུལ་བསྡུ་རུབ་སྒོར་དུང་ཕྱུར600ལས་བརྒལ་བ་དང། ཀུན་ཕན་དངུལ་རྩའི་ཕྱོགས་བསྡུས་དཔེ་སྟོན་ཁུལ་རང་ཞིང་དུ་བཙུགས།སྒོ་འབྱེད་ལ་བརྟེན་ནས་ཡར་འཐེན་པའི་འཐབ་ཇུས་གཏིང་ཟབ་ཏུ་ལག་བསྟར་བྱས་ཏེ། ཟི་ལིང་ནས་ཏུང་ཅིན་དང་ཁལ་ལུང་ཕུ་ལ་འཕུར་བའི་རྒྱལ་སྤྱིའི་མཁའ་ལམ་ཕྱེས་པས།རྒྱལ་སྤྱིའི་མཁའ་ལམ6ཡོད་པར་གྱུར་ཅིང། གནམ་གྲུས་འགྲུལ་བ་སྐྱེལ་འདྲེན་བྱས་ཚད་མི་ཐེངས་ས་ཡ5ལས་བརྒལ། ཀྲུང་ཡོབ་བར་གྱི་གནམ་གྲུ་མཚོ་སྔོན་རྟགས་ཅན་བདེ་བླག་ངང་འཕུར་མགོ་བརྩམས་ཤིང།ཚའོ་ཅཱ་པོ་ཁྲལ་སྲུང་ཟོང་སྐྱེལ་ལྟེ་གནས་ཀྱིས་དངོས་སུ་ལས་གཉེར་བྱས། མཚོ་སྔོན་ཚོང་གཏམས་ཚོགས་འདུ་དང་མཚོ་སྐོར་ལྕགས་རྟ་འགྲན་སྡུར་སོགས་དཔལ་འབྱོར་ཉོ་ཚོང་དང་རིག་གནས་ལུས་རྩལ་བྱེད་སྒོ་གལ་ཆེན་དག་རྩ་འཛུགས་ཞིབ་ཚགས་བྱས་ཤིང།ཚོང་འགུགས་དངུལ་འདྲེན་གྱི་ལག་འབྱོར་མ་དངུལ་སྒོར་དུང་ཕྱུར755ལ་སླེབས་ཏེ། 10.8%འཕར།མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་དང་མཉམ་ལས་བྱས་པར་ཕན་འབྲས་གསར་བ་ཐོབ། ཁྱབ་ཁོངས་སོ་སོའི་རྟགས་མཚན་ཅན་དང་སྲོག་ཤིང་ཅན་གྱི་བཅོས་སྒྱུར་ཐབས་བཀོད་བསྟུད་མུར་བཏོན་ནས།མཚོ་སྔོན་གྱི་འཕེལ་རྒྱས་ལ་འགུལ་ནུས་གསར་བ་བསྩལ་ཡོད།

   (དྲུག)དམངས་ཚིས་བསོད་སྐལ་བསྟུད་མུར་ཡར་འཕེལ། ང་ཚོས་དམངས་ཚིས་འགན་སྲུང་དང་ལེགས་བཅོས་བྱེད་པ་དེ་བྱ་བ་ཡོད་དོ་ཅོག་གི་མགོ་འཛིན་ས་དང་རྐང་ཚུགས་སར་འཇོག་པ་རྒྱུན་འཁྱོངས་བྱས་ཤིང།ནོར་སྲིད་ཆུང་ངུས་དམངས་ཚིས་ཆེན་པོ་བསྒྲུབས་ཏེ། དམངས་ཚིས་འགྲོ་སོང་གིས་ནོར་སྲིད་སྤྱིའི་འགྲོ་སོང་གི75.5%ཟིན་ཡོད། དབུལ་སྒྲོལ་འགག་གཏོར་གྱི་གཡུལ་འགྱེད་མགོ་མར་རྒྱལ་ཁ་ཐོབ་ཡོད་དེ།“1+8+10”ཡི་སྲིད་ཇུས་མ་ལག་སྒོ་ཀུན་ནས་སྒྲིག་འཛུགས་དང་ལག་བསྟར་བྱས་པ་དང།སྡེ་སྡོད་རོགས་སྐྱོར་གྱི123”བྱ་བའི་རྐྱེན་སྲོལ་བཙུགས། ཡུལ་སྤོས་དབུལ་སྐྱོར་ལས་གཞིའི་ལས་མགོ་བརྩམས་ཕྱོད་དང་ལས་གྲྭའི་ལས་རིམ་ཚང་མ་རྒྱལ་ཡོངས་ཀྱི་སྔོན་གྲས་སུ་ཡོད་ལ།ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་མཉམ་ལས་དང་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་རིམ་པ་མུ་མཐུད་དུ་ཡར་བསྟད།རྫོང6དང་སྡེ་བ400ཡི་མི་ཁྲི11གི་དབུལ་ཕོངས་ཞྭ་མོ་ཕུད། མཚོ་ནུབ་ཁུལ་གྱིས་ཞིང་ཆེན་ཡོངས་ཀྱི་སྔོན་ལ་དབུལ་སྒྲོལ་ལས་འགན་གཙང་སྒྲུབ་བྱས།ལས་ཞུགས་གནས་བབས་བརྟན་རླིང་གི་རྣམ་པར་སྲུང་འཛིན་བྱས་ཡོད་དེ། མཁར་གྲོང་གི་ལས་ཞུགས་མི་གྲངས་ཁྲི6.35འཕར་བ་དང། རོང་འབྲོག་ཁུལ་གྱི་ངལ་རྩོལ་པ་མི་ཐེངས་ཁྲི119གནས་སྤོ་ལས་ཞུགས་བྱས། མཁར་གྲོང་གི་ལས་ཤོར་ཐོ་འགོད་བྱས་ཕྱོད3.1%ནང་ཚུན་དུ་ཚོད་འཛིན་བྱས་ཡོད་ལ། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་སྤྱིའི་ལས་ཞུགས་བྱས་ཕྱོད89%ལ་སླེབས། ལས་སྤེལ་རུམ་གསོ་རྟེན་གཞི་དང་ལས་སྤེལ་གླིང34གསར་དུ་བཙུགས། སྤྱི་ཚོགས་ལས་དོན་མགྱོགས་མྱུར་ངང་གོང་དུ་སྤེལ་ཏེ།ལོ15ཡི་རིན་མེད་སློབ་གསོ་གོམ་ཁ་བརྟན་པོར་ལག་ལེན་དུ་བསྟར་གྱིན་ཡོད་ལ།མཚོ་སྔོན་དགེ་ཐོན་སློབ་གྲྭ་ཆེན་མོའི་སློབ་ཁུལ་གསར་བ་དང་གཙང་གསུམ་འབྱུང་ཡུལ་མི་རིགས་སློབ་འབྲིང།ཞིང་ཆེན་རིམ་པའིཁང་གསུམདང་ཨ་མདོའི་བོད་སྐད་སྒྱུར་སྐྲུན་ལྟེ་གནས་བཅས་ལེགས་འགྲུབ་བྱུང་སྟེ་བེད་སྤྱོད་གཏོང་གིན་ཡོད།རྒྱང་བསྒྲགས་བརྙན་འཕྲིན་གྱི་ཕྱོགས་བསྡུས་མི་འབོར་ཁེབས་ཕྱོད98.2%ལ་སླེབས། བདེ་ཐང་མཚོ་སྔོན2030”ཞེས་པའི་འགུལ་སྐྱོད་འཆར་གཞི་ལག་བསྟར་བྱས་མགོ་བརྩམས་ཤིང། ཕྱོགས་བསྡུས་གསོ་སྨན་བཅོས་སྒྱུར་ལ་བསྟུད་མུར་འགག་གཏོར་བྱས་པས།མི་རིགས་སོ་སོའི་མང་ཚོགས་ཀྱིནད་ལ་བལྟ་ན་འགྲོ་སོང་ཆེ་བ་དང།ནད་ལ་བལྟ་ན་དཀའ་ངལ་མང་བ། ནད་ལ་བལྟ་ན་ལམ་ཐག་རིང་བའིགནས་ཚུལ་མུ་མཐུད་དུ་ཇེ་ལེགས་སུ་བཏང། བུད་མེད་དང་བྱིེས་པ་གོང་སྤེལ་རྩ་གནད་དང་འཆར་འགོད་ལས་དུས་སྐབས་བར་མའི་དམིགས་འབེན་ཡོངས་སུ་བསྒྲུབས།མཁར་གྲོང་གི་སྤྱིལ་ཁྱིམ་ཁུལ་གྱི་སྡོད་ཁང་ཁྲི8.06སྒྱུར་བཀོད་བྱས་ཤིང། རོང་འབྲོག་པའི་ཉེན་ཁང་དང་ཁང་རྙིང་ཁྲི6.5སྒྱུར་བཀོད་བྱས། སྤྱི་པའི་བདེ་འཇགས་ཆུ་ཚད་སྲ་བརྟན་དང་མཐོར་འདེགས་སུ་བཏང་སྟེེ།ཟས་རིགས་སྨན་རྫས་དང་བདེ་འཇགས་ཐོན་སྐྱེད་ཀྱི་གནས་བབས་བརྟན་བརླིང་དུ་ཆགས་ཡོད་ལ། ཆག་སྒོ་ཆེ་གྲས་ཕན་ནུས་ལྡན་པའི་སྒོ་ནས་བཀག་འགོག་བྱས་ཡོད།མིན་ཡོན་དང་རྫ་སྟོད་ཀྱི་ས་འགུལ་ལ་ཐག་གཅོད་ལེགས་པོ་བྱས་ཏེ། རྒུད་སྐྱོབ་དང་སླར་གསོ་བྱ་བ་ལེགས་པོར་བསྒྲུབས་ཡོད།སྤྱི་ཚོགས་བཅོས་སྐྱོང་གཏིང་ཟབ་ཏུ་སྤེལ་ཞིང། སྤྱི་ཚོགས་ཡོངས་ལ་འཆམ་མཐུན་བརྟན་འཇགས་ཀྱི་རྣམ་པ་ཤར་ཡོད།དངོས་གོང་ལ་ཕན་ནུས་ལྡན་པའི་ཚོད་འཛིན་བྱས་ཏེ། སྡོད་དམངས་ཀྱི་འཛད་སྤྱོད་རིན་གོང་འཕར་ཚད1.8%ལ་ཚོད་འཛིན་བྱས་ཡོད་པས། ཉེ་བའི་ལོ་བཅུའི་རིང་གི་དམའ་ཤོས་ཡིན།དམངས་ཚིས་བསོད་སྐལ་གྱི་ཆུ་ཚད་མུ་མཐུད་དུ་མཐོར་འདེགས་བཏང་བས། མི་རིགས་སོ་སོའི་མང་ཚོགས་ཀྱི་བདེ་སྐྱིད་སྣང་བ་མུ་མཐུད་དུ་ཇེ་མཐོར་ཕྱིན་ཡོད།

   འཐུས་མི་རྣམ་པ། ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་བའི་སྟེང་དུ།ང་ཚོས་ཞིང་ཆེན་ཡོངས་ཀྱི་མི་དམངས་ལ་ཁས་བླངས་པའི་དམངས་ཚིས་སྐོར་གྱི་དོན་དངོས10ཡོངས་སུ་མངོན་འགྱུར་བྱས་ཡོད་ལ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རྩའི་རྒན་གསོ་དང་སྨན་བཅོས།དམའ་སྲུང་སོགས་དམངས་ཚིས་དམིགས་ཚད་སྐོར་གྱིི་རྣམ་གྲངས13ལེགས་སྒྲིག་བྱེད་པའི་ལས་འགན་ཐམས་ཅད་ལེགས་འགྲུབ་བྱས་ཡོད།

    ལོ་གཅིག་གི་རིང་ལ། ང་ཚོས་བློ་བརྟན་འགྱུར་མེད་དང་རང་འགུལ་རང་རྟོགས་ངང་བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་ལ་བསམ་བློའི་ཐད་དང་ཆབ་སྲིད་ཐད་དང་འགུལ་སྐྱོད་ཐད་ནས་གཅིག་གྱུར་ཚད་མཐོན་པོ་ཡོང་བ་རྒྱུན་འཁྱོངས་བྱས་ཏེ།སྲིད་གཞུང་གི་ཁྲིམས་སྐྱོང་འཛུགས་སྤེལ་དང་ལས་ཁུངས་རྩོལ་ནུས། སྤྱོད་བཟང་ལེགས་སྐྱོང་བཅས་ལ་ཡར་རྒྱས་ཐོབ།དམངས་འཐུས་ཚོགས་ཆེན་གྱི་བཅའ་ཁྲིམས་ལྟ་སྐུལ་དང་བྱ་བའི་ལྟ་སྐུལ། སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་བཅས་རང་རྟོགས་སྒོས་དང་ལེན་བྱས་ཤིང།ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་འཆར་ཟིན6ཕུལ་བ་དང། སྲིད་གཞུང་གི་སྒྲིག་སྲོལ4གཏན་ལ་ཕབ། ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་འཐུས་མིའི་གྲོས་གཞི457དང་ཞིང་ཆེན་སྲིད་གྲོས་ཨུ་ཡོན་གྱི་གྲོས་གཞི316ཐག་གཅོད་བྱས། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྤེལ་བྱེད་སྒོ་གཏིང་ཟབ་ཏུ་སྤེལ་ཏེ།འདྲ་མཉམ་མཐུན་སྒྲིལ་རོགས་རེས་འཆམ་མཐུན་ཡིན་པའི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་གསར་བ་སྲ་བརྟན་དང་གོང་འཕེལ་ཏུ་བཏང།རྒྱལ་སྲུང་དང་དམག་དཔུང་གི་དེང་རབས་ཅན་འཛུགས་སྐྲུན་ལ་ཧུར་ཐག་གིས་རྒྱབ་སྐྱོར་བྱས་ཤིང།དམག་སྲིད་དང་དམག་དམངས་འབྲེལ་བ་སྔར་བས་དམ་ཟབ་ཏུ་གྱུར་ཡོད། གཉིས་སློབ་གཅིག་བྱེདཀྱི་སློབ་སྦྱོང་སློབ་གསོ་ཏན་ཏིག་གིས་སྤེལ་ཞིང།སྤྱོད་གཙང་སྲིད་གཞུང་འཛུགས་པར་ཤུགས་བསྣན་ཏེ། སྒྲིག་འགལ་ཁྲིམས་འགལ་གྱི་རུལ་སུངས་གྱོད་གཞི་སྐོར་ཞིག་བློ་ཐག་རྦད་ཆོད་སྒོས་ཁྲིམས་ལ་སྦྱར།སྲིད་ཇུས་ཐབས་བཀོད་གལ་ཆེན་ལག་བསྟར་བགྱིད་པར་དམ་འཛིན་བྱས་ཤིང། ཆེད་དམིགས་ལྟ་སྐུལ་ཞིབ་བཤེར་ཐེངས་མང་སྤེལ་ནས།བྱ་བའི་ཐབས་བཀོད་སོ་སོ་དོན་ཐོག་ཏུ་འཁྱོལ་ཞིང་འབྲས་བུ་སྨིན་པར་ཤུགས་ཆེན་པོས་སྐུལ་འདེད་བྱས།

    འཐུས་མི་རྣམ་པ། འདས་པའི་ལོ་གཅིག་གི་རིང་ལ།ང་ཚོས་དཀའ་ངལ་དང་གནོན་ཤུགས་གང་མང་ཁྱད་དུ་བསད་དེ། ཐོབ་པར་དཀའ་བའི་གྲུབ་འབྲས་མི་དམན་པ་བླངས་ཡོད།འདི་དག་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཞུམ་མེད་ཀྱི་མགོ་ཁྲིད་དང་བྱམས་བརྩེའི་ཐུགས་ཁུར་གནང་བའི་འབྲས་བུ་ཡིན་ལ།ཞིང་ཆེན་ཏང་ཨུས་ཁྱོན་ཡོངས་གཅིག་འདོམས་བྱས་ཤིང་ཚན་རིག་དང་མཐུན་པར་ཇུས་ཐག་བཅད་པའི་འབྲས་བུ་ཡིན།ཞིང་ཆེན་དམངས་འཐུས་ཚོགས་ཆེན་དང་ཞིང་ཆེན་སྲིད་གྲོས་ཀྱིས་ལྟ་སྐུལ་ནུས་ལྡན་དང་རྒྱབ་སྐྱོར་ཅི་ལྕོགས་གནང་བའི་འབྲས་བུ་ཡིན།ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་མཐུན་སྒྲིལ་སྒོས་འབད་འབུངས་དང་ཧུར་ཐག་སྒོས་ལས་ལ་གཞོལ་བའི་འབྲས་བུ་ཡིན་པ་མ་ཟད།རྒྱལ་ཁབ་པུའུ་ཨུ་དང་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་གནང་བའི་ཞིང་ཆེན་ནམ་གྲོང་ཁྱེར་དང་ཕྱོགས་སོ་སོས་ལྷག་བསམ་འཁོལ་བའི་རོགས་རམ་དང་བརྩེ་བ་ཟབ་མོའི་འདེགས་སྐྱོར་གནང་བའི་འབྲས་བུའང་ཡིན།འདི་ནས་ངས་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཚབ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་དང།དམངས་འཐུས་ཚོོགས་ཆེན་གྱི་འཐུས་མི་དང་སྲིད་གྲོས་ཨུ་ཡོན། དམངས་གཙོ་ཏང་ཁག་དང་བཟོ་ཚོང་མཉམ་འབྲེལ།མི་དམངས་ཚོགས་པ་དང་སྤྱི་ཚོགས་ལས་རིགས་སོ་སོའི་མི་སྣ། མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་ལས་ཁུངས།མཚོ་སྔོན་དུ་བཅའ་སྡོད་བྱས་པའི་མི་དམངས་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དམག་དཔུང་གི་དཔོན་དམགམཚོ་སྔོན་གྱི་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བའི་རྒྱལ་ཁབ་ཕྱི་ནང་གི་གྲོགས་པོ་ལྷན་རྒྱས་བཅས་ལ།བླ་ན་མེད་པའི་གུས་འདུད་ཕུལ་བ་དང་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུས་པ་ཡིན།

   འཐུས་མི་རྣམ་པ། གྲུབ་འབྲས་ལ་ལྟ་བའི་ཚེ་ན།ང་ཚོས་མདུན་སྐྱོད་ཀྱི་ལམ་དུ་ལྷགས་པའི་དཀའ་ངལ་དང་འགྲན་རྩོད་ཀྱང་མཐོང་དགོས་ཏེ། དཔལ་འབྱོར་མར་ཆག་པའི་གནོན་ཤུགས་སྔར་བཞིན་ཅུང་ཆེ་ལ།སྒྲིག་གཞི་ལེགས་སྒྲིག་བྱེད་པའི་ལས་འགན་ལ་སྔར་བཞིན་ཤིན་ཏུ་ལྕི། ཁེ་ལས་ཁ་ཤས་ཀྱི་ཁེ་སྤོགས་ལེན་ཁོངས་ཇེ་དོགས་སུ་གྱུར་ཅིང།དངོས་གཞིའི་དཔལ་འབྱོར་གོང་དུ་སྤེལ་བར་དཀའ་ངལ་སྔར་བཞིན་གནས་ཡོད། དམངས་ཁྲོད་ཀྱི་མ་དངུལ་གཏོང་འཇོག་ལ་གསོན་ཤུགས་ཆེན་པོ་རྒྱས་མེད་ཅིང།མ་དངུལ་གཏོང་ཚད་འཕར་བའི་འདེགས་སྐྱོར་དང་རྟིང་ཤུགས་སྔར་བཞིན་འདང་གི་མེད། ནོར་སྲིད་གཏོང་ཡོང་གི་ཁུར་བོ་ཇེ་ལྕིར་ཕྱིན་ཅིང།སྡོད་དམངས་ཀྱི་ཡོང་འབབ་འཕར་བའི་ཐབས་ལམ་སྔར་བཞིན་གུ་དོགས། དབུལ་སྒྲོལ་འགག་གཏོར་ལ་དཀའ་ཁག་སྔར་བཞིན་ཆེ་ཞིང།ཞན་ཆ་ཁ་གསབ་བྱ་དགོས་ས་སྔར་བཞིན་ཅུང་མང། སྲིད་གཞུང་རང་ངོས་ཀྱི་འཛུགས་སྐྱོང་ཐད་ལའང་ཉམ་ཐག་པའི་ལྷུ་ཚིགས་ཡོད་ལ།ཕན་ཕྱོད་མི་མཐོ་བ་དང་སྤྱོད་ཚུལ་མི་དྲང་བ་སོགས་ཀྱི་གནད་དོན་སྔར་བཞིན་གནས་ཡོད། ང་ཚོས་དཀའ་ངལ་ལ་ངོས་ཟིན་ཞིང་གནད་དོན་ལ་གདོང་གཏད་དགོས་ཤིང།ཐོག་མཐའ་བར་གསུམ་དུ་སེམས་ཁྲལ་འདུ་ཤེས་དང་འཐབ་ཇུས་བརྟན་ཤུགས་སྲུང་འཛིན་བྱས་ཏེ། ཐོག་མའི་བསམ་འདུན་མི་བརྗེད་པར་མུ་མཐུད་དུ་མདུན་དུ་བསྐྱོད་ཅིང།འབད་འབུངས་ཀྱིས་བྱ་བ་ཐམས་ཅད་ལེགས་པོར་བསྒྲུབ་དགོས།

གཉིས། 2017ལོའི་བྱ་བའི་སྤྱི་ཁོག་བཀོད་སྒྲིག

  ད་ལོ་ནི་ལོ་ལྔའི་འཆར་འགོད་བཅུ་གསུམ་པ་ལག་བསྟར་བྱེད་པའི་ལོ་གལ་ཆེན་ཞིག་ཡིན་ལ། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞིའི་རང་བཞིན་གྱི་བཅོས་སྒྱུར་ཟབ་སྤེལ་བྱེད་པའི་ལོ་ཡིན་པ་མ་ཟད། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་ལེགས་འགྲུབ་བྱེད་པར་རྟིང་མ་ལེན་པ་དང“ཏན་ཏན་ཏིག་ཏིག་བཞིའི”བླང་བྱ་གལ་ཆེན་དོན་ཐོག་ཏུ་འཁྱོལ་ཞིང་འབྲས་བུ་སྨིན་པ། འབྱོར་ཕྱུག་དཔལ་ཡོན་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པ་བཅས་ཀྱི་གནད་འགག་གི་ལོ་གཅིག་ཀྱང་ཡིན། ད་ལོའི་སྲིད་གཞུང་གི་བྱ་བ་ལེགས་པོར་བསྒྲུབས་ན། དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་བའི་གནས་བབས་ལེགས་པོ་སྲ་བརྟན་དུ་བཏང་ནས། ཕུལ་དུ་བྱུང་བའི་གྲུབ་འབྲས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་བ་དང་ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གསུམ་པ་རྒྱལ་ཁའི་ངང་འཚོག་པར་བསུ་མ་བྱེད་པར་དོན་སྙིང་ཧ་ཅང་ཆེན་པོ་ལྡན།

  ད་སྔ། མཚོ་སྔོན་འཕེལ་རྒྱས་སུ་གཏོང་རྒྱུ་དེ་མགོ་རྩོམ་ས་གསར་བ་ཞིག་ཏུ་སླེབས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་མཚོ་སྔོན་ལ་བཏོན་པའི“ཏན་ཏན་ཏིག་ཏིག་གིས་དཔལ་འབྱོར་བསྟུད་མུར་སྐྱོན་བྲལ་ངང་གོང་དུ་སྤེལ་བ་དང། ཏན་ཏན་ཏིག་ཏིག་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པ། ཏན་ཏན་ཏིག་ཏིག་གིས་དམངས་ཚིས་འགན་སྲུང་དང་ལེགས་བཅོས་བྱེད་ཅིང་སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་པ། ཏན་ཏན་ཏིག་ཏིག་གིས་ཏང་ནང་ཆབ་སྲིད་འཚོ་བར་ཤུགས་སྣོན་དང་ཚད་ལྡན་དུ་གཏང་དགོས”པའི་བླང་བྱ་གལ་ཆེན་དང། ཞིང་ཆེན་ཏང་ཨུས“དཔལ་འབྱོར་ཞིང་ཆེན་ཆུང་ངུ་ནས་སྐྱེ་ཁམས་ཞིང་ཆེན་ཆེན་པོ་དང་སྐྱེ་ཁམས་ཞིང་ཆེན་སྟོབས་ལྡན་དུ་འཕོ་འགྱུར་དང། མི་འབོར་ཞིང་ཆེན་ཆུང་ངུ་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཞིང་ཆེན་ཆེན་པོར་འཕོ་འགྱུར། ས་གནས་འཕེལ་རྒྱས་འཐབ་ཇུས་ལ་ཞིབ་འཇུག་བྱེད་པ་ནས་རྒྱལ་ཁབ་འཐབ་ཇུས་སུ་འདྲེས་པར་འཕོ་འགྱུར། རོང་འབྲོག་པའི་སྣ་རྐྱང་གི་འདེབས་འཛུགས་དང་གསོ་སྤེལ་དང་སྐྱེ་ཁམས་ལྟ་སྐྱོང་ནས་སྐྱེ་ཁམས་ཐོན་སྐྱེད་འཚོ་བ་བཅས་འཁོར་རྒྱུག་བཟང་པོ་བྱེད་པར་འཕོ་འགྱུར་བཅས་མངོན་དུ་བསྒྱུར་བར་བརྩོན་དགོས”ཞེས་པའི་མཚོ་སྔོན་སྲིད་དོན་བཅོས་སྐྱོང་བྱེད་པའི་རིག་ལམ་གྱིས་ང་ཚོར་བྱ་བ་མཐའ་དག་བསྒྲུབ་པའི་མདུན་སྐྱོད་ཁ་ཕྱོགས་བསྩལ་ཡོད། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀུན་གྱིས་བདེ་སྐྱིད་ཀྱི་འཚོ་བར་འཚོལ་སྙེག་དང་རེ་སྨོན་ཆེ་བས། ང་ཚོས་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བའི་རློམ་སེམས་དང་ཆོད་སེམས་ཇེ་བརྟན་དུ་གྱུར། ང་ཚོས་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་མཚོ་སྔོན་བྱ་བའི་ཐད་ལ་གནང་བའི་བཀའ་སློབ་ཡིད་ལ་དམ་པོར་བཅིངས་ཤིང། “ཏན་ཏན་ཏིག་ཏིག་བཞི”ཤུགས་ཆེན་པོས་དོན་ཐོག་ཏུ་འཁྱོལ་བར་བྱེད་པ། “འཕོ་འགྱུར་བཞི”ཧུར་ཐག་གིས་མངོན་དུ་བསྒྱུར་ཏེ། མུ་མཐུད་དུ་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་འགྲོ་བའི་རྣམ་པ་གསར་བ་གཏོད་རྒྱུ་ཡིན།

  ད་ལོའི་སྲིད་གཞུང་བྱ་བའི་སྤྱི་ཁོག་བླང་བྱ་ནི། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམ་གྲོས་ཚོགས་ཐེངས་གསུམ་པ། བཞི་བ། ལྔ་བ། དྲུག་པ་བཅས་ཀྱི་དགོངས་དོན་དང། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་མཐར་ཕྱིན་བྱེད་པ་དང། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་གྱིས་མཛུབ་སྟོན་བྱས་ཏེ། དཔལ་འབྱོར་འཕེལ་རྒྱས་ལ་སྣེ་འཁྲིད་པའི་རྒྱུན་རྣམ་གསར་བར་བསྟུན་པ་དང་ཁ་ལོ་བསྒྱུར་བ་རྒྱུན་འཁྱོངས་བྱེད་པ་དང། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་བརྟན་པོར་ཆགས་སུ་འཇུག་པ་དང་དོན་འཁྱོལ་མཐར་ཕྱིན་བྱ་དགོས་ལ། བརྟན་འཇགས་ངང་བཟང་ཕྱོགས་སུ་འཕེལ་བའི་བྱ་བའི་སྤྱིའི་མ་ཐིག་དམ་པོར་བཟུང་སྟེ། “གནས་ལྔ་གཞི་གཅིག”གི་སྤྱི་ཁོག་བཀོད་པ་གཅིག་གྱུར་གྱིིས་སྐུལ་སྤེལ་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་པ་མཐུན་སྦྱོར་ངང་སྐུལ་སྤེལ་བྱ་དགོས། “ཏན་ཏན་ཏིག་ཏིག་བཞིའི”བླང་བྱ་གལ་ཆེན་ལ་བསྡིགས་ཁུང་སྤྲད་དེ། སྐྱེ་ཁམས་དཔལ་ཡོན་སྔོན་སྐྱོད་ཁུལ་དང་འཁོར་སྐྱོད་དཔལ་འབྱོར་གོང་སྤེལ་སྔོན་སྐྱོད་ཁུལ། མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ཁུལ་བཅས་ཀྱི་འཛུགས་སྐྲུན་བསྟུད་མུར་སྤེལ་བ་དང། ཤུགས་བསྒྲིམས་ནས་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞིའི་རང་བཞིན་བཅོས་སྒྱུར་ཟབ་སྤེལ་དང། ཤུགས་བསྒྲིམས་ནས་ལྗང་མདོག་འཕེལ་རྒྱས་སྐུལ་སྤེལ་བྱ་དགོས། ཤུགས་བསྒྲིམས་ནས་གསར་གཏོད་ཀྱི་སྐུལ་ཁྲིད་བྱེད་ནུས་ཟབ་སྤེལ་དང། ཤུགས་བསྒྲིམས་ནས་འཕེལ་རྒྱས་ཀྱི་ཞན་ཆ་ཁ་གསབ་བྱ་དགོས། ཤུགས་བསྒྲིམས་ནས་དམངས་ཚིས་འགན་སྲུང་དང་ལེགས་བཅོས་བྱེད་པ་དང། ཤུགས་བསྒྲིམས་ནས་ཏང་ནང་གི་ཆབ་སྲིད་འཚོ་བ་གཟབ་ནན་བྱ་དགོས། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་ལེགས་འགྲུབ་བྱེད་པར་རྟིང་མ་ལེན་པ་དང་འབྱོར་ཕྱུག་དཔལ་ཡོན་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་གྲུབ་འབྲས་གསར་བ་བླངས་ཏེ། ཕུལ་དུ་བྱུང་བའི་གྲུབ་འབྲས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་བ་རྒྱལ་ཁའི་ངང་འཚོག་པར་བསུ་མ་བྱ་དགོས།

  གོང་དུ་བརྗོད་པའི་སྤྱི་ཁོག་གི་བླང་བྱ་ལྟར་ན། ད་ལོའི་དཔལ་འབྱོར་སྤྱི་ཚོགས་གོང་དུ་སྤེལ་བའི་སྔོན་དཔག་དམིགས་འབེན་གཙོ་བོ་ནི། ཐོན་སྐྱེད་བསྡོམས་ཐང7.5%ཡས་མས་འཕར་བ་དང། བྱ་བ་དངོས་ཀྱི་ཁྲོད་དུ་དེ་ལས་ལྷག་པའི་འབྲས་བུ་ཐོབ་པར་བརྩོན་དགོས་ཤིང། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་གྱི་མ་དངུལ་གཏོང་འཇོག10%འཕར་བ་དང། སྤྱི་ཚོགས་འཛད་སྤྱོད་དངོས་པོའི་སིལ་འཚོང་བསྡོམས་འབོར10%ཡན་འཕར་བ། ས་གནས་ཀྱི་སྤྱི་པའི་ནོར་སྲིད་ཡོང་འབབ་བུག་ཚངས་མཐུན་པར8%འཕར་བ། ཕྱིར་གཏོང་ནང་འདྲེན5%འཕར་བ། ཡུལ་སྐོར་གྱི་སྤྱིའི་ཡོང་འབབ20%འཕར་བ། གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་ཆ་སྙོམས་སྤྱོད་འཐུས་ཡོང་འབབ9%འཕར་བ། མཁར་གྲོང་གི་ལས་ཞུགས་མི་གྲངས་ཁྲི6འཕར་བ། རོང་འབྲོག་ཁུལ་གྱི་ངལ་རྩོལ་པ་མི་ཐེངས་ཁྲི105གནས་སྤོ་ལས་ཞུགས་བྱེད་པ། དངོས་གོང་འཕར་ཚད3%ནང་ཚུན་དུ་ཚོད་འཛིན་བྱེད་པ། ཞིང་ཆེན་ཡོངས་ཀྱི་མཁའ་དབུགས་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་སྡུར་ཚད84%ལ་སླེབ་པ། གྲོང་ཁྱེར་གཙོ་གྲས་ཀྱི་མཁའ་དབུགས་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་སྡུར་ཚད76%ལ་སླེབ་པ། ཙོང་ཆུ་ཞིང་ཆེན་ཕྱི་རུ་འབབ་པའི་བཅད་ངོས་ཀྱི་རིགསⅣཅན་གྱི་ཆུ་གཤིས་སྡུར་ཚད83.3%ཡན་སྲུང་འཛིན་བྱེད་པ། ནུས་སྲི་སྙིགས་ཕྲི་བྱེད་ཚད་རྒྱལ་ཁབ་ཀྱིས་གཏན་ལ་ཕབ་པའི་དམིགས་འབེན་ཡན་ཆད་དུ་ཚོད་འཛིན་བྱེད་པ་བཅས་ཡིན། གོང་དུ་བརྗོད་པའི་སྔོན་དཔག་དམིགས་འབེན་གཙོ་བོ་ལས། ལོ་ལྔའི་འཆར་འགོད་བཅུ་གསུམ་པ་དང་སྦྲེལ་མཐུད་བྱེད་པར་དོ་སྣང་བྱས་ཡོད་པ་དང། འཕར་སྣོན་བརྟན་རླིང་ཡོང་བ་དང་སྒྲིག་གཞི་ལེགས་སྒྲིག་བྱེད་པའི་དོ་མཉམ་གནས་ལའང་གདེང་ཚོད་བཟུང་ཡོད་ལ། “གྲངས་ཚད”དང“སྤུས་ཀའི”གནད་འགག་འབུར་དུ་དོད་ཡོད་དེ། དེང་གི་དུས་སྐབས་འདིའི་རང་ཞིང་གི་དཔལ་འབྱོར་སྤྱི་ཚོགས་གོང་དུ་སྤེལ་བའི་དོན་དངོས་དང་མཐུན་ཞིང། རྩོད་སྒྲུབ་བསམ་བློ་དང་གཞི་ཐིག་བསམ་བློ། འཐབ་ཇུས་བསམ་བློ་བཅས་མངོན་ཡོད་པས། འབད་པས་བསྒྲུབས་ན་ལེགས་འགྲུབ་འབྱུང་ཐུབ་པ་ཡིན།

  ད་ལོའི་སྲིད་གཞུང་བྱ་བ་ལེགས་པོར་བསྒྲུབ་དགོས་ན། གནད་གསུམ་ངེས་པར་ཁོང་དུ་ཆུད་པ་བྱ་དགོས་ཏེ། གཅིག་ནི་བཅོས་སྒྱུར་འཕེལ་རྒྱས་བརྟན་འཇགས་གསུམ་གྱི་དོ་མཉམ་གནས་ཁོང་དུ་ཆུད་དགོས། བཅོས་སྒྱུར་ནི་སྒུལ་ཤུགས་དང། འཕེལ་རྒྱས་ནི་དམིགས་ཡུལ། བརྟན་འཇགས་ནི་སྔོན་འགྲོ་ཡིན་ལ། འདི་གསུམ་ཕན་ཚུན་འབྲལ་མེད་དུ་གནས་པ་ཞིག་ཀྱང་ཡིན། ང་ཚོས་བཅོས་སྒྱུར་ལ་བརྟེན་ནས་འཕེལ་རྒྱས་སྐུལ་འདེད་བྱེད་པ་དང། འཕེལ་རྒྱས་ལ་བརྟེན་ནས་བརྟན་འཇགས་སྲུང་སྐྱོང་བྱེད་པ། བརྟན་འཇགས་ལ་བརྟེན་ནས་འགན་སྲུང་འདོན་སྤྲོད་བྱེད་པ་རྒྱུན་འཁྱོངས་བྱ་དགོས་ཤིང། བཅོས་སྒྱུར་འཕེལ་རྒྱས་བརྟན་འཇགས་ཀྱི་རང་འགུལ་དབང་ཆ་དམ་པོར་འཛིན་དགོས། ཐོག་མཐའ་བར་གསུམ་དུ་བཅོས་སྒྱུར་གསར་གཏོད་དེ་མཚོ་སྔོན་གྱི་སྲིད་དོན་སྐྱོང་བའི་ལྷུ་ཚིགས་ཀུན་ཏུ་ལག་བསྟར་བྱས་ཏེ། ལམ་ལུགས་གསར་གཏོད། ཚན་རྩལ་གསར་གཏོད། རིག་གནས་གསར་གཏོད་དང་ཕྱོགས་གཞན་དག་གི་གསར་གཏོད་བཅས་མུ་མཐུད་དུ་སྤེལ་དགོས། ཐོག་མཐའ་བར་གསུམ་དུ་དཔལ་འབྱོར་འཛུགས་སྐྲུན་ལྟེ་བར་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། དཔལ་འབྱོར་ཆོས་ཉིད་གཞིར་བཟུང་ནས་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལ་སྐུལ་འདེད་དང། རང་བྱུང་ཆོད་ཉིད་གཞིར་བཟུང་ནས་རྒྱུན་མཐུད་རུང་བའི་འཕེལ་རྒྱས་ལ་སྐུལ་འདེད། སྤྱི་ཚོགས་ཆོས་ཉིད་གཞིར་བཟུང་ནས་དཀྱེལ་ཡངས་རང་བཞིན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བྱ་དགོས། ཐོག་མཐའ་བར་གསུམ་དུ་བརྟན་འཇགས་ཀྱི་གཞི་ཐིག་དམ་པོར་བསྲུངས་ཏེ། བདེ་འཇགས་ཁྲིམས་སྐྱོང་གི་མཚོ་སྔོན་འཛུགས་སྐྲུན་བསྟུད་མུར་ཟབ་སྤེལ་དང། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་དྲིལ་བསྒྲགས་དང་ལག་ལེན་བསྟུད་མུར་ཟབ་སྤེལ། ཁྱབ་རྒྱ་ཆེ་བའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་བསྟུད་མུར་སྲ་བརྟན་དང་གོང་སྤེལ། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་བསྟུད་མུར་རྒྱུན་འཁྱོངས་དང་འཐུས་ཚང། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྤེལ་བྱེད་སྒོ་བསྟུད་མུར་སྐུལ་སྤེལ་བཅས་བྱ་དགོས། གཉིས་ནི་དམངས་ཚིས་དམངས་སེམས་དམངས་ཤུགས་གསུམ་གྱི་འདྲེས་སྦྱོར་གནས་ཁོང་དུ་ཆུད་དགོས། དམངས་ཚིས་ནི་དམངས་སེམས་དང་འབྲེལ་ཡོད་ལ། དམངས་སེམས་ཀྱིས་དམངས་ཤུགས་གོང་བུར་བསྒྲིལ་ཐུབ། མཚོ་སྔོན་གྱི་འཕེལ་རྒྱས་རྨང་གཞི་ཞན་ཞིང། དབུལ་ཕོངས་མི་གྲངས་དང་དབུལ་ཕོངས་ས་ཁུལ་གྱི་རྒྱ་ཁྱོན་ཟིན་ཚད་ཚང་མ་མཐོ་བའི་གནས་སུ་ཡོད་ལ། དམངས་ཚིས་འགན་སྲུང་དང་ལེགས་བཅོས་བྱ་རྒྱུ་ནི་སྤྱི་ཡོངས་ལ་འབྲེལ་བའི་བྱ་བ་ཞིག་ཡིན་པས། ང་ཚོས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་བསམ་བློ་ངེས་པར་རྒྱུན་འཁྱོངས་བྱས་ཏེ། དམངས་ཚིས་ལ་དོ་ཁུར་དང། དམངས་སེམས་ལ་བསྟུན་ཐབས། དམངས་སེམས་མངོན་ཐབས་བཅས་བྱ་དགོས་ཤིང། ནོར་སྲིད་ཆུང་ངུས་དམངས་ཚིས་ཆེན་པོ་སྒྲུབ་པ་རྒྱུན་འཁྱོངས་བྱས་ཏེ། མི་རིགས་སོ་སོའི་མང་ཚོགས་ཀྱིས་ཆེས་སེམས་ཁུར་བྱེད་ཅིང་ཆེས་དྲང་ཐད་ཡིན་ལ་ཆེས་མངོན་སུམ་དུ་སྣང་བའི་ཁེ་ཕན་གནད་དོན་ནས་མགོ་བརྩམས་ཤིང། དམངས་ཚིས་ཁྱབ་ཁོངས་ཀྱི་འཕོ་འགྱུར་གསར་བ་དང་གནད་དོན་གསར་བ་དག་གཡེང་བ་མེད་པར་མིག་གིས་འཚོས་ནས། རྨང་གཞི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཕྱི་སོགས་ཀྱི་ཞན་ཆ་ཤུགས་ཆེན་པོས་ཁ་གསབ་བྱ་དགོས་ལ། དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་དུས་སྐབས་དང་དོན་དངོས་ཆ་རྐྱེན་ལའང་བསམ་གཞིགས་གང་ལེགས་བཏང་སྟེ། ཀུན་ཕན་རང་བཞིན་དང་གཞི་རྩ་འགན་སྲུང། ཆ་སྙོམས་ཁྱད་མེད། རྒྱུན་མཐུད་རུང་བ་བཅས་རྒྱུན་འཁྱོངས་དང། ལུགས་དང་མཐུན་པར་སྔོན་དཔག་ལ་ཁྲིད་སྟོན་བྱས་ཏེ། བཅོས་སྒྱུར་འཕེལ་རྒྱས་ཀྱི་འབྲས་བུས་མུ་མཐུད་དུ་མི་རིགས་སོ་སོའི་མང་ཚོགས་ལ་སྨན་པར་བྱེད་ཅིང། དམངས་ཚིས་དམངས་སེམས་དམངས་ཤུགས་བར་ཆར་བ་ཆུ་གྲོགས་ཀྱི་དཔེ་བཞིན་ཕན་ཚུན་ལ་སྐུལ་འདེད་ཐུབ་པ་བྱ་དགོས། དེར་མ་ཟད། “རང་རྟོན་བཞི”དང་ལྷག་པར་དུ་རིག་གནས་རང་རྟོན་དོན་དམ་པས་ཇེ་དྲག་ཏུ་གཏོང་བ་དང། མདོ་དབུས་མཐོ་སྒང་གི་སྙིང་སྟོབས་ཤུགས་ཆེན་པོས་དར་སྤེལ་བྱས་ཏེ། མི་རིགས་སོ་སོའི་མང་ཚོགས་ལ་མཐུན་སྒྲིལ་སྒོས་སྣེ་འཁྲིད་ནས་རང་སྟོབས་རང་སྐྱེད་དང་དཀའ་སྤྱད་འབད་བརྩོན་བྱེད་པ་དང། མི་རིགས་སོ་སོའི་མང་ཚོགས་ཀྱིས་རང་གི་བརྩོན་འགྲུས་ལ་བརྟེན་ནས་བདེ་སྐྱིད་ཀྱི་འཚོ་བ་སྐྲུན་པའི་ནང་གནས་སྒུལ་ཤུགས་སྐུལ་སློང་བྱས་ཏེ། ངལ་རྩོལ་གཟི་བརྗིད་ཡིན་པ་དང། ལས་སྤེལ་གཟི་བརྗིད་ཡིན་པ། འབད་བརྩོན་གཟི་བརྗིད་ཡིན་པ་དེ་དུས་རབས་ཀྱི་དབྱངས་རྟ་གཙོ་བོར་འགྱུར་དུ་འཇུག་དགོས། གསུམ་ནི་སྐྱེ་ཁམས་ཐོན་སྐྱེད་འཚོ་བ་གསུམ་གྱི་གནད་འགག་ཁོང་དུ་ཆུད་པར་བྱ་དགོས། སྐྱེ་ཁམས་ནི་མི་རྣམས་ཀྱིས་ཐོན་སྐྱེད་བྱེད་པ་དང་འཚོ་བ་རོལ་བའི་གཞི་རྩའི་ཆ་རྐྱེན་ཡིན་ལ། དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་འཕེལ་བའི་རྨང་གཞིའང་ཡིན། སྐྱེ་ཁམས་སྲུང་སྐྱོང་བྱེད་ན་མི་ནི་གནད་འགག་དང་རྒྱུ་རྐྱེན་གཙོ་བོ་ཡིན། སྐྱེ་ཁམས་ཐོན་སྐྱེད་འཚོ་བ་གསུམ་མཉམ་འགུལ་གྱི་བྱེད་སྒོ་ཤུགས་ཆེན་པོས་སྤེལ་དགོས་པ་དང། རྒྱལ་ཁབ་ཀྱི་གཙོ་གཞིའི་རྩོལ་ནུས་ཁུལ་གྱི་འཆར་འགོད་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང། ཐོན་སྐྱེད་བར་སྟོང་དང་འཚོ་བའི་བར་སྟོང། སྐྱེ་ཁམས་བར་སྟོང་བཅས་ཚན་རིག་དང་མཐུན་པར་བཀོད་སྒྲིག་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་མང་ཚོགས་ཀྱི་ནམ་རྒྱུན་གྱི་ཐོན་སྐྱེད་འཚོ་བའི་བརྒྱུད་རིམ་ཡོངས་སུ་སིམ་དུ་འཇུག་པ་དང། མི་རྣམས་ཀྱི་ཐོན་སྐྱེད་འཚོ་བའི་བྱེད་སྒོ་དག་ཁོར་ཡུག་སྲུང་སྐྱོང་དང་སྐྱེ་ཁམས་ལེགས་བཅོས་ཀྱི་རྨང་གཞིའི་སྟེང་སྤེལ་བར་བྱ་དགོས་ལ། ཐོན་སྐྱེད་ནུས་ཤུགས་གོང་སྤེལ་དང་སྐྱེ་ཁམས་འཛུགས་སྐྲུན་གྱི་མཉམ་འགུལ་ཕན་འབྲས་ཇེ་མཐོར་གཏོང་བ་དང། མི་དང་ཁོར་ཡུག་འཆམ་མཐུན་མཉམ་གནས་ཡོང་བར་སྐུལ་འདེད་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོང་དང་ཐོན་སྐྱེད་གོང་སྤེལ། འཚོ་བ་ལེགས་བཅོས་བྱེད་པའི་ལག་ལེན་ཁྲོད་དུ། མཚོ་སྔོན་ལྗང་མདོག་ངང་དར་རྒྱས་སུ་འགྲོ་བའི་ལམ་བུ་ཞིག་འཚོལ་ཞིབ་བྱ་དགོས།

  གསུམ། ལེགས་པོར་བསྒྲུབ་དགོས་པའི་བྱ་བའི་ལས་འགན་གཙོ་བོ།

  ད་ལོར། སྲིད་གཞུང་བྱ་བའི་ལས་འགན་ཧ་ཅང་ལྕི་ལ་འགན་འཁུར་ཡང་ཤིན་ཏུ་ཆེ། ངེས་པར་དུ་གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལྟ་རྟོག མཐུན་སྦྱོར་སྐུལ་སྤེལ་བྱས་ཏེ། ཕྱོགས་བདུན་གྱི་བྱ་བ་གཙོར་བཟུང་སྟེ་ལེགས་པོར་བསྒྲུབ་དགོས།

  (གཅིག)སྔར་ལས་ལྷག་པར་བཅོས་སྒྱུར་གསར་གཏོད་ལ་སྐུལ་འདེད་བྱས་ཏེ། ལམ་སྲོལ་རྐྱེན་སྲོལ་སྔར་བས་གསོན་ཤུགས་ལྡན་པར་གཏང་དགོས།

  འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞིའི་རང་བཞིན་གྱི་བཅོས་སྒྱུར་ཟབ་སྤེལ་བྱ་དགོས། ཁོར་ཡུག་སྲུང་སྐྱོང་དང་ནུས་ཁུངས་ཟད་གྲོན། སྤུས་ཚད། བདེ་འཇགས་སོགས་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་དང་ཚད་གཞི་ནན་ཏན་གྱིས་ལག་ལེན་དུ་བསྟར་བ་དང། ཁེ་ལས་ཟླ་སྒྲིལ་བསྐྱར་སྒྲིག་དང་བུ་ལོན་བསྐྱར་སྒྲིག་གམ་ཡང་ན་བུན་སྟོངས་གཙང་རྩིས་ཀྱི་བྱ་བ་ལེགས་པོར་བསྒྲུབ་དགོས་ལ། རྡོ་སོལ་ཐོན་ནུས་ཏུན་ཁྲི132བསྙུང་དགོས། རོ་རེངས་ཁེ་ལས་རིགས་དགར་ནས་ཐག་གཅོད་པའི་སྲིད་ཇུས་ཞིབ་འཇུག་གཏན་འབེབས་བྱེད་པ་དང། ཁེ་ལས་ཀྱི་རིམ་འགྲེམ་ལས་བཟོ་བར་བཀོད་སྒྲིག་འོས་འཚམ་བྱ་དགོས། “ཁང་པ་ནི་འཚོ་བའི་སྡོད་བྱེད་ཡིན་གྱི། དངུལ་ལོར་བརྗེ་བྱེད་མིན”ཞེས་གནས་ངེས་པ་ལྟར། “ཐ་མ་ཅན་ལ་འགན་སྲུང་ཡོད་པ་དང། འབྲིང་ཅན་ལ་ཁྲོམ་ར་ཡོད་པ། རབ་ཅན་ལ་སྙོམ་སྒྲིག་ཐུབ་པའི”རྩ་དོན་རྒྱུན་འཁྱོངས་བྱས་ཏེ། མཛོད་ཉར་སྙུང་ཕྲི་བྱེད་པ་དེ་མི་འབོར་མཁར་གྲོང་ཅན་དུ་བསྒྱུར་བར་ནུས་ལྡན་སྒོས་ཟུང་འབྲེལ་བྱེད་པ་དང། ས་ཞིང་འདོན་སྤྲོད་དང་སྡོད་ཁང་གསར་སྤེལ་གྱིི་བཀོད་པ་ལུགས་མཐུན་སྒོས་བཀོད་སྒྲིག་བྱ་དགོས་ལ། སྤྱིལ་ཁང་སྒྱུར་བཀོད་དངུལ་ལོར་ཅན་དུ་བསྒྱུར་ནས་བཀོད་སྒྲིག་བྱེད་པའི་སྡུར་ཚད་དང་འགན་སྲུང་སྡོད་ཁང་མི་བསྐྲུན་པར་ཉོ་བའི་གཞི་ཁྱོན་ཇེ་ཆེར་བཏང་སྟེ། ཚོང་ལས་ས་ཁང་ཐོན་ལས་ཀྱི་མཛོད་ཉར་འཇུ་བར་མཐོང་ཆེན་བྱེད་པ་དང། སྡོད་ཁང་བོགས་གཏོང་ཁྲོམ་ར་སྐྱེད་སྲིང་དང་གོང་སྤེལ་བྱ་དགོས། ཁེ་ལས་ཀྱི་གསོག་ཐེབས་རྒྱུ་ནོར་ཕན་སྒྱུར་དང། བུ་ལོན་སྒྲིག་གཞི་ལེགས་སྒྱུར་བྱས་ཏེ། ཁེ་ལས་ཀྱི་རྒྱུ་ནོར་དེ་དངུལ་འཛིན་ཅན་དང་ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན་གྱི་སྒོ་ནས་བུ་ལོན་མ་རྐང་དུ་བསྒྱུར་བར་སྐུལ་འདེད་བྱ་དགོས་པ་དང། སྲིད་གཞུང་རང་བཞིན་གྱི་མ་དངུལ་བསྡུ་རུབ་འགན་ལེན་ལས་ཁུངས་དང་རིགས་མི་འདྲ་བའི་ཐོན་ལས་ཐེབས་རྩ་དང་རྐང་དབང་གཏོང་འཇོག་ཐེབས་རྩའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ཏེ། ཁེ་ལས་ཀྱིས་རྐང་དབང་མ་དངུལ་བསྡུ་རུབ་བྱེད་པའི་རྒྱ་བསྐྱེད་དགོས། དཔྱ་ཁྲལ་ཆག་ཡང་དང་གླ་རིན་ཉུང་བསྡུ་བྱེད་པ་མུ་མཐུད་ལག་ལེན་དུ་བསྟར་ཏེ། ལོ་འཁོར་མོ་ཡུག་ཏུ་ཁེ་ལས་ཀྱི་མ་རྩ་སྒོར་དུང་ཕྱུར50ཡན་ཇེ་ཉུང་དུ་གཏོང་བར་བརྩོན་དགོས། ཞིང་ཕྱུགས་ལས་ཀྱི་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞིའི་རང་བཞིན་གྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་དང། ཞིང་ཕྱུགས་ཐོན་རྫས་ཀྱི་ཚད་ལྡན་ཅན་ཐོན་སྐྱེད་དང་ཚོང་རྟགས་གྲགས་ཅན་གསར་སྐྲུན་ལ་དམ་འཛིན་བྱ་དགོས་ལ། བཟང་གནས་ཞན་འདོར་བྱེད་པ་དང་སྤུས་ཚད་ལ་བརྟེན་ནས་ཞིང་ལས་དར་རྒྱས་གཏོང་བ་སྐུལ་སྤེལ་བྱ་དགོས།

  གཙོ་གནད་ཁྱབ་ཁོངས་ཀྱི་བཅོས་སྒྱུར་ལ་གཅིག་གྱུར་འཆར་འགོད་བྱས་ནས་སྤེལ་དགོས། “སྤྱི་ཁོག་རིམ་འཇུག་དང་གཙོ་གནད་ཐོལ་རྒལ”གྱི་བླང་བྱ་ལྟར། “རྒྱལ་མིང་རྟགས་ཅན”ཆེན་པོ་གསུམ་གྱི་བཅོས་སྒྱུར་མུ་མཐུད་དུ་ལེགས་པོར་སྤེལ་བ་དང་སྦྲགས། གཙོ་གནད་ཁྱབ་ཁོངས་དང་གནད་འགག་ལྷུ་ཚིགས་ཀྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་དགོས། “གཤམ་སྤྲོད་དོ་དམ་ཞབས་ཕྱི་གསུམ”གྱི་བཅོས་སྒྱུར་ཟབ་སྤེལ་བྱ་དགོས། འགན་ནུས་བསྒྱུར་བ་དང་ཞབས་ཕྱི་ལེགས་སྒྱུར་བྱེད་པ་དམིགས་ཡུལ་དུ་བཟུང་སྟེ། “གསལ་ཐོ་གསུམ་དང་དྲ་རྒྱ་གཅིག”གི་འཛུགས་སྐྲུན་མུ་མཐུད་ལེགས་པོར་སྒྲུབ་པ་དང། “དཔང་ཕྲི་དམངས་ཕན”གྱི་ཆེད་དམིགས་འགུལ་སྐྱོད་སྤེལ་དགོས་ལ། འབྲེལ་ལྡན་དང་ཉེ་འདྲ་ཡིན་པའི་ཞིབ་མཆན་དོན་ཚན་རྣམས“སྦྲེལ་རྡང་ཡོངས”ནས་ཕྱིར་འཐེན་ནམ་གཤམ་སྤྲོད་བྱ་དགོས། བྱ་བ་སྒྲུབ་སྐབས་དང་བསྒྲུབས་རྗེས་ཀྱི་ལྟ་སྐུལ་དོ་དམ་འཐུས་ཚང་གཏོང་བ་དང། “སྐབས་བསྟུན་གཉིས་དང་མངོན་གསལ་གཅིག”གི་ལྟ་སྐུལ་དོ་དམ་ཡོངས་སུ་ཁེབས་པར་བྱས་ཏེ། ལམ་ལུགས་རང་བཞིན་གྱི་ཉོ་ཚང་མ་རྩ་ཇེ་དམའ་རུ་གཏོང་ཅི་ཐུབ་བྱ་དགོས། ཚོང་དོན་ལམ་ལུགས་ཀྱི་བཅོས་སྒྱུར་ཟབ་སྤེལ་བྱ་དགོས། “དཔང་ཡིག་དང་ལག་ཁྱེར་སོ་སོར་དབྱེ་བའི”ཚོད་ལྟའི་གནས་ཀྱི་རྒྱ་བསྐྱེད་པ་དང། དཔང་མང་གཅིག་ལྕོགས་དང་དཔང་ཡིག་ལག་ཁྱེར་མཉམ་སྒྲུབ་བྱེད་པར་སྐུལ་འདེད་གཏང་དགོས། བཟོ་ཚོང་ཐོ་འགོད་ཀྱི་བརྒྱུད་རིམ་ཡོངས་གློག་རྡུལ་ཅན་དུ་བསྒྱུར་བར་ཤུགས་ཆེན་པོས་སྐུལ་འདེད་བྱེད་པ་དང། “གཤམ་སྤྲོད”བྱ་དགོས་པ་དག་རྦད་དེ་གཤམ་དུ་སྤྲོད་པ་དང། “གཙང་སེལ”བྱ་དགོས་པ་དག་རྩ་བ་ནས་གཙང་སེལ་བྱེད་པ། “དོ་དམ”བྱ་དགོས་པ་དག་ལ་མཐའ་གཅིག་ཏུ་དོ་དམ་ལེགས་པོ་བྱས་ཏེ། སྐྱེ་སྟོབས་འབར་ཞིང་གོ་རིམ་ལྡན་པའི་གསར་གཏོད་ལས་སྤེལ་གྱི་ཁོར་ཡུག་བསྐྲུན་དགོས། ནོར་ཁྲལ་དངུལ་རྩའི་བཅོས་སྒྱུར་ཇེ་མགྱོགས་སུ་གཏང་དགོས། རྒྱུ་སྟོབས་བརྟན་བརླིང་ངང་འཕར་བའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང། ནོར་སྲིད་ཀྱི་གཏོང་འཇོག་བྱེད་སྟངས་གསར་གཏོད་བྱ་དགོས། འགན་དབང་དང་འགྲོ་སོང་གི་འགན་འཁྲི་ངེས་གསལ་བྱེད་པ་དང། སྔོན་རྩིས་ཀྱི་ལས་ཕྱོད་ལ་དོ་དམ་བྱ་དགོས། ཁྲལ་བསྡུ་དོ་དམ་གྱི་བཅོས་སྒྱུར་ཟབ་སྤེལ་བྱེད་པ་དང། བུ་ལོན་གྱི་ཉེན་ཁར་དོ་དམ་ཚོད་འཛིན་བྱེད་པར་ཤུགས་བསྣན་དགོས། མ་དངུལ་གཏོང་འཇོག་དང་བསྡུ་རུབ་ཀྱི་ལམ་སྲོལ་བཅོས་སྒྱུར་བསྟུད་མུར་ཟབ་སྤེལ་བྱེད་པ་དང། ཀུན་ཕན་དངུལ་རྩའི་དཔེ་སྟོན་ཁུལ་ལེགས་པོར་འཛུགས་དགོས། “གཞི་གཉིས་མཉམ་འགུལ”གྱི་མཉམ་ལས་དངུལ་བུན་ལེན་སྟངས་དང“དབང་གཉིས”གཏའ་འཇོག་གི་ཚོད་ལྟའི་གནས་སྐུལ་སྤེལ་བྱེད་པ་དང། “སྲིད་གཞུང་དངུལ་ཁང་འགན་ལེན་ལས་ཁུངས”དང་། “སྲིད་གཞུང་དངུལ་ཁང་འགན་ལེན་ལས་ཁུངས”ཀྱི་མཉམ་ལས་དང་ཉེན་ཁ་མཉམ་ཁུར་གྱི་རྐྱེན་སྲོལ་ཁྱབ་གདལ་དུ་གཏང་དགོས། ཉོ་ཚོང་ཡིད་རྟོན་དངུལ་བུན་གྱི་མ་དངུལ་དག་དངོས་གཞིའི་དཔལ་འབྱོར་ཁྲོད་དུ་གཏོང་བར་སྣེ་ཁྲིད་པ་དང། དམངས་ཁྲོད་ཀྱི་མ་དངུལ་གཏོང་འཇོག་གི་གསོན་ཤུགས་སྐུལ་སློང་བྱ་དགོས། རྒྱལ་དབང་རྒྱུ་ནོར་དང་རྒྱལ་དབང་ཁེ་ལས་ཀྱི་བཅོས་སྒྱུར་ཟབ་སྤེལ་བྱ་དགོས། རྒྱལ་དབང་ཁེ་ལས་དང་རྒྱལ་དབང་རྒྱུ་ནོར་གྱི་སྤུས་ཚད་ཇེ་ལེགས་དང་ཕན་འབྲས་ཇེ་མཐོར་གཏོང་བའི་ལས་གྲྭ་ལག་བསྟར་བྱེད་པ་དང། དེང་རབས་ཀྱི་ཁེ་ལས་ལམ་ལུགས་དང་ཀུང་སིའི་ཁྲིམས་མིའི་བཅོས་སྐྱོང་སྒྲིག་གཞི་འཐུས་ཚང་དུ་གཏང་དགོས། མ་རྩར་དོ་དམ་བྱེད་པ་གཙོ་ཡིན་པའི་རྒྱལ་དབང་རྒྱུ་ནོར་གྱི་ལྟ་སྐུལ་དོ་དམ་ལམ་སྲོལ་ཆ་ཚང་འཛུགས་པ་དང། དབང་བའི་ལམ་ལུགས་འདྲེས་མའི་བཅོས་སྒྱུར་དང་། ལས་བཟོ་བའི་མ་རྐང་འཛིན་པ་དང་ཁེ་ལས་ཀྱི་རྐང་འཛིན་ལྷན་ཚོགས་ཚད་ལྡན་དུ་གཏོང་བའི་ཚོད་ལྟའི་གནས་སྐུལ་སྤེལ་བྱ་དགོས་ལ། རྒྱལ་དབང་ཁེ་ལས་ཀྱིས་སྤྱི་ཚོགས་འགན་ནུས་སྒྲུབ་པ་བཤུ་ཕྲལ་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་གཏང་དགོས། དེ་དང་ཆབས་ཅིག་ཏུ། སྒོ་ཐེམ་སྔར་བས་ཇེ་དམའ་དང། སྲིད་ཇུས་སྔར་བས་འཐུས་ཚང། ཁྱབ་ཁོངས་སྔར་བས་ལྷོད་ཡངས། ཁོར་ཡུག་སྔར་བས་འཛུགས་སྐྲུན་བྱས་ཏེ། བློ་རྒྱ་ཆེན་པོས་དམངས་གཉེར་དཔལ་འབྱོར་གོང་དུ་སྤེལ་དགོས། ཞིང་སྡེ་འབྲོག་ཁུལ་གྱི་བཅོས་སྒྱུར་ལེགས་པོར་བསྒྲུབ་དགོས། ས་ཞིང་འགན་གཙང་ལེན་གྱི་བདག་གཉེར་དབང་ཆ་གཏན་ཁེལ་བྱས་ཏེ་དཔང་ཡིག་སྤྲོད་པའི་བྱ་བ་ཡོངས་སུ་འགྲུབ་དགོས་ཤིང། “དབང་གསུམ་ལོགས་འགོད”བྱེད་ཐབས་འཐུས་ཚང་དུ་གཏོང་བ་དང། ས་ཞིང་གི་རིན་འཕར་ཁེ་བཟང་ལུགས་མཐུན་གྱིས་བགོ་བཤའ་རྒྱག་པའི་རྐྱེན་སྲོལ་འཛུགས་དགོས། རོང་འབྲོག་ཁུལ་གྱི་ཐུན་མོང་རྒྱུ་དབང་ལམ་ལུགས་ཀྱི་བཅོས་སྒྱུར་ཟབ་སྤེལ་བྱ་དགོས་ལ། ཞིང་སྡེའི་ས་ཞིང་སྡུད་ལེན་དང་ཐུན་མོང་གི་ལས་གཉེར་རང་བཞིན་གྱི་འཛུགས་སྐྲུན་སྤྱོད་ས་ཁྲོམ་ར་འདོན་པ། གཞིས་སའི་ལམ་ལུགས་བཅོས་སྒྱུར་གསུམ་གྱི་ཚོད་ལྟའི་གནས་ལེགས་པོར་བསྒྲུབ་དགོས། རྒན་གསོ་འགན་བཅོལ་ལམ་ལུགས་ཀྱི་བཅོས་སྒྱུར་སྐུལ་སྤེལ་བྱ་དགོས། རྒན་གསོ་འགན་བཅོལ་ལ་རྒྱལ་ཡོངས་གཅིག་གྱུར་འཆར་འགོད་བྱེད་པ་དང་མི་སྒེར་གྱི་རྩིས་ཐོ་ལམ་ལུགས་འཐུས་ཚང་དུ་གཏོང་བ་སོགས་ཀྱི་བཅོས་སྒྱུར་ལས་འགན་ཧུར་ཐག་གིས་དོན་འཁྱོལ་བྱ་དགོས། རྒན་གསོ་འགན་བཅོལ་ཐེབས་རྩའི་གཏོང་འཇོག་དང་ལས་གཉེར་ལ་ཤུགས་སྣོན་པ་དང། ཚད་ལྡན་ཅན་གྱི་རྒན་གསོ་ཞབས་ཕྱིའི་སྒྲིག་བཀོད་མགྱོགས་མྱུར་ངང་འཛུགས་དགོས་ལ། ཁེ་ལས་ལོ་དངུལ་དང་ལས་རིགས་ལོ་དངུལ། ཚོང་ལས་རྒན་གསོ་འགན་བཅོལ་བཅས་ཧུར་ཐག་གིས་གོང་དུ་སྤེལ་དགོས།

  གསར་གཏོད་ཀྱིས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་པའི་འཐབ་ཇུས་གཏིང་ཟབ་ཏུ་ལག་བསྟར་བྱ་དགོས། “གསར་གཏོད་འགག་གཏོར་སྣ་བརྒྱའིལས་གྲྭ”དང“གཙོ་གནད་ཐོན་ལས་ཀྱི་ཚན་རྩལ་འདེགས་སྐྱོར་ལས་གྲྭ།”ཚན་རྩལ“གྱད་མིའུ”འཆར་འགོད། “ལྡབ་ཉིས་འཕར”ལས་གྲྭ། བཟོ་ལས་རྨང་གཞི་དར་སྤེལ་ལས་གྲྭ་བཅས་ཏན་ཏིག་གིས་སྐུལ་སྤེལ་བྱེད་པ་དང། འོད་གློག་གི་རྒྱུ་ཆ་གསར་བ་དང་འོད་ཝོལ་བཟོ་སྐྲུན། སྐྱེ་དངོས་གསོ་སྨན་སོོགས་ཁྱབ་ཁོངས་ཀྱི་ཚན་རྩལ་གལ་ཆེན་གྱི་ཆེད་དམིགས་ལས་གཞི་སྐུལ་སྤེལ་བྱ་དགོས། Nདབྱིབས་ཉི་ནུས་གློག་སྨན་དང་བསྲེས་ལྕགས་གསར་བ་སོགས་སྲོག་ཤིང་དུ་གྱུར་པའི་གནད་འགག་ལག་རྩལ་སྐོར་ཞིག་ཐོལ་བརྒལ་བྱ་དགོས། “1020”སྐྱེ་ཁམས་ཞིང་ཕྱུགས་ལས་ཀྱི་ཚན་རྩལ་གལ་ཆེན་གྱི་འདེགས་སྐྱོར་ལས་གྲྭ་རྩ་འཛུགས་བྱས་ཏེ་ལག་ལེན་དུ་བསྟར་དགོས་ལ། རྒྱལ་ཁབ་ཀྱི་གཙོ་གནད་དངོས་བཤེར་ཁང་གི་འཛུགས་སྐྲུན་ལ་ཤུགས་བསྣན་དགོས། མང་སྤྲོད་འཁྲུག་གཏོང་གི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། མཐོ་རིམ་སློབ་གླིང་དང་ཚན་རིག་ཞིབ་འཇུག་ཁང་ལ་ཚན་རིག་ཞིབ་འཇུག་བྱེད་པའི་རང་དབང་སྔར་ལས་མང་བ་སྤྲོད་དགོས། ཀྲུང་དབྱང་གི་འཇོན་མི་གོང་སྤེལ་གྱི་ལམ་སྲོལ་རྐྱེན་སྲོལ་བཅོས་སྒྱུར་གྱི་བསམ་འཆར་དང་རང་ཞིང་གི་ལག་བསྟར་བསམ་འཆར་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། རིགས་མི་འདྲ་བའི་འཇོན་མི་སྐྱེད་སྲིད་དང་བེད་སྤྱོད་ལེགས་པོ་བྱ་དགོས། “མཐོ་རྩེའི་གསར་གཏོད་འཇོན་མི་སྟོང་གི་འཆར་གཞི”དང“རིམ་མཐོ་ཕུལ་བྱུང་རྩེར་སོན་དཀོན་གྲས”ཀྱི་འཇོན་མིའི་ལྗང་བྱང་ལམ་ལུགས་ལག་བསྟར་བྱ་དགོས་པ་དང། མཚོ་སྔོན་སློབ་གྲྭ་ཆེན་མོའི་འཇོན་མིའི་དམིགས་བསལ་ཁུལ་འཛུགས་པར་རྒྱབ་སྐྱོར་བྱ་དགོས། འཇོན་མིར་བརྩི་བཀུར་དང་བཟང་བོ་མིག་དཔེར་ལྟ་བའི་སྤྱི་ཚོགས་ཁོར་ཡུག་དང། གསར་གཏོད་ལ་བསྟོད་སྐུལ་དང་ཕམ་ཁར་གུ་ཡངས་བསྒོམས་པའི་བྱ་བའི་ཁོར་ཡུག ཕོགས་ཐོབ་འོས་འཚམ་ཡོད་ཅིང་འབྱུང་འགྱུར་ལ་སེམས་ཁྲལ་མེད་པའི་འཚོ་བའི་ཁོར་ཡུག ཡོངས་བསྒྲགས་དྲང་སྙོམ་དང་འགྲན་རྩོད་ལེགས་འདེམ་གྱི་ལམ་ལུགས་ཁོར་ཡུག་བཅས་བསྐྲུན་དགོས། “མཚོ་སྔོན་གྱི་འཇོན་མི་སྐྱེད་སྲིང་བྱེད་མཁས་བྱ་དགའ”དཔྱད་འདེམས་བྱེད་སྒོ་སྤེལ་ཞིང། སྤྱོད་ཡོན་ཉིས་ལྡན་གྱི་མི་སྣ་བསུ་བའི་སྒོ་མོ་ཆེར་འབྱེད་པ་དང། སྐྱེ་བུ་ཕུགས་བསམ་ཅན་མང་པོ་ཚུར་བཀུགས་ཏེ། མི་བུ་ཐམས་ཅད་མཁས་པར་འགྱུར་ཐུབ་པ་དང་སྐྱེ་བོ་ཀུན་གྱིས་འཇོན་ཐང་མངོན་ཐུབ་པའི་རྣམ་པ་བཟང་བོ་ཆགས་སུ་འཇུག་དགོས།

  (གཉིས)སྔར་ལས་ལྷག་པར་ལས་གཞིར་མ་དངུལ་གཏོང་ཚད་རྒྱ་བསྐྱེད་དེེ། འདེགས་སྐྱོར་འགན་སྲུང་ལ་སྔར་བས་སྟོབས་ཤུགས་ལྡན་པར་གཏང་དགོས།

  གོ་འཕེར་གྱི་མ་དངུལ་གཏོང་འཇོག་བྱེད་ཚད་ཇེ་ཆེར་གཏང་དགོས། རྒྱལ་ཁབ་ཀྱིས“རྒྱུད་གཅིག་ལམ་གཅིག”གི་འཐབ་ཇུས་དང་བོད་ཁུལ་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ་སོགས་ཀྱི་ལས་གཞི་དང་འཆར་འགོད་གལ་ཆེན་སྤེལ་བའི་རྗེས་སུ་བསྙེགས་ཅི་ཐུབ་བྱས་ཤིང། འབྲེལ་འདྲིས་མཐུན་སྦྱོར་དང་བྱ་བའི་སྦྲེལ་མཐུད་ལ་ཤུགས་བསྣན་ཏེ། རྒྱལ་ཁབ་ཀྱི་ལས་གཞི་གལ་ཆེན་དང་སྲིད་ཇུས་རྒྱབ་སྐྱོར་སྔར་ལས་མང་པོ་མཚོ་སྔོན་ལ་གསེག་གཞོལ་བྱེད་པར་བརྩོན་དགོས། སྡུར་མངོན་དགེ་མཚན་ལ་རྐང་ཚུགས་ཤིང། མ་དངུལ་གཏོང་འཇོག་གི་ཁ་ཕྱོོགས་མ་ནོར་བར་གཞན་པའི་བློ་དང་རིག་པར་བརྟེན་ཞིང། སེམས་ཞིབ་མོས་འཆར་འགོད་བྱས་ཏེ། མགོ་རྩོམ་སའི་གནས་མཐོ་ལ་སྐུལ་ཁྲིད་བྱེད་ནུས་ཆེ་བའི་མ་དངུལ་གཏོང་འཇོག་བྱེད་ཡུལ་གཙོ་གནད་ཅན་སྐོར་ཞིག་འདོན་དགོས་པ་དང། ལས་གཞི་གསོག་འཇོག་དང་སྒྲིལ་འདེད་བྱེད་ཤུགས་ཇེ་ཆེར་གཏང་དགོས། སྒྲིག་གཞི་ལེགས་སྒྲིག་དང་ཞན་ཆ་ཁ་གསབ། དམངས་ཚིས་གཟིགས་སྐྱོང་བཅས་ལ་ཕན་པའི་ལས་གཞི་གཡེང་བ་མེད་པར་མིག་གིས་འཚོས་ནས། མ་དངུལ་གྱི་འབྱུང་ཁུངས་རྒྱ་བསྐྱེད་པ་དང། ཞིང་ཆེན་རིམ་པའི་གྲབས་གསོག་བྱེད་ཤུགས་ཇེ་ཆེར་གཏང་དགོས། ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་སྔོན་རྩིས་ནང་གི་མ་དངུལ་དང་ས་གནས་སྲིད་གཞུང་གི་བུན་འཛིན་སྤྱོད་འཐུས་བྱས་ཏེ། སྲིད་གཞུང་གི་མ་དངུལ་གཏོང་འཇོག་གི་ཡང་དག་རང་བཞིན་དང་གོ་ཆོད་རང་བཞིན་ཇེ་དྲག་ཏུ་གཏང་དགོས། དམངས་ཁྲོད་ཀྱི་མ་དངུལ་གཏོང་འཇོག་གི་ཁྱབ་ཁོངས་ཕྱོགས་ཡོངས་ནས་ལྷོད་ཡངས་སུ་བཏང་སྟེ། སྲིད་གཞུང་དང་སྤྱི་ཚོགས་མ་དངུལ་མཉམ་ལས་སོགས་མ་དངུལ་གཏོང་འཇོག་དང་བསྡུ་རུབ་བྱེད་སྟངས་བརྟན་རླིང་ངང་སྤེལ་དགོས། ཡིད་རྟོན་མ་ལག་འཛུགས་སྐྲུན་བྱེད་ཤུགས་ཇེ་ཆེར་གཏང་དགོས་ཤིང། མ་དངུལ་གཏོང་འཇོག་གི་ཁོར་ཡུག་ལེགས་པོ་ཧུར་ཐག་གིས་བསྐྲུན་ཏེ། བཅོས་སྒྱུར་གྱི“ཤེད་ཤུགས”དང་ཚོང་གཅེས་ཀྱི“དྲོད་ཚད”ལ་བརྟེན་ནས་དམངས་ཁྲོད་ཀྱི་མ་དངུལ་གཏོང་འཇོག་གི“ཚ་ཚད”ཇེ་མཐོར་གཏང་དགོས།

  རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་ལས་གྲྭ་ཆེན་པོ་སྐོར་ཞིག་གཅིག་གྱུར་འཆར་འགོད་ཀྱིས་ལག་བསྟར་བྱ་དགོས། རྨང་གཞི་འདིང་བ་དང་ཡུན་རིང་ཕན་པ། རྟིང་ཤུགས་འཕེལ་བ་བཅས་ལ་དམིགས་ནས། ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་ལས་གཞི་གལ་ཆེན་མགྱོགས་མྱུར་ངང་སྤེལ་དགོས། ཤུགས་བསྒྲིམས་ནས་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་འཛུགས་དགོས། མཛོ་རྒན་ར་བ་ནས་གཅིག་སྒྲིལ་བར་གྱི་མྱུར་སྐྱོད་གཞུང་ལམ་ཁྱོན་ནས་ལེགས་འགྲུབ་འབྱུང་དགོས་པ་དང། ན་གོར་མོ་ནས་ཏུན་ཧོང་བར་གྱི་ལྕགས་ལམ་དང། མདོ་ལའི་གནམ་གྲུ་ཐང། ན་གོར་མོའི་གནམ་གྲུ་ཐང་རྒྱས་སྐྲུན་ལས་གྲྭ་བཅས་ལེགས་འགྲུབ་ཅི་ཐུབ་བྱ་དགོས། ན་གོར་མོ་ནས་ཁོར་ལུ་བར་གྱི་ལྕགས་ལམ་མགྱོགས་མྱུར་ངང་འཛུགས་སྐྲུན་བྱེད་པ་དང། ཟི་ལིང་གནམ་གྲུ་ཐང་གི་ལས་སྐབས་གསུམ་པའི་རྒྱས་སྐྲུན་བྱ་བ་དམ་འཛིན་བྱ་དགོས། ཟི་ལིང་ནས་ཁྲིན་ཏུའུ་བར་གྱི་ལྕགས་ལམ་དང་ཚའོ་ཅཱ་པོའི་ལྕགས་ལམ་ཟོང་སྐྱེལ་རྟེན་གཞི། ན་གོར་མོའི་ལྕགས་ལམ་འགྲིམ་འགྲུལ་ལྟེ་བ་སོགས་གཙོ་གནད་ལས་གྲྭ་འཛུགས་སྐྲུན་བྱེད་མགོ་བརྩམ་དགོས། ཟི་ལིང་གྲོང་ཁྱེར་སྐོར་བའི་འགྲིམ་འགྲུལ་ལམ་དྲའི་མ་ལག་རིམ་སྤར་སྒྱུར་བཀོད་བྱེད་པ་དང། ཟི་ལིང་གི་གྲོང་ཁྱེར་ལྕགས་ལམ་དང་པོའི་སྔོན་འགྲོའི་བྱ་བ་ཤུགས་ཆེན་པོས་བསྒྲུབ་དགོས་ཤིང། “ཟི་ལིང་བདེ་བགྲོད”ལས་གྲྭ་མུ་མཐུད་ལག་བསྟར་བྱ་དགོས། ལྗང་མདོག་ནུས་ཁུངས་དཔེ་སྟོན་ཞིང་ཆེན་མགྱོགས་མྱུར་ངང་འཛུགས་སྐྲུན་བྱ་དགོས། “སྟོང་ཝ་བྱེ་བ་ཕྲག”གི་སླར་སྐྱེས་ནུས་ཁུངས་རྟེན་གཞི་གཉིས་འཛུགས་སྐྲུན་བྱེད་པ་དང། ཉི་ནུས་འོད་ཝོལ་འཕྲུལ་ཆས་སྟོང་ཝ་ས་ཡ1དང་རླུང་གློག་འཕྲུལ་ཆས་སྟོང་ཝ་ས་ཡ1ཡན་གསར་དུ་བཀོད་སྒྲིག་བྱ་དགོས། རྒྱལ་ཁབ་ཀྱིས་གཏན་ལ་ཕབ་པའི་འོད་དྲོད་གློག་འདོན་ལས་གཞི4མགྱོགས་མྱུར་ངང་འཛུགས་སྐྲུན་བྱ་དགོས་པ་དང། ནུས་ཁུངས་གསར་བ་རང་ས་ནས་འཛད་སྤྱོད་དང་ཞིང་ཆེན་ཕྱིར་སྐྱེལ་འདྲེན་བྱེད་པའི་གཞི་ཁྱོན་གྱི་རྒྱ་བསྐྱེད་དགོས། རེབ་གསར་བའི་ཞིང་སྡེའི་གློག་དྲ་སྒྱུར་བཀོད་དང་རིམ་སྤར་ཇེ་མགྱོགས་སུ་གཏང་དགོས། ཆུ་བེད་ལས་གྲྭ་ཆེན་པོའི་འཛུགས་སྐྲུན་ལ་སྐུལ་འདེད་བྱ་དགོས། ཅི་ཧྲི་འགག་གི་ཞིང་ཆུ་འདྲེན་ཁུལ་དང་རྨ་ཆུའི་གཞུང་རྒྱུན་གྱི་ཆུ་ལོག་འགོག་བཅོས་སོགས་ཀྱི་ལས་གྲྭ་སྔ་སྣུར་གྱིས་ལེགས་འགྲུབ་བྱེད་པ་དང། འཇུ་ལག་ཆུ་བོ་ཙོང་ཆུར་འདྲེན་པའི་ནུབ་ཀྱི་མ་ཡུར་དང་བྱང་གི་མ་ཡུར་ལས་སྐབས་གཉིས་པ་སོགས་ཀྱི་ལས་གྲྭ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱ་དགོས། ནཱ་ལེན་གུ་ལུ་ཆུ་བོའི་ཆུ་བེད་ལྟེ་གནས་ལས་གྲྭ་འཛུགས་སྐྲུན་བྱེད་མགོ་རྩོམ་པ་དང། ཞིས་ཅི་འགག་གི་ཆུ་བེད་ལྟེ་གནས་དང་ལ་ཞོལ་མའི་ཞིང་ཆུ་གཏོང་འདྲེན་ལས་གྲྭ་མགྱོགས་མྱུར་ངང་སྐུལ་སྤེལ་དང། ཆུ་མཛོད་ཆུང་འབྲིང་གི་ལས་གྲྭ་མགྱོགས་མྱུར་ངང་འཛུགས་སྐྲུན་བྱ་དགོས། ཞིང་སྡེའི་འཐུང་ཆུའི་བདེ་འཇགས་སྲ་བརྟན་དང་མཐོར་འདེགས་གཏོང་བའི་ལས་གྲྭ་བསྟུད་མུར་ལག་བསྟར་བྱ་དགོས། “ཐགས་ཡངས་མཚོ་སྔོན”དང“གྲངས་འཛིན་མཚོ་སྔོན”འཛུགས་སྐྲུན་ཇེ་མགྱོགས་སུ་གཏང་དགོས། སྤོ་འགུལ་བརྡ་སྐྱེལ་དྲ་རྒྱ་རབས་བཞི་པའི་འཛུགས་སྐྲུན་ལ་སྐུལ་འདེད་བྱས་ཏེ། “འགྲོས་མྱུར་རིན་དམའ”ཡོང་བ་ངོན་འགྱུར་བྱ་དགོས་ལ། ཟི་ལིང་ལྟེ་བ་བྱས་ཤིང་མཐའ་འཁོར་ལ་རྩིབ་འཕྲོ་ཐུབ་པའི“ཐགས་ཡངས་སྐུད་མེད་གྲོང་ཁྱེར་ཁྱུ་ཚོགས”བསྐྲུན་དགོས། རྨང་གཞིའི་སྐྱེལ་གཏོང་དྲ་བ་དང་གཞི་གྲངས་ལྟེ་གནས། གྲངས་འཛིན་སྲིད་དོན། ཁེ་ལས་ཆུང་འབྲིང་ཆ་འཕྲིན་ཅན། ཟོག་འབྲེལ་དྲ་བ་སོགས་ཆ་འཕྲིན་ཅན་གྱི་ལས་གྲྭ་སྐོར་ཞིག་ལག་བསྟར་བྱ་དགོས། བཟོ་ལས་ཅན་དང་ཆ་འཕྲིན་ཅན་གཏིང་ཟབ་ཏུ་འདྲེས་པར་ཤུགས་བསྒྲིམས་ནས་སྐུལ་འདེད་བྱེད་པ་དང། ཆ་འཕྲིན་བདེ་འཇགས་འགན་སྲུང་ཇེ་དྲག་ཏུ་བཏང་སྟེ། སྤྱི་ཚོགས་ཡོངས་ཀྱི་ཆ་འཕྲིན་ཅན་ཆུ་ཚད་ཇེ་མཐོར་གཏང་དགོས།

  (གསུམ)སྔར་ལས་ལྷག་པར་སྐྱེ་ཁམས་དཔལ་ཡོན་དར་སྤེལ་བཏང་སྟེེེ། ལྗང་མདོག་འཕེལ་རྒྱས་སྔར་བས་ཚགས་དམ་ཞིང་གོ་ཆོད་པར་བྱ་དགོས།

  སྐྱེ་ཁམས་དཔལ་ཡོན་ལམ་ལུགས་འཛུགས་པར་ཤུགས་བསྣན་དགོས། གཙང་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་སྤྱི་གླིང་ལམ་སྲོལ་གྱི་ཚོད་ལྟའི་གནས་ཀྱི་བྱ་བ་མཐའ་དག་གོ་རིམ་ལྡན་པར་སྤེལ་བ་དང། ལས་འགན་གལ་ཆེན30དང་སྒོར་དུང་ཕྱུར10ཡི་རྨང་གཞིའི་སྒྲིག་བཀོད་ལས་གཞི་རྣམས་སྤུས་ཚད་མཐོན་པོའི་སྒོ་ནས་ལེགས་འགྲུབ་བྱ་དགོས། གཙང་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་སྤྱི་གླིང་གི་སྲོལ་ཡིག་འཛུགས་པའི་རྨང་གཞིའི་བྱ་བ་མྱུར་དུ་བསྒྲུབ་དགོས། ཐོན་ཁུངས་རིན་དོད་ཡོད་པར་བེད་སྤྱོད་པ་དང་སྐྱེ་ཁམས་དཔལ་ཡོན་ལ་གདེང་འཇོག་དཔྱད་ཞིབ་བྱེད་པ་སོགས་ཀྱི་ལམ་ལུགས་འཛུགས་པར་ཤུགས་བསྣན་དགོས། ཁོར་ཡུག་སྲུང་སྐྱོང་ལས་ཁུངས་ཀྱིས་ལྟ་འཇལ་དང་ཁྲིམས་བསྟར་དྲང་ཐད་དུ་སྤེལ་བའི་བཅོས་སྒྱུར་ཚོད་ལྟའི་གནས་ལེགས་འགྲུབ་བྱ་དགོས། ཐཱན་འདོར་སྐྱུར་དབང་ཆའི་ཉོ་ཚོང་སྤེལ་དགོས། རེབ་གསར་བའི་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་གི་གསབ་དངུལ་དང་བྱ་དགའི་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བར་བྱ་དགོས། རྒྱལ་ཁབ་ཀྱིས་སྐྱེ་ཁམས་རྩོལ་ནུས་ཁུལ་གྱིི་གོ་གནས་ངེས་གཏན་བྱས་པ་ལྟར། སྐྱེ་ཁམས་སྲུང་སྐྱོང་གི་ཐིག་དམར་གཏན་ལ་ཕབ་ནས་འགྲེམ་སྤེལ་བྱ་དགོས་ལ། རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་བདག་དབང་སྲུང་སྐྱོང་བྱེད་པའི་ཚོད་ལྟའི་གནས་ལེགས་པོར་བསྒྲུབས་ཏེ། དཔལ་འབྱོར་སྤྱི་ཚོགས་གོང་དུ་སྤེལ་བར“མཐའ་མཚམས”ཡོད་ལ“སྒྲིག་ལམ”ཡང་ཡོད་པ་ཁག་ཐེག་བྱ་དགོས། སྐྱེ་ཁམས་བཅོས་སྐྱོང་གི་ལས་གྲྭ་ཆེན་པོ་སྐུལ་སྤེལ་བྱ་དགོས། གཙང་གསུམ་འབྱུང་ཡུལ་གྱི་ལས་སྐབས་གཉིས་པ་དང་མདོ་ལ་རིང་མོའི་སྲུང་སྐྱོང་འཛུགས་སྐྲུན། ལྷོ་རི་བྱང་རི་ལྗང་བསྒྱུར་སོགས་ཀྱི་སྐྱེ་ཁམས་ལས་གྲྭ་ཆེན་པོ་དག་ལག་བསྟར་བཟང་བོ་བྱ་དགོས་ལ། མཚོ་སྔོན་པོའི་མཐའ་འཁོར་གྱི་སྐྱེ་ཁམས་སྲུང་སྐྱོང་དང་བཅོས་སྐྱོང་བྱེད་པའི་ལས་སྐབས་གཉིས་པའི་མགོ་བརྩམ་དགོས། “གྲམ་པ་གསུམ”ལ་ཆུ་འདྲེན་པའི་ཕྱོགས་བསྡུས་བཅོས་སྐྱོང་སོགས་ལས་གཞིའི་སྔོན་འགྲོའི་བྱ་བ་ལེགས་པོར་སྒྲུབ་པ་དང། “རི་ཆུ་རྩྭ་ནགས་ཞིང་མཚེའུ”བཅས་ཀྱི་རང་བྱུང་སྐྱེ་ཁམས་མ་ལག་སྲུང་སྐྱོང་དང་སླར་གསོ་བྱ་དགོས། “ཡོལ་གཅིག་རྒྱུད་གཉིས”ཀྱི་སྐྱེ་ཁམས་ཆགས་སྟངས་འཐུས་ཚང་དུ་གཏོང་བ་དང། མཐོ་སྒང་སྐྱེ་དངོས་ཀྱི་སྣ་མང་རང་བཞིན་དང་སྐྱེ་ཁམས་བཟང་གཤིས་འཁོར་སྐྱོད་ལ་སྲུང་སྐྱོང་བྱ་དགོས། ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལ་ཤུགས་བསྣན་དགོས། “གནམ་སྔོན་པོ་ཆུ་དྭངས་མོ”དང“ཁྱིམ་གཞིས་མཛེས་སྒྱུར”འགུལ་སྐྱོད་འཆིང་ཡུ་བྱས་ཏེ། ཆུ་དང་མཁའ་དབུགས་དང་ས་རྒྱུའི་སྦགས་བཙོག་འགོག་བཅོས་ཀྱི་འགུལ་སྐྱོད་འཆར་གཞི་ཕྱོགས་ཡོངས་ནས་སྐུལ་སྤེལ་བྱ་དགོས། “ཆུ་དཔོན་ལམ་ལུགས”དོན་འཁྱོལ་བྱེད་པ་དང། ཙོང་ཆུའི་འབབ་ཡུལ་ཡོངས་སུ་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པའི་འཆར་གཞི་འཐེན་དགོས། ས་ཁོངས་བར་གྱི་མཁའ་དབུགས་སྦགས་བཙོག་མཉམ་འགོག་མཉམ་བཅོས་བྱེད་པའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང། དྭངས་གཙང་གི་དྲོད་ལེན་ཐབས་སྐུལ་སྤེལ་བྱ་དགོས། མེ་རུ་གཏེར་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱས་པའི་འབྲས་བུ་སྲ་བརྟན་དུ་གཏོང་བ་དང། ཡུན་ཕན་རྐྱེན་སྲོལ་འཛུགས་པར་སྐུལ་འདེད་བྱ་དགོས། སྡེ་བ500ཡི་ཞིང་སྡེའི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལག་བསྟར་བྱེད་པ་དང། གཙོ་གནད་ལས་རིགས་ཀྱི་སྙིགས་འདོར་ཆོག་འཐུས་ལ་དོ་དམ་བྱེད་མགོ་བརྩམས་ཏེ། སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་གཏང་དགོས། “འགྲམ་རྒྱུད་གསུམ་དང་མཐའ་འཁོར་བཞིའི”ཁོར་ཡུག་བཅོས་སྐྱོང་དང་ལྗང་སྒྱུར་འགུལ་སྐྱོད་ཏན་ཏིག་གིས་སྤེལ་ནས། རབ་མཛེས་མཚོ་སྔོན་ལ་རྣམ་པར་བཀྲ་ཁ་དོག་བསྣན་དགོས།

  མཐོ་སྒང་གི་ཁྱད་ཆོད་ལྡན་པའི་དེང་རབས་སྐྱེ་ཁམས་ཞིང་ཕྱུགས་ལས་ཤུགས་ཆེན་པོས་གོང་དུ་སྤེལ་དགོས། རྒྱལ་ཡོངས་ཀྱི་རྩྭ་ཐང་སྐྱེ་ཁམས་ཕྱུགས་ལས་ཚོད་ལྟའི་ཁུལ་འཛུགས་སྐྲུན་མགྱོགས་མྱུར་ངང་སྤེལ་བ་དང། ཤུགས་བསྒྲིམས་ནས་བྱ་ཕྱུགས་གསོ་སྤེལ་དང་འབྲུ་སྣུམ་འདེབས་འཛུགས། སིལ་ཏོག་སྔོ་ཚལ། འཕང་འབྲས་སྟར་བུ་བཅས་ཐོན་ལས“སྒོར་དུང་ཕྱུར་བརྒྱ་ཅན་བཞི”བསྐྲུན་ཏེ། ལྗང་མདོག་དང་སྐྱེ་ལྡན། བདེ་འཇགས། སྤུས་མཐོ་ཡིན་པའི་ཞིང་ཕྱུགས་ཐོན་རྫས་ཀྱི་ཐོན་སྐྱེད་དང་འདོན་སྤྲོད་བྱེད་པར་ཤུགས་བསྣན་དགོས། རྣམ་པ་གསར་བའི་བདག་གཉེར་བྱེད་པོ་དར་རྒྱས་སུ་གཏོང་བ་དང། རྣམ་པ་གསར་བའི་ལས་རིགས་ཞིང་པ་སྐྱེད་སྲིང་བྱ་དགོས། ཞིང་སྡེའི་ཐོན་ལས་དང་པོ་གཉིས་པ་གསུམ་པ་མཉམ་འདྲེས་ངང་གོང་དུ་སྤེལ་སྟངས་འཚོལ་ཞིབ་བྱེད་པ་དང། “གཉིས་སྦྲེལ་གསུམ་མཐུད”ཀྱི་ཐོན་ལས་སྦྲེལ་རྡང་དང་རིན་ཐང་སྦྲེལ་རྡང་འཛུགས་སྐྱོང་དང་རྒྱུན་སྲིང་བྱས་ཏེ། ཞིང་ཕྱུགས་ལས་ཀྱི་ཐོན་ལས་སྦྲེལ་རྡང་ཧྲིལ་བོའི་ཁེ་བཟང་ཇེ་མཐོར་གཏང་དགོས། “སྔོ་ཚལ་ལྡུམ་ར”ལེགས་པོར་བསྐྲུན་པ་དང། “སྔོ་ཚལ་སླེ་བོ”ཕུན་སུམ་ཚོགས་པ། “སྔོ་ཚལ་ཚོང་སྟེགས”ལེགས་པར་འགོད་པ། “སྔོ་ཚལ་ཚོང་པ”ཚད་ལྡན་དུ་གཏོང་བ་བཅས་བརྒྱུད། ཞིང་པས་སྔོ་ཚལ་འཚོང་དཀའ་བ་དང་མང་ཚོགས་ཀྱིས་སྔོ་ཚལ་ཉོ་དཀའ་བའི་གནད་དོན་ཐག་གཅོད་ལེགས་པོ་བྱས་ཏེ། ཁྲོམ་རའི་རིན་གོང་བརྟན་འཇགས་ཡོང་བ་ཁག་ཐེག་བྱ་དགོས། ཟས་རིགས་སྨན་རྫས་ཀྱི་བདེ་འཇགས་ལ་ལྟ་སྐུལ་དོ་དམ་བྱེད་པར་དངོས་གནས་ཤུགས་སྣོན་པ་དང། ཞིང་ལས་ཐོན་རྫས་འདོན་སྤྲོད་གོ་འཕེར་བྱེད་པར་ཤུགས་བསྣན་ཏེ། མང་ཚོགས་ཀྱིས་བཟའ་ཐུབ་པ་དང། ཟོས་ན་ཉེན་ཁ་མེད་ཅིང་བློ་སེམས་བདེ་བ་བྱ་དགོས། བཟོ་ལས་དཔལ་འབྱོར་ཇེ་ཆེ་ཇེ་སྟོབས་ཇེ་ལེགས་སུ་གཏང་དགོས། ལྗང་མདོག་འཁོར་སྐྱོད་ཐཱན་དམའ་བཅས་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང། ཀྲུང་གོ་བཟོ་སྐྲུན2025ལས་མཚོ་སྔོན་འགུལ་སྐྱོད་ཇུས་གཞི་གཏིང་ཟབ་པར་ལག་བསྟར་བྱས་ཏེ། ཚྭ་མཚོའི་རྫས་བཟོ་དང། མདོག་ལྡན་ལྕགས་བཞུ། ནུས་ཁུངས་རྫས་བཟོ། ཁྱད་ལྡན་ཡང་བའི་བཟོ་ལས། བཟོ་སྐྲུན་རྒྱུ་ཆ་སོགས་སྲོལ་རྒྱུན་གྱི་ཐོན་ལས་ལ་སྒྱུར་བཀོད་དང་རིམ་སྤར་བྱ་དགོས་པ་དང། ཚྭ་མཚོའི་ལི་དང་མའེ་སོགས་ཐོན་ཁུངས་ཕྱོགས་བསྡུས་ངང་འདོན་སྤེལ་དང་བེད་སྤྱོད་བྱེད་ཚད་ཇེ་མགྱོགས་སུ་བཏང་སྟེ། ཐོན་ལས་སྦྲེལ་རྡང་གི་རྒྱ་བསྐྱེད་དང་མཉམ་འདྲེས་ལ་སྐུལ་འདེད་བྱ་དགོས། “ལྗང་མདོག་གི་ཐོན་ལས་ལག་རྩལ་མ་ལག་ཆེན་པོ་བརྒྱད”འཛུགས་སྐྱོང་བྱེད་པ་དང། ནུས་ཁུངས་གསར་བ་དང་རྒྱུ་ཆ་གསར་བ། ཆ་འཕྲིན་ལག་རྩལ། སྐྱེ་དངོས་སྨན་རྫས། མཐོ་རྩེའི་སྒྲིག་ཆས་བཟོ་སྐྲུན་སོགས་གསར་དར་ཐོན་ལས་སྐྱེད་སྲིང་བྱ་དགོས་ལ། རྒྱལ་ཡོངས་ལ་ཤུགས་རྐྱེན་འདོན་ནུས་པའི་ལི་གློག་སྨན་ཐོན་ལས་རྟེན་གཞི་དང་འོད་ཝོལ་བཟོ་སྐྲུན་ལྟེ་གནས་བསྐྲུན་དགོས། གཙོ་གནད་ས་ཁུལ་གྱི་ཐོན་ཁུངས་རྩད་བཤེར་བྱེད་ཤུགས་ཇེ་ཆེར་བཏང་སྟེ། ལྗང་མདོག་འཕེལ་རྒྱས་ལ་རྒྱུན་མཐུད་རུང་བའི་འདེགས་སྐྱོར་འདོན་སྤྲོད་བྱ་དགོས། དེང་རབས་ཞབས་ཕྱི་ལས་རིགས་ཀྱི་བང་རིམ་དང་ཆུ་ཚད་མཐོར་འདེགས་གཏང་དགོས། ཤུགས་བསྒྲིམས་ནས་དེང་རབས་ཟོང་སྐྱེལ་དང་བཟོ་ལས་ཇུས་འགོད། ནུས་སྲི་ཁོར་སྲུང་ཞབས་ཕྱི། གློག་རྡུལ་ཚོང་དོན་སོགས་ཐོན་སྐྱེད་རང་བཞིན་གྱི་ཞབས་ཕྱི་ལས་རིགས་གོང་དུ་སྤེལ་དགོས་ལ། བཟོ་ལས་འཛད་སྤྱོད་དངོས་པོ་དང་ཟས་རིགས་གཙོར་བཟུང་སྟེ། རིགས་སྣ་འཕར་སྣོན་དང་རྒྱུ་སྤུས་མཐོར་འདེགས། ཚོང་རྟགས་གསར་སྐྲུན་བྱེེད་པའི་ཆེད་དམིགས་འགུལ་སྐྱོད་གཏིང་ཟབ་ཏུ་སྤེལ་བ་དང། ཤུགས་བསྒྲིམས་ནས་མཐོ་རིམ་འབྲིང་རིམ་གྱི་འཛད་སྤྱོད་དངོས་པོ་འདོན་སྤྲོད་བྱེད་ནུས་མཐོར་འདེགས་གཏང་དགོས། ཚོང་ལས་ཟོང་སྐྱེལ་ཚད་ལྡན་དུ་བསྒྱུར་བའི་ཆེད་དམིགས་འགུལ་སྐྱོད་སྤེལ་བ་དང། འཁྱགས་རྡང་ཟོང་སྐྱེལ་ཆ་འཕྲིན་ཅན་དང་ཚད་གཞི་ཅན་དུ་བསྒྱུར་བ་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བྱས་ཏེ། འཁོར་རྒྱུག་གི་ཕན་ཕྱོད་ཇེ་མཐོར་གཏང་དགོས། ཁྱིམ་ཚང་ཆུང་འགྱུར་དང་མི་འབོར་རྒས་འགྱུར་གྱིི་འཕེལ་ཕྱོགས་ལ་བསྟུན་ནས། ཁྱིམ་ལས་ཞབས་ཕྱི་མགྱོགས་མྱུར་ངང་སྤེལ་བ་དང། སྤྱི་ཚོགས་ཀྱི་དགོས་མཁོ་སྐོང་ཐུབ་པའི་ཞིབ་ཚགས་ཅན་དང་མི་གཤིས་ཅན། ཁྱད་ཆོས་ཅན་གྱི་ཞབས་ཕྱི་ཚོང་རྟགས་སྔར་བས་མང་པོ་བསྐྲུན་ཏེ། རྒན་པ་དག་ལ་དྲོད་སྐྱིད་འཁོལ་བའི་བདག་སྐྱོང་ཐོབ་པ་དང། ཕྲུ་གུ་དག་ལ་བློ་སེམས་ཞིབ་མོའི་སྙོར་སྐྱོང་ཐོབ་པ། ན་གཞོན་ཚོ་རྙོག་འཛིང་གི་ཁྱིམ་ལས་ཐར་ཏེ་སེམས་རྣལ་མོས་ལས་སྤེལ་ལ་གཞོལ་ཐུབ་པ་བཅས་བྱ་དགོས། ཡུལ་སྐོར་ལས་རིགས་ཀྱི་འཕེལ་རྒྱས་ནུས་པ་དང་ཆུ་ཚད་མཐོར་འདེགས་གཏོང་བ་དང། ཁོངས་ཡོངས་ཡུལ་སྐོར་ཤུགས་ཆེན་པོས་སྤེལ་དགོས། ཡུལ་སྐོར་ལས་རིགས་དེ་རིག་གནས་དང་ལུས་རྩལ། བདེ་གསོ་སོགས་ཀྱི་ཐོན་ལས་ལ་གཏིང་ཟབ་པར་འདྲེས་སུ་བཅུག་སྟེ། ས་སྟེང་སྐྱེ་བོ་ཀུན་ལ་མཛེས་སྡུག་རྨད་དུ་བྱུང་བའི་མཚོ་སྔོན་བག་ཆགས་དང་མཚོ་སྔོན་གཟི་ཉམས་མངོན་དགོས། ཨ་ཆེན་གངས་རྒྱབ་འཛམ་གླིང་རང་བྱུང་ཤུལ་ནོར་གྲས་སུ་འགོད་པར་སྙན་སེང་ཞུ་བའི་མཐའ་མཇུག་གི་བྱ་བ་ཏན་ཏིག་གིས་སྤེལ་ནས་ལེགས་འགྲུབ་འབྱུང་བར་བརྩོན་དགོས།

(བཞི)སྔར་ལས་ལྷག་པར་གྲོང་ཁྱེར་གྲོང་གསེབ་ཀྱི་ས་ཁོངས་ལ་གཅིག་གྱུར་འཆར་འགོད་བྱས་ཏེ། མཚོ་སྔོན་ས་ཁོངས་ཡོངས་ཀྱི་སྤྱི་ཁོག་རྩོལ་ནུས་སྔར་བས་མཐུན་སྦྱོར་ཡོང་བ་བྱ་དགོས།

  མི་སྲོག་ཤིང་དུ་འཛིན་པའི་མཁར་གྲོང་ཅན་གསར་བ་མགྱོགས་མྱུར་ངང་སྤེལ་དགོས། མཁར་གྲོང་ཅན་གསར་བའི་འཛུགས་སྐྲུན་སོགས“ལག་བསྟར་བསམ་འཆར”བཞི་ནན་ཏན་གྱིས་དོན་འཁྱོལ་བྱེད་པ་དང། མཁར་གྲོང་ཅན་གསར་བའི་ཕྱོགས་བསྡུས་ཚོད་ལྟའི་གནས་ལེགས་པོར་བསྒྲུབ་དགོས། སྡོད་དཔང་ལམ་ལུགས་ཕྱོགས་ཡོངས་ནས་ལག་ལེན་དུ་བསྟར་བ་དང། མཁར་གྲོང་གི་གཞི་རྩའི་སྤྱི་པའི་ཞབས་ཕྱི་དེ་རྒྱུན་སྡོད་མི་འབོར་ཡོངས་ལ་ཁེབས་ཐུབ་པ་བྱ་དགོས། ཁྱད་ཆོས་ལྡན་པའི་མཁར་གྲོང་ཆུང་བ་མགྱོགས་མྱུར་ངང་གོང་དུ་སྤེལ་བ་དང། མཚོ་ནུབ་ཀྱི་ཁུལ་བགོ་ལེགས་སྒྲིག་ཇུས་གཞི་ལ་ཅི་ཐུབ་ཀྱིས་ཆོག་མཆན་ཐོབ་ཐབས་བྱ་དགོས། གུང་ཧོ་དང་ཐུན་རིན། ཁྲི་ཀ ཧའེ་ཡན། རྨ་ཆེན་བཅས་སུ་རྫོང་བསྒྱུར་ནས་གྲོང་ཁྱེར་འཛུགས་པ་དང་སྐུ་འབུམ་དུ་རྫོང་བསྒྱུར་ནས་ཆུའུ་འཛུགས་པའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ་དང། མིན་ཡོན་དང་མེན་ཧོ་དང་ཧུའུ་ཀྲུའུ་བཅས་མི་རིགས་རང་སྐྱོང་རྫོང་གསུམ་གྱི་འཆར་འགོད་དང་འཛུགས་སྐྲུན་དང་དོ་དམ་བཅའ་གྲོང་ཁྱེར་ལམ་སྲོལ་དུ་བསྒྱུར་བར་སྐུལ་འདེད་བྱ་དགོས། མཛེས་པའི་མཁར་གྲོང16དང་མཐོ་སྒང་གི་མཛེས་པའི་གྲོང་ཚོ300བསྐྲུན་དགོས། ལོ་རྒྱུས་རིག་གནས་ཀྱི་མཁར་གྲོང་མིང་གྲགས་ཅན་དང་སྲོལ་རྒྱུན་གྲོང་སྡེ་ལ་ཤུགས་ཆེན་པོས་སྲུང་སྐྱོང་བྱ་དགོས། གྲོང་ཁྱེར་གྱི་ས་སྟེང་ས་འོག་གི་འཛུགས་སྐྲུན་ལ་གཅིག་གྱུར་འཆར་འགོད་བྱེད་པ་དང། མཚོ་བལ་གྲོང་ཁྱེར་དང་ས་འོག་ཕྱོགས་བསྡུས་སྦུག་ཁྱམས། རིག་པའི་གྲོང་ཁྱེར་གྱི་ཚོད་ལྟའའི་གནས་བསྟུད་མུར་སྐུལ་སྤེལ་བྱས་ཏེ། མཁར་གྲོང་གི་འཚོ་བ་སྔར་བས་ཁམས་ལ་མཐུན་པ། སྔར་བས་ལས་ལ་འཚམ་པ། སྔར་བས་སྡོད་པར་འཕྲོད་པ་ཞིག་ཏུ་འགྱུར་བར་སྐུལ་འདེད་བྱ་དགོས།

  གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཐོན་ཁུངས་བགོ་སྒྲིག་ལེགས་སྒྱུར་བྱ་དགོས། རྨང་གཞིའི་སྒྲིག་བཀོད་དང་གཞི་རྩའི་སྤྱི་པའི་ཞབས་ཕྱི་དོ་མཉམ་ངང་བགོ་སྒྲིག་བྱེད་པར་སྐུལ་འདེད་དང། མཁར་གྲོང་གི་རྒྱ་ལམ་དང་གད་སྙིགས་གཙང་སེལ། ཆུ་དྲོད་འདོན་སྤྲོད་སོགས་རྨང་གཞིའི་སྒྲིག་བཀོད་དག་རོང་འབྲོག་ཁུལ་དུ་མགྱོགས་མྱུར་ངང་རྒྱ་བསྐྱེད་དགོས་ལ། གད་སྙིགས་ལ་རིགས་དབྱེ་ནས་ཐག་གཅོད་པའི་ཁྱབ་རྒྱ་ཇེ་ཆེར་གཏང་དགོས། རྫོང་ཁོངས་སུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འགན་བབས་སློབ་གསོ་གཞི་གཅིག་ཅན་དུ་བསྒྱུར་བའི་བཅོས་སྒྱུར་གོང་སྤེལ་བྱ་བ་གཅིག་གྱུར་སྒོས་སྤེལ་བ་དང། མཐའ་འཁོབ་དབུལ་ཕོངས་ས་ཁུལ་དང་མི་རིགས་ས་ཁུལ་གྱི་འཇོན་མིར་རྒྱབ་སྐྱོར་བྱེད་པའི་འཆར་གཞི་ལག་བསྟར་བྱ་དགོས། འཆར་གཞི་ཡོད་པའི་སྒོ་ནས་མཁར་གྲོང་གི་དགེ་རྒན་མཐའ་འཁོབ་ས་ཁུལ་དང་དབུལ་ཕོངས་ས་ཁུལ། མི་རིགས་ས་ཁུལ་བཅས་སུ་སློབ་གསོར་རྒྱབ་སྐྱོར་བྱེད་དུ་མངག་དགོས་པ་དང། གཞུང་གཉེར་སྨན་ཁང་ཆེན་མོའི་སྨན་པ་ཞིང་སྡེ་འབྲོག་ཁུལ་དང་སྲང་ལམ་གཞིས་ཁུལ་དུ་སོང་ནས་སྨན་བཅོས་ཞབས་ཕྱི་བསྒྲུབ་པར་བསྟོད་སྐུལ་བྱ་དགོས།

  ས་ཁོངས་ཀྱི་མཐུན་སྦྱོར་འཕེལ་རྒྱས་ཆུ་ཚད་མཐོར་འདེགས་བྱ་དགོས། ལན་ཇུ་ནས་ཟི་ལིང་གི་གྲོང་ཁྱེར་ཁྱུ་ཚོགས་གོང་སྤེལ་འཆར་འགོད་སྒྲིག་པའི་བྱ་བར་སྐུལ་འདེད་བྱ་དགོས་ཤིང། “ལྟེ་གཅིག་རྒྱུད་གཉིས་མུ་ཁྱུད་གཅིག”གི་བཀོད་པ་གསར་བ་དོན་ཐོག་ཏུ་འཁྱོལ་བར་བྱས་ཏེ། ཤར་རྒྱུད་གྲོང་ཁྱེར་ཁྱུ་ཚོགས་ཇེ་མགྱོགས་ཇེ་ཆེར་གཏོང་བ་དང་རིགས་སྒྱུར་རིམ་སྤར་བྱེད་པར་སྐུལ་འདེད་བྱ་དགོས། མཚོ་ནུབ་ཀྱི་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ་དང་དཔལ་འབྱོར་རིགས་སྒྱུར་བྱེད་པའི་བསམ་འཆར་དོན་ཐོག་ཏུ་འཁྱོལ་བར་བྱེད་པ་དང། ནུས་ཁུངས་གསར་བ་དང་རྒྱུ་ཆ་གསར་བའི་ཐོན་ལས་རྡང་གསབ་ལས་གཞི་སྐོར་ཞིག་ལག་བསྟར་བྱ་དགོས། མཚོ་སྔོན་པོའི་མཐའ་འཁོར་གྱི་ཁྱད་ལྡན་འདེབས་གསོ་དང་ལས་སྣོན། ཡུལ་སྐོར་སོགས་ཀྱི་ཐོན་ལས་གོང་དུ་སྤེལ་དགོས། མཚོ་སྔོན་ལྷོ་རྒྱུད་ཀྱི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཕྱི། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བཅས་ཀྱི་འཛུགས་སྐྲུན་ལ་ཤུགས་བསྣན་དགོས། མཚོ་སྔོན་ཀན་སུའུ་སི་ཁྲོན་བཅས་ཞིང་ཆེན་གསུམ་གྱི་འབྲེལ་མཚམས་ས་ཁུལ་གྱི་བདེ་འཇགས་དང་དར་སྤེལ་འཆར་འགོད་སྔར་ལས་ལྷག་པར་ལག་བསྟར་བྱ་དགོས། རྫོང(གྲོང་ཁྱེར་རམ་ཆུས)སོ་སོས་ཐོན་ཁུངས་དགེ་མཚན་དང་ཁུལ་གནས་དགེ་མཚན་བསྣོལ་མར་གོང་དུ་སྤེལ་བར་རྒྱབ་སྐྱོར་དང་། ཐོན་ལས་ཀྱི་བར་སྟོང་བཀོད་པ་དང་རྩོལ་ནུས་གོ་གནས་ལེགས་བསྒྱུར་བྱས་ཏེ། རྫོང་ཁོངས་དཔལ་འབྱོར་གྱིས་ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་ཁྲོད་བྱས་རྗེས་བཞག་ཕྱོད་ཇེ་མཐོར་གཏང་དགོས།

  ཐོན་ལས་གླིང་ཁུལ་སོ་སོའི་འགྲན་རྩོད་ནུས་པ་ཇེ་དྲག་ཏུ་གཏང་དགོས། ཐོན་ལས་གླིང་ཁུལ་སོ་སོའི་འཕེལ་རྒྱས་གོ་གནས་སྔར་ལས་ལྷག་པར་ངེས་གསལ་བྱེད་པ་དང། ཐོན་ལས་གླིང་ཁུལ་སོ་སོའི་ལམ་སྲོལ་རྐྱེན་སྲོལ་སྔར་ལས་ལྷག་པར་མཐུན་འགྲིག་ཡོང་བར་བྱ་དགོས་ལ། ཐོན་ལས་གླིང་ཁུལ་སོ་སོར་དོ་དམ་དབང་ཆ་དང་རང་བདག་དབང་ཆ་སྔར་བས་མང་པོ་སྤྲོད་དགོས། གསར་གཏོད་དང་འཁོར་སྐྱོད། དཔེ་སྟོན་བཅས་ཀྱི་རྩོལ་ནུས་འབུར་དུ་དོད་ཅིང། གཙོ་ཁྲིད་ཐོན་ལས་གཅིག་བསྡུ་བྱས་ཏེ། ཐོན་ལས་གླིང་ཁུལ་སོ་སོའི་སྒུལ་ཤུགས་དང་གསོན་ཤུགས་སྐུལ་སློང་བྱ་དགོས། ཆུ་འདོན་གཏོང་དང་གློག་ཤུགས། རྒྱ་ལམ། སོལ་རླངས་སོགས་ཀྱི་ལས་གཞི་སྐོར་ཞིག་ལག་བསྟར་བྱེད་པ་བརྒྱུད་དེ། ཐོན་ལས་གླིང་ཁུལ་གྱི་ཐེག་ནུས་དང་ཕྱོགས་བསྡུས་རྩོལ་ནུས་མཐོར་འདེགས་བྱ་དགོས། དེ་དང་ཆབས་ཅིག་ཏུ་གླིང་ཁུལ་ཕྱི་རོལ་གྱི་ཐོན་ལས་གོང་དུ་སྤེལ་བའི་གནད་དོན་ཐག་གཅོད་ལེགས་པོ་བྱ་དགོས་ལ། གླིང་ཁུལ་ཕྱི་ནང་གི་ཐོན་ལས་ཕན་ཚུན་འགུལ་རེས་དང་འཕེལ་རྒྱས་འགྲན་རྩོད་ལ་སྐུལ་འདེད་བྱས་ཏེ། ཁེ་ལས་ཀྱིས་ལོངས་སྤྱོད་སྤེལ་བའི་རྨང་རྩ་མུ་མཐུད་དུ་སྲ་བརྟན་དུ་གཏང་དགོས།

  (ལྔ)སྔར་ལས་ལྷག་པར་དམངས་ཚིས་འགན་སྲུང་དང་ལེགས་བཅོས་བྱས་ཏེ། སྤྱི་ཚོགས་སྔར་བས་འཆམ་མཐུན་བརྟན་འཇགས་ཡོང་བ་བྱ་དགོས།

  དབུལ་སྒྲོལ་འགག་གཏོར་བྱས་ཏེ། དམངས་ཚིས་ཀྱི“དཀའ་གནད”བསལ་དགོས། གནད་ཁེལ་དབུལ་སྐྱོར་དང་གནད་ཁེལ་དབུལ་སྒྲོལ་གྱི་སྣ་འདུས་བཀོད་པ“1+8+10”ལེགས་པོར་སྤེལ་བ་དང། དབུལ་སྐྱོར་རྐྱེན་སྲོལ་གསར་གཏོང་བྱ་དགོས། ཁྲག་འདྲེན་པའི་རྒྱུན་སྐྱོང་བ་དང་། ཁྲག་སྐྱེ་ནུས་ཇེ་དྲག་ཏུ་གཏོང་བ། ཁྲག་ཤོར་བ་སྔོན་འགོག་བྱས་ཏེ། དབུལ་སྒྲོལ་འགག་གཏོར་གྱི་འབྲས་བུ་སྲ་བརྟན་དུ་གཏང་དགོས། གཞན་ཡུལ་དབུལ་སྐྱོར་གནས་སྤོ་ལ་རྩ་འཛུགས་ལེགས་པོ་བྱེད་པ་དང། ཡུལ་གྱི་གནས་བབས་ལ་བསྟུན་ནས་རྗེས་མཐུད་ཐོན་ལས་གོང་དུ་སྤེལ་དགོས་ཤིང། དབུལ་སྐྱོར་གྱིས་གནད་ལ་ཁེལ་བར་སྐྱོར་བ་དང་རྩ་བ་ནས་སྐྱོར་ཏེ། དབུལ་ཕོངས་རྫོང11གི་ཞྭ་མོ་ཕུད་པ་དང། དབུལ་ཕོངས་སྡེ་བ500ཕྱིར་འཐེན་པ། དབུལ་ཕོངས་མི་འབོར་ཁྲི14དབུལ་ལས་སྒྲོལ་བ་ཁག་ཐེག་བྱ་དགོས། ད་སྔ། གྲོང་ཁྱེར་དམའ་སྲུང་གི་མཐར་ལུས་མི་ཚོགས་དང་ཞིང་སྡེའི་དབུལ་ཕོངས་གི་མཐར་ལུས་མི་ཚོགས་ཀྱི་གནད་དོན་ཉིན་བཞིན་མངོན་གསལ་དུ་ཐོན་གྱིན་ཡོད་པས། དེ་ལ་མཐོང་ཆེན་ཚད་མཐོན་པོ་བྱ་དགོས་ལ། དམིགས་གཏད་རང་བཞིན་དྲག་པོ་ལྡན་པའི་ཐབས་བཀོད་འཐེན་ནས། འཆར་གཞི་ཡོད་ལ་གོ་རིམ་ལྡན་པའི་སྒོ་ནས་ཐག་གཅོད་གང་ལེགས་བྱ་དགོས། ལས་ཞུགས་དང་ཡོང་སྒོ་འཕར་བར་སྐུལ་འདེད་བྱས་ཏེ། དམངས་ཚིས་ཀྱི“འདེགས་གནས”བརྟན་པོ་ཡོང་བ་བྱ་དགོས། མཐོ་རིམ་སློབ་གླིང་གི་མཐར་ཕྱིན་སློབ་མ་དང་གྲོང་ཁྱེར་གྲོང་གསེབ་ཀྱི“རྗེས་གཉིས་སློབ་མ།”ཐོན་ནུས་བསྐྱུངས་པའི་རིམ་འགྲེམ་ལས་བཟོ་པ། ལས་ཞུགས་དཀའ་ངལ་ཡོད་པའི་མི་སོགས་གཙོ་གནད་ཀྱི་ལས་ཞུགས་མི་ཚོགས་འབུར་དུ་དོད་ནས། མཐོ་རིམ་སློབ་གླིང་གི་མཐར་ཕྱིན་སློབ་མའི་ལས་ཞུགས་ལས་སྤེལ་སྐུལ་འདེད་འཆར་གཞི་དང་གྲོང་ཁྱེར་གྲོང་གསེབ་ཀྱི“རྗེས་གཉིས་སློབ་མའི”ངལ་རྩོལ་ནུས་རྩལ་གསོ་སྦྱོང་འཆར་གཞི། ཐོན་ནུས་བསྐྱུངས་པའི་རིམ་འགྲེམ་ལས་བཟོ་པའི་ཡང་བསྐྱར་གསོ་སྦྱོང་འཆར་གཞི་བཅས་གཏིང་ཟབ་ཏུ་སྤེལ་བ་དང། ཁྱད་ཆོས་ལྡན་པའི་ངལ་ལས་ཚོང་རྟགས་ཤུགས་ཆེན་པོས་བསྐྲུན་ཞིང། རོང་འབྲོག་ཁུལ་གྱི་ངལ་རྩོལ་པ་གོ་རིམ་ལྡན་པའི་སྒོ་ནས་གནས་སྤོ་བྱེད་པར་བསྟོད་སྐུལ་དང་ཁྲིད་སྟོན་བྱས་ཏེ། ལས་ཞུགས་ཀྱི་གཞི་རྩ་བརྟན་རླིང་ཡོང་བ་བྱ་དགོས། དཔལ་འབྱོར་གོང་སྤེལ་དང་ཡོང་འབབ་འཕར་སྣོན་ལ་ཁྱད་མེད་དུ་གཙིགས་འཛིན་བྱེད་པ་རྒྱུན་འཁྱོངས་དང། ཡོང་འབབ་བགོ་བཤའ་ལམ་ལུགས་ཀྱི་བཅོས་སྒྱུར་སྔར་ལས་ལྷག་པར་གཏིང་ཟབ་ཏུ་སྤེལ་ཞིང། རྒྱུ་ནོར་རང་བཞིན་དང་ཚོང་གཉེར་རང་བཞིན་གྱི་ཡོང་འབབ་འཕར་སྣོན་ལ་ཁྲིམས་ལྟར་སྲུང་སྐྱོང་བྱས་ཏེ། མི་དམངས་ལ་བརྟེན་ནས་འཕེལ་རྒྱས་སུ་གཏོང་བ་དང། མི་དམངས་ཀྱི་ཆེད་དུ་འཕེལ་རྒྱས་སུ་གཏོང་བ། འཕེལ་རྒྱས་འབྲས་བུ་མི་དམངས་ཀྱིས་ལོངས་སུ་སྤྱོད་པ་བཅས་བླ་ལྷག་གིས་མངོན་དགོས། སྤྱི་ཚོགས་ལས་དོན་མགྱོགས་མྱུར་ངང་གོང་དུ་སྤེལ་ནས། དམངས་ཚིས་ཀྱི“ཚ་གནད”ལ་ལན་གློན་དགོས། སློབ་སྔོན་སློབ་གསོའི་སྐབས་གསུམ་པའི་ལོ་གསུམ་འགུལ་སྐྱོད་འཆར་གཞི་ལག་བསྟར་བྱེད་མགོ་རྩོམ་པ་དང། འགན་བབས་སློབ་གསོར་ཕྱོགས་ཡོངས་ནས་ཞན་ཆ་ལེགས་བཅོས་བྱེད་པའི་ལས་གྲྭ་མུ་མཐུད་ལག་བསྟར་བྱ་དགོས། ལོ15ཡི་རིན་མེད་སློབ་གསོའི་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་དགོས་ལ། དེང་རབས་ལས་རིགས་སློབ་གསོ་ཤུགས་ཆེན་པོས་གོང་དུ་སྤེལ་བ་དང། མཐོ་རིམ་ལས་རིགས་སློབ་གླིང་དང་ཐོན་ལས་གླིང་ཁུལ་སྦྲེལ་མཐུད་གོ་ཆོད་བྱ་དགོས། མཐོ་རིམ་སློབ་གླིང་གི་བསླབ་ཚན་འཛུགས་སྐྲུན་ཆུ་ཚད་མུ་མཐུད་དུ་ཇེ་མཐོར་བཏང་སྟེ། དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་སྔར་བས་ཞབས་ཕྱི་འདོན་ཐུབ་པ་བྱ་དགོས། བདེ་ཐང་མཚོ་སྔོན་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང། བདེ་ཐང་སློབ་གསོ་ཧུར་ཐག་གིས་སྤེལ་བ་དང། ཕྱོགས་བསྡུས་གསོ་སྨན་བཅོས་སྒྱུར་ཚོད་ལྟའི་གནས་ཀྱི་ལས་འགན་གཙོ་བོ་དག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱ་དགོས་ཤིང། སྨན་བཅོས་དང་གསོ་སྐྱོང་ཟུང་འབྲེལ་གྱི་འཕེལ་རྒྱས་མ་དཔེ་འཚོལ་ཞིབ་བྱས་ཏེ། ཉིན་རེར་འཕར་གྱིན་པའི་མང་ཚོགས་ཀྱི་བདེ་ཐང་དང་རྒན་གསོ་དགོས་མཁོ་བསྐང་དགོས། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཕྱིའི་ཆུ་ཚད་མཐོར་འདེགས་གཏོང་བ་དང། མང་ཚོགས་ཀྱིས་ནད་ལ་བལྟ་ན་དཀའ་ངལ་ཆེ་བ་དང་ནད་ལ་བལྟ་ན་འགྲོ་སོང་མཐོ་བའི་ཁུར་བོ་སྔར་བས་ཇེ་ཡང་དུ་གཏང་དགོས། ཞིང་ཆེན་བརྒལ་ནས་ཡུལ་གཞན་དུ་སྨན་པ་བསྟེན་ན་སྨན་བཅོས་འགན་བཅོལ་དུས་ཐོག་ཏུ་རྩིས་རྒྱག་ཐུབ་པ་མགྱོགས་མྱུར་ངང་སྤེལ་ཏེ། མང་ཚོགས་ཀྱིས་སྨན་ཁང་བརྗེས་ནས་སྨན་པ་བསྟེན་པར་སྟབས་བདེ་བཟོ་དགོས། སྤྱི་ཚོགས་འགན་སྲུང་མ་ལག་ཆ་ཚང་བར་འཛུགས་པ་དང། སྤྱི་ཚོགས་ཀྱི་རྒུད་སྐྱོབ་རོགས་སྐྱོབ་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། མི་ཚོགས་འདྲ་མིན་ཐམས་ཅད་གཟི་ཉམས་མ་ཤོར་འཚོ་བ་རོལ་ཐུབ་པ་འགན་སྲུང་བྱ་དགོས། རིག་གནས་དམངས་ཕན་ལས་གྲྭ་ལག་བསྟར་བྱེད་པ་དང། དམངས་ཡོངས་ཀྱིས་དཔེ་ཆ་ཀློག་པར་སྐུལ་སློང་བྱེད་པ་དང། རྒྱང་བསྒྲགས་བརྙན་འཕྲིན་སྡེ་བ་ཀུན་ལ་ཁྱབ་པ་དེ་རིམ་པ་བསྟད་ནས་ཁྱིམ་ཚང་ཀུན་ལ་ཁྱབ་ཐུབ་པ་བྱ་དགོས་ལ། ཤང་ངམ་གྲོང་རྡལ་གྱི་རིག་གནས་ས་ཚིགས་དང་སྡེ་བའི་རིག་གནས་ཞབས་ཕྱི་ལྟེ་གནས་སྐོར་ཞིག་སྒྱུར་བཀོད་དང་མཐོར་འདེགས་བྱ་དགོས། དམངས་ཡོངས་ཀྱིས་ལུས་ཕུང་སྦྱོང་བརྡར་བྱེད་པའི་འགུལ་སྐྱོད་ཤུགས་ཆེན་པོས་སྤེལ་དགོས། སྤྱི་ཚོགས་བཅོས་སྐྱོང་བྱེད་ཐབས་གསར་གཏོད་བྱས་ཏེ། དོ་དམ་གྱི“རྨོངས་ཁུལ”གཙང་སེལ་བྱ་དགོས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྔོན་ཐོན་ཁུལ་གསར་སྐྲུན་གཏིང་ཟབ་ཏུ་སྤེལ་བ་དང། མི་རིགས་སོ་སོ་འབྲེལ་འདྲིས་དང་བརྗེ་རེས་བྱེད་ཅིང་འོ་ཆུ་བཞིན་འདྲེས་པར་སྐུལ་འདེད་བྱས་ཏེ། རིགས་སོ་སོའི་མི་དམངས་མཐུན་སྒྲིལ་ཡོང་བའི་སྲོག་རྩ་སྲུང་སྐྱོང་བྱ་དགོས། ཆོས་ལུགས་ཀྲུང་གོ་ཅན་དུ་བསྒྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང། ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་དོ་དམ་བྱས་ཏེ། ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ལ་འཕྲོད་པར་སྣེ་སྟོན་བྱ་དགོས། སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་གཏིང་ཟབ་ཏུ་སྤེལ་བ་དང། ཡིག་སྐུར་ངོ་གཏུག་དང་མི་དམངས་བར་སྡུམ། སྲིད་འཛིན་བར་སྡུམ་བཅས་ཀྱི་བྱ་བ་ལེགས་པོར་བསྒྲུབས་ཏེ། འགལ་བ་དང་རྩོད་གཞིར་སྔོན་འགོག་དང་སྡུམ་སེལ་གོ་ཆོད་བྱ་དགོས། གཙོ་གཞི་འགན་འཁྲི་དོན་ཐོག་ཏུ་འཁྱོལ་བ་དང། བདེ་འཇགས་ལ་གནོད་པའི་ཉེན་ཁ་ལེབ་བཤེར་དང། ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་བྱས་ཏེ། མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ཡོང་བ་འགན་སྲུང་བྱ་དགོས། གཉིས་བཀུར་མཉམ་སྐྲུན་གཏིང་ཟབ་ཏུ་སྤེལ་ཏེ། དམག་དམངས་མཉམ་འདྲེས་ཡོང་བར་སྐུལ་འདེད་བྱ་དགོས། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་ཤུགས་ཆེན་པོས་དར་སྤེལ་བྱེད་པ་དང། རིག་གནས་བྱེད་སྒོ་སྤེལ་སར་དོ་དམ་ལེགས་པོ་བྱ་དགོས་ལ། དྲ་རྒྱའི་བར་ཁོངས་གཙང་མ་བཅའ་དགོས། “སྐར་ལྔ་རིམ་པའི་ཡ་རབས་ཁྱིམ་ཚང”འཛུགས་པར་བརྟེན་ནས། ཡ་རབས་ཕྲ་ཕུང་ལས་གྲྭ་ལག་བསྟར་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་ཁྱིམ་ཚང་དུ་རྩ་བ་ཚུགས་ཤིང། ཁྱིམ་ཚང་བཟང་པོའི་ཁྱིམ་སྲོལ་གྱིས་སྤྱི་དམངས་རེ་རེའི་བདེ་འཇགས་བདེ་ཐང་བདེ་སྐྱིད་ཀྱི་འཚོ་བར་འདེགས་སྐྱོར་ཐུབ་པ་བྱ་དགོས།

  མང་ཚོགས་ཀྱི་རེ་སྒུག་གསར་བར་བསྟུན་ནས། ད་ལོར་ང་ཚོས་མུ་མཐུད་དུ་དམངས་ཚིས་སྐོར་གྱི་དོན་དག10བསྒྲུབ་རྒྱུ་ཡིན་ཏེ། གྲོང་ཁྱེར་གྲོང་གསེབ་ཀྱི་ངལ་རྩོལ་པའི་ནུས་རྩལ་གསོ་སྦྱོང་མི་ཐེངས་ཁྲི8དང་། མཐོ་རིམ་སློབ་གླིང་གི་མཐར་ཕྱིན་སློབ་མའི་ལས་ཞུགས་བྱས་ཕྱོད85%ཡན་དུ་སྲུང་འཛིན་བྱ་རྒྱུ་དང། སྲིད་གཞུང་ལས་ཁུངས་དང་དོན་ལས་སྡེ་ཚན་དུ་མི5000ཡས་མས་བསྡུ་རྒྱུ་ཡིན། འགན་བབས་སློབ་གསོའི་སློབ་གྲྭས་སྤྱི་ཚོགས་ལག་ལེན་དང་སློབ་ཕྱིའི་བྱེད་སྒོར་གླ་བསྡུ་བའི་ལས་གཞི་མེད་པར་གཏང་བ་དང། གཞུང་སྤྱོད་འགྲོ་སོང་གི་གསབ་དངུལ་ཚད་གཞི་ཇེ་མཐོར་སྒོར50གཏང་རྒྱུ་དང། གཞུང་སྒྲུབ་བུ་བཅོལ་ཁང75གསར་སྐྲུན་དང་རྒྱས་སྐྲུན་བྱ་རྒྱུ་ཡིན། སྤྱི་ཚོགས་འགན་བཅོལ་གྱི་ཚད་གཞི་མཐོར་འདེགས་དང་ཞིང་བསྐྱེད་ཞིང་ཕན་གྱི་སྲིད་ཇུས་ཐབས་བཀོད་སོ་སོ་དོན་དུ་ཐོག་འཁྱོལ་བ་དང། ཟླ་ཕོགས་དམའ་ཤོས་ཀྱི་ཚད་གཞི་ལེགས་སྒྲིག་བྱ་རྒྱུ་ཡིན། གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་གཞི་རྩའི་རྒན་གསོ་འཚོ་དངུལ་ཟླ་རེར་མི་རེའི་ཆ་སྙོམས་ཚད་གཞི་ཇེ་མཐོར་སྒོར15དང། གྲོང་ཁྱེར་གྱི་དམའ་སྲུང་ཟླ་རེར་མི་རེའི་ཆ་སྙོམས་ཚད་གཞི་ཇེ་མཐོར་སྒོར50དང། ཞིང་སྡེའི་དམའ་སྲུང་ལོ་རེར་མི་རེའི་ཆ་སྙོམས་ཚད་གཞི་ཇེ་མཐོར་སྒོར350བཅས་གཏང་རྒྱུ་ཡིན། ཁྱེའུ་ཡི་འཚོ་བཅུད་ལེགས་བཅོས་དང་སྦྲུམ་མས་སྨན་ཁང་དུ་ཕྲུ་གུ་བཙའ་བའི་གསབ་དངུལ་དང། རོང་འབྲོག་ཁུལ་གྱི་བུད་མེད་ལ་རིན་མི་ལེན་པར“འབྲས་སྐྲན་རིགས་གཉིས”བརྟག་བཤེར་བྱེད་པའི་ལས་གཞི་མུ་མཐུད་དུ་ལག་བསྟར་བྱ་རྒྱུ་ཡིན། གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་མ་དངུལ་གྲབས་གསོག་ཚད་གཞི་དང་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་གྱི་ཞབས་ཕྱི་མི་སྣའི་མི་རེའི་ཆ་སྙོམས་གསབ་དངུལ། སྡེ་བའི་སྨན་པའི་ལས་གླ་བཅས་ཇེ་མཐོར་གཏང་བ་དང། སློབ་གྲྭ200ལ་འཕྲོད་བསྟེན་ཁང་བཀོད་སྒྲིག་གང་ལེགས་དང། གཅོང་ནད་ཅན2000ལ་རིན་མི་ལེན་པར་སྨན་བཅོས་དང། གཙོ་གནད་མི་ཚོགས་ལས་མི་ས་ཡ1ལ་ཐུམ་འབུའི་ནད་ཡོད་མེད་བརྟག་པ་དང། ཕྱོགས་བསྡུས་སྒོས་སྲིད་ཇུས་ལག་བསྟར་བྱས་ཏེ་ཆེས་ཆེ་བའི་ཚད་ནས་ནད་ཀྱིས་མི་དམངས་ཀྱི་བདེ་ཐང་ལ་གནོད་འཚེ་གཏོང་བ་ཐག་གཅོད་ཅི་ཐུབ་བཅས་བྱ་རྒྱུ་ཡིན། ཞིང་སྡེའི་གཞུང་ལམ་སྤྱི་ལེ6000གསར་སྐྲུན་ནམ་རྒྱས་སྐྲུན་དང། དམངས་ཕན་ཟམ་པའམ་ཨོར་ཁུང200གསར་སྐྲུན་དང། ཞིང་ཆེན་ཡོངས་ཀྱི་སྲིད་གཞུང་གིས་བུ་ལོན་འཇལ་གྱིན་པའི་རིམ་པ་གཉིས་པའི་གཞུང་ལམ་ལ་གླ་རིན་མི་ལེན་པ་བྱ་རྒྱུ་ཡིན། ན་རྒས་གསབ་དངུལ་ཟླ་རེར་མི་རེའི་ཚད་གཞི་ཇེ་མཐོར་སྒོར20གཏང་རྒྱུ་དང། གཞིས་ཁུལ་གྱི་རྒན་པར་ཉིན་མོར་ལྟ་སྐྱོང་ལྟེ་གནས30དང་སྨན་བཅོས་གསོ་སྐྱོང་མཉམ་འདྲེས་ཀྱི་ཞབས་ཕྱི་ལས་ཁུངས10གསར་དུ་འཛུགས་རྒྱུ་ཡིན། གཞི་རིམ་གྱི་ཕྱོགས་བསྡུས་རང་བཞིན་གྱི་རིག་གནས་ཞབས་ཕྱི་ལྟེ་གནས་འཛུགས་སྐྲུན་ལས་གཞི700ལག་བསྟར་བྱ་རྒྱུ་ཡིན། སྤྱིལ་ཁྱིམ་ཁུལ་གྱི་དུད་ཁ་ཁྲི5.6སྒྱུར་བཀོད་དང་རོང་འབྲོག་ཁུལ་གྱི་ཉེན་ཁང་དང་ཁང་རྙིང་དུད་ཁ་ཁྲི6སྒྱུར་བཀོད་བྱེད་པའི་ལས་གཞི་ལག་བསྟར་བྱ་རྒྱུ་ཡིན། དེ་དང་ཆབས་ཅིག་ཏུ། “གཉེན་ཆས”འཛུགས་སྐྲུན་ལ་ཤུགས་སྣོན་པ་དང། ལས་གཉེར་དོ་དམ་ཇེ་དྲག་ཏུ་བཏང་སྟེ། ཕྱོགས་བསྡུས་ཕན་འབྲས་ཇེ་མཐོར་གཏང་རྒྱུ་ཡིན། དོན་དག་འདི་དག་ཡག་པ་ཡོན་ཏན་གྱི་སྒོ་ནས་ལེགས་འགྲུབ་བྱུང་ཚེ། རིགས་སོ་སོའི་མི་དམངས་ཀྱི་བདེ་སྐྱིད་སྟོན་གྲངས་སྔར་ལས་ཇེ་མཐོར་འགྲོ་བར་ཡིད་ཆེས་ཡོད།

  (དྲུག)སྔར་ལས་ལྷག་པར་ཕྱི་ནང་མཉམ་འགུལ་ཇེ་དྲག་ཏུ་བཏང་སྟེེ། སྒོ་འབྱེད་མཉམ་ལས་ལ་སྔར་བས་སྐྱེ་སྟོབས་འབར་ཞིང་གསོན་ཤུགས་རྒྱས་པར་བྱ་དགོས།

  “རྒྱུད་གཅིག་ལམ་གཅིག”དོན་གཉེར་མཉམ་ལས་ཟབ་སྤེལ་བྱ་དགོས། མཐའ་འཁོར་གྱི་ཞིང་ཆེན་དང་ལྗོངས་ལ་མཉམ་ལས་བྱས་ཏེ་རྒྱལ་ཁབ་ཀྱི་ལས་གྲྭ་གལ་ཆེན་གྱི་བཀོད་པ་བརྩོན་ལེན་བྱ་དགོས་ཤིང། རྒྱལ་སྤྱིའི་ཟོང་སྐྱེལ་གཙང་གླས་གནམ་གྲུ་ཤར་གཏོང་ཐུབ་པར་བརྩོན་དགོས། ནུབ་ཕྱོགས་སུ་སྒོ་འབྱེད་པའི་ཟོང་སྐྱེལ་འདུ་འགྲེམ་གནས་འཛུགས་པའི་འཆར་གཞི་འཐེན་པ་དང། ཀྲུང་ཡོབ་བར་གྱི་གནམ་གྲུ་རྒྱུན་ལྡན་ཅན་དུ་གཏང་དགོས། ཕྱོགས་བསྡུས་ཁྲལ་སྲུང་ཁུལ་མགྱོགས་མྱུར་ངང་འཛུགས་པ་དང། མཚོ་མཐའ་དང་མུ་མཐའི་ཁུལ་ལ་འགག་སྒོ་གཞི་གཅིག་ཅན་དུ་བསྒྱུར་བའི་མཉམ་ལས་བྱེད་པར་ཤུགས་བསྣན་དགོས། མཚོ་བོད་རྒྱལ་སྤྱིའི་སྐམ་སའི་གྲུ་ཁ་འཛུགས་པའི་ལས་གཞི་ལག་བསྟར་བྱེད་པ་དང། ཟི་ལིང་གནམ་གྲུ་ཐང་གི་གྲུ་ཁའི་ལེ་ལག་ཆ་ཚང་བར་བྱ་དགོས་ལ། རྒྱལ་ཁོངས་བརྒལ་བའི་གློག་རྡུལ་ཚོང་དོན་འཛུགས་དགོས། རྒྱལ་སྤྱིའི་ཐོན་ནུས་མཉམ་ལས་ཟབ་སྤེལ་བྱེད་པ་དང། མཚོ་སྔོན་གྱི་ཁེ་ལས་སྔར་ལས་མང་པོ“ཕྱི་རུ་བསྐྱོད་པར”སྐུལ་མ་བཏང་སྟེ། མཚོ་སྔོན་འཛམ་གླིང་ལ་ངོ་ཤེས་སུ་འཇུག་པ་དང། མཚོ་སྔོན་འཛམ་གླིང་དུ་བསྐྱོད་ཐུབ་པ་བྱ་དགོས།

  ནང་ལོགས་དང་མཉམ་ལས་བརྗེ་རེས་བྱེད་པར་ཤུགས་བསྣན་དགོས། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་དང་ཤར་རྒྱུད་ནུབ་རྒྱུད་ཀྱིས་དབུལ་སྐྱོར་མཉམ་ལས་བྱེད་པའི་གོ་སྐབས་བེད་སྤྱོད་གང་ལེགས་བྱས་ཏེ། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཞིང་ཆེན་དང་གྲོང་ཁྱེར་ལ་རྟོག་ཞིབ་བྱས་པའི་འབྲས་བུ་དོན་ཐོག་ཏུ་འཁྱོལ་དགོས། རང་ཞིང་གི་གྲོང་ཁྱེར་རམ་ཁུལ་དང་རྒྱལ་ནང་གི་དར་རྒྱས་ཆེ་བའི་གྲོང་ཁྱེར་བར་གྱི་མཉམ་ལས་དང་བརྗེ་རེས་ཀྱི་བང་རིམ་ཕན་ནུས་ལྡན་པའི་སྒོོ་ནས་ཇེ་མཐོར་གཏང་དགོས། རང་སྟོབས་རང་སྤེལ་བྱེད་པ་དང་རྒྱལ་ཁབ་ཀྱི་རྒྱབ་སྐྱོར་བརྩོན་ལེན་བྱེད་པ་ཟུང་དུ་སྦྲེལ་བ་རྒྱུན་འཁྱོངས་བྱས་ཏེ། གོང་རིམ་ལ་སྙན་སེང་ཞུ་ཤུགས་དང་བརྩོན་ལེན་བྱེད་ཤུགས་མུ་མཐུད་དུ་ཇེ་ཆེར་གཏང་དགོས། ལྗང་མདོག་འདུ་ཤེས་ལ་བརྟེན་ནས་མཚོ་སྔོན་ཚོང་གཏམས་ཚོགས་འདུ་དང་མཚོ་སྐོར་ལྕགས་རྟ་འགྲན་སྡུར་སོགས་འགྲེམ་ཚོགས་དང་འགྲན་སྡུར་མུ་མཐུད་དུ་ལེགས་པར་གཉེར་དགོས་ཤིང། མཚོ་སྔོན་གྱི་གཏམ་རྒྱུད་ལེགས་པོར་བརྗོད་པ་དང་མཚོ་སྔོན་གྱི་དོན་དག་ལེགས་པོར་བསྒྲུབ་དགོས། “ཉེ་བ”དང“གཙང་བའི”སྲིད་ཚོང་འབྲེལ་བ་གསར་བ་ཧུར་ཐག་འཛུགས་སྐྱོང་བྱེད་པ་དང། ཚོང་འགུགས་དངུལ་འདྲེན་དང་ཚོང་འདེམ་དངུལ་གསེས་སྐས་རིམ་གསར་བར་འཛེགས་པར་སྐུལ་འདེད་བྱ་དགོས།

  ཕྱི་ཚོང་བརྟན་རླིང་ངང་འཕར་བར་སྐུལ་འདེད་བྱ་དགོས། ཨ་སྒོར་བྱེ་བ་ཕྲག་གི་སྟོབས་ཤུགས་བག་ཉལ་ཁེ་ལས་དང་ཕྱི་ཚོང་རང་བདག་ཚོང་རྟགས་སྐྱེད་སྲིང་གིི་འགུལ་སྐྱོད་འཆར་གཞི་ལག་བསྟར་བྱེད་པ་དང། ཁྱད་ལྡན་ཡང་བའི་བཟོ་ལས་དང་ཞིང་ཕྱུགས་ཐོན་རྫས། ནུས་ཁུངས་གསར་བ་གསུམ་གྱི་ཕྱིར་གཏོང་རྟེན་གཞི་གཙོ་གནད་དུ་བཟུང་ནས་བསྐྲུན་དགོས། འཕང་འབྲས་དང་སྟར་བུ་སོགས་ཁེ་ལས་ཀྱི་ཕྱིར་གཏོང་ཐོབ་ཐང་ངོས་འཛིན་དང་སྐྱེད་སྲིང་བྱེད་པར་ཤུགས་སྣོན་པ་དང། མཐོ་སྒང་གི་ཁྱད་ཆོས་དང་དགེ་མཚན་ལྡན་པའི་ཐོན་རྫས་ཕྱིར་གཏོང་བྱེད་པར་རྒྱབ་སྐྱོར་དང། འཕྲུལ་གློག་སྒྲིག་ཆས་སོགས་ཀྱི་ནང་འདྲེན་གཞི་ཁྱོན་བརྟན་སྲུང་བྱས་ཏེ། ཕྱི་ཚོང་བརྟན་རླིང་ངང་འཕེལ་རྒྱས་འབྱུང་བ་མངོན་དུ་བསྒྱུར་དགོས།

  (བདུན)སྔར་ལས་ལྷག་པར་རང་ངོས་འཛུགས་སྐྱོང་ལ་ཤུགས་བསྣན་ཏེ། སྲིད་གཞུང་བྱ་བ་སྔར་བས་དྲང་བདེན་དོན་གཉེར་འབྲས་ཡོད་ཡོང་བ་བྱ་དགོས།

  ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་པ་ཕྱོགས་ཡོངས་ནས་དོན་འཁྱོལ་མཐར་ཕྱིན་བྱ་དགོས། དོན་དམ་པར“འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང། ཆབ་སྲིད་ལ་དང་དོད་ཡོད་པ་གཙོར་བཟུང་སྟེ། བློ་ཐག་རྦད་ཆོད་ཀྱིས་བསམ་བློའི་ཐད་དང་ཆབ་སྲིད་ཐད་དང་འགུལ་སྐྱོད་ཐད་ནས་བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་ལ་གཅིག་གྱུར་ཚད་མཐོ་བྱེད་པ་དང། བློ་ཐག་རྦད་ཆོད་ཀྱིས་བསམ་བློའི་ཐད་དང་ཆབ་སྲིད་ཐད་དང་འགུལ་སྐྱོད་ཐད་ནས་ཞིང་ཆེན་ཏང་ཨུ་ལ་གཅིག་གྱུར་ཚད་མཐོ་བྱེད་པ་དང། བློ་ཐག་རྦད་ཆོད་ཀྱིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་པ་དག་སྲིད་གཞུང་བྱ་བ་སོ་སོའི་ཁྲོད་དོན་ཐོག་ཏུ་འཁྱོལ་བར་བྱས་ཏེ། ཆབ་སྲིད་སྐྱེ་ཁམས་ལེགས་པོ་འཛུགས་སྐྲུན་བྱེད་མཁན་དང་ལག་ལེན་བྱེད་མཁན་དང་སྲུང་སྐྱོང་བྱེད་མཁན་བྱ་དགོས།

  བློ་དཀར་ཞིང་སྤྱོད་པ་གཙང་ལ་ཁུར་སྤོབས་པའི་སྒོ་ནས་ཁྲིམས་བཀོད་ལས་འགན་བསྒྲུབ་དགོས། རྒྱལ་ཁབ་ཀྱི་ཁྲིམས་སྐྱོང་སྲིད་གཞུང་འཛུགས་པའི་ལག་བསྟར་རྩ་གནད་དང་རང་ཞིང་གི་ལག་བསྟར་ཇུས་གཞི་དོན་འཁྱོལ་བྱེད་པ་དང། སྲིད་གཞུང་གི་ཁྲིམས་འཛུགས་བྱ་བའི་རྐྱེན་སྲོལ་འཐུས་ཚང་དུ་གཏང་དགོས་ལ། སྲིད་འཛིན་ཁྲིམས་བསྟར་ལམ་སྲོལ་གྱི་བཅོས་སྒྱུར་ཟབ་སྤེལ་བྱ་དགོས། སྲིད་འཛིན་བསྐྱར་གྲོས་བྱ་བ་ལེགས་པོར་བསྒྲུབ་པ་དང། “བདུན་ལྔ”བཅའ་ཁྲིམས་ཁྱབ་གདལ་གྱི་འཆར་འགོད་ལག་བསྟར་བྱ་དགོས། དམངས་འཐུས་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ལྷན་གྱི་བཅའ་ཁྲིམས་སམ་བྱ་བའི་ལྟ་སྐུལ་རང་རྟོགས་ངང་དང་ལེན་བྱེད་པ་དང། སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་རང་འགུལ་གྱིས་དང་ལེན་བྱ་དགོས། དམངས་འཐུས་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ལྷན་གྱི་ཆོད་དོན་ནན་ཏན་གྱིས་ལག་ལེན་དུ་བསྟར་བ་དང། དམངས་འཐུས་ཚོགས་ཆེན་གྱི་འཐུས་མིའི་གྲོས་གཞི་དང་སྲིད་གྲོས་ཨུ་ཡོན་གྱི་གྲོས་གཞི་གཟབ་ནན་གྱིས་བསྒྲུབ་དགོས། དམངས་གཙོ་ཏང་ཁག་དང་བཟོ་ཚོང་མཉམ་འབྲེལ། ཏང་ཁག་གང་དུའང་མི་གཏོགས་པའི་མི་སྣ། མི་དམངས་ཚོགས་པ་བཅས་ཀྱི་བསམ་འཆར་ལ་རྒྱ་ཆེར་ཉན་ལེན་བྱེད་པ་དང། རང་རྟོགས་སྒོས་སྤྱི་ཚོགས་ཀྱི་ལྟ་སྐུལ་དང་གླེང་ཕྱོགས་ཀྱི་ལྟ་སྐུལ་དང་ལེན་བྱས་ཏེ། སྲིད་འཛིན་དབང་ཆ་དུས་དང་རྣམ་པ་ཀུན་ཏུ་ཁྲིམས་སྐྱོང་གི་བཤུལ་ལམ་དང་ཉི་འོད་འཆར་ས་རུ་འཁོར་སྐྱོད་བྱེད་དུ་འཇུག་དགོས།

  མི་དམངས་ཡིད་ཚིམ་པའི་དྲང་བདེན་དོན་གཉེར་འབྲས་ཡོད་ཀྱི་སྲིད་གཞུང་འཛུགས་པར་འབད་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་བསམ་བློ་བརྟན་པོར་འཛུགས་པ་དང། སྲིད་དོན་དམངས་ལ་འདྲི་བ་དང། དགོས་མཁོ་དམངས་ལ་འདྲི་བ། ཐབས་ཇུས་དམངས་ལ་འདྲི་བ་རྒྱུན་འཁྱོངས་བྱས་ཏེ། མི་དམངས་ཀྱི་ལག་ལེན་རླབས་ཆེན་ཁྲོད་ནས་ཤེས་རབ་དང་སྟོབས་ཤུགས་བསྡུ་དགོས། དངོས་སྒྲུབ་ཀྱིས་མི་དམངས་ཕྱུག་པོར་བསྒྱུར་བ་དང། དངོས་སྒྲུབ་ཀྱིས་རྒྱལ་ཁབ་དར་སྤེལ་གཏོང་བ། གསར་འབྱེད་བྱེད་སྤོབས་པ། འགན་ཁུར་ལེན་ཕོད་པ་བཅས་རྒྱུན་འཁྱོངས་བྱས་ཏེ། མི་དམངས་ཡིད་ཚིམ་པའི་དོན་དངོས་དང་དོན་བཟང་མང་པོ་བསྒྲུབ་དགོས། དཀའ་སྤྱད་འབད་འབུངས་དང་ཧུར་བརྩོན་གྲོན་ཆུང་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང། “ལག་འཛངས་འཚོ་བ་རོལ་བའི”བསམ་བློ་བརྟན་པོར་བཅིངས་ནས། ཀྲུང་དབྱང་གི་གཏན་འབེབས་བརྒྱད་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐབས་བཀོད21ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང། ཏང་ནན་སྐྱོང་གི་འགན་འཁྲི་གཙོ་བོ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱ་དགོས། ཤུགས་ཆེན་པོ་བརྒྱབ་ནས་ཚོགས་སྲོལ་དང་རྩོམ་སྲོལ་ཇེ་ལེགས་སུ་གཏང་དགོས་པ་དང། ཤུགས་བསྒྲིམས་ནས་ནུས་མེད་སྒྱིད་ལུག་སྣང་ཆུང་སྒོོས་སྲིད་དོན་སྒྲུབ་པ་དག་ཐེར་བྱེད་པ་དང། ཤུགས་བསྒྲིམས་ནས་ལྟ་སྐུལ་ཞིབ་བཤེར་དང་འགན་འཁྲི་རྩད་གཅོད་བྱེད་པར་ཤུགས་བསྣན་ཏེ། མི་དམངས་ཡིད་ཚིམ་པའི་ཞབས་ཕྱིའི་རང་བཞིན་གྱི་སྲིད་གཞུང་འཛུགས་དགོས།

  འཐུས་མི་རྣམ་པ། ད་ལོའི་སྲིད་གཞུང་གི་བྱ་བ་ལེགས་པོར་བསྒྲུབ་པའི་ལས་འགན་ཁུར་དུ་ལྕི་ཞིང་གཟི་བརྗིད་ལྡན་པ་ཞིག་རེད། ང་ཚོས་བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང། ཞིང་ཆེན་ཏང་ཨུའི་ཞུམ་མེད་མགོ་ཁྲིད་འོག་ཏུ་སྔར་ལས་ལྷག་པར་བསམ་བློ་བཅིངས་འགྲོལ་དང་སྔར་ལས་ལྷག་པར་དམ་འཛིན་ལེགས་སྒྲུབ། སྔར་ལས་ལྷག་པར་འབད་འབུངས་བརྩོན་སྙེག་བྱས་ཤིང། འབྱོར་ཕྱུག་དཔལ་ཡོན་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བའི་འཛུགས་སྐྲུན་མགྱོགས་མྱུར་གྱིས་སྐུལ་སྤེལ་བྱས་ཏེ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་བ་དང་ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གསུམ་པ་རྒྱལ་ཁའི་ངང་འཚོག་པར་བསུ་མ་བྱ་རྒྱུ་ཡིན། །

གོང་མ།:ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་བཅད་དེ་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་རླབས་པོ་ཆེ་བརྩོན་ལེན་བྱེད་དགོས།

ཞོལ་མ།:རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིང་གིས《ཏང་སྲིད་ཀྱི་འགན་འཁུར་བ་གཙོ་བོས་ཁྲིམས་སྐྱོང་ལ་སྐུལ་འདེད་གཏོང་བའི་འགན་འཁུར་བ་དང་པོའི་འགན་འཁྲི་ལག་བསྟར་སྐོར་གྱི་གཏན་འབེབས》འགྲེམས་སྤེལ་བྱས་པ།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235