མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
ཏང་སྲིད་ཡིག་ཆ།
 

ཞིང་ཆེན་སྲིད་གཞུང་གཞུང་ལས་ཐིན་གྱི་རྒན་གསོའི་ཞབས་ཕྱིའི་སྤུས་ཚད་ཇེ་མཐོར་གཏོང་བའི་སྐོར་གྱི་ལག་བསྟར་བསམ་འཆར།

ཡོང་ཁུངས།:མཚོ་སྔོན་སྲིད་དོན།  སྤེལ་དུས།:2018-05-18  རྩོམ་པ་པོ།:མཚོ་སྔོན་སྲིད་དོན།  རྩོམ་སྒྲིག་པ།:པད་མོ་འཛིན།    ཀློགས་གྲངས།:

མཚོ་སྲིད་གཞུང་ལས་ཐིན〔2018〕ཨང5བ།

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན་གྱི་རྒན་གསོའི་ཞབས་ཕྱིའི་ཁྲོམ་ར་ཕྱོགས་ཡོངས་ནས་གཏོང་གློད་བྱས་ཏེ་རྒན་གསོའི་ཞབས་ཕྱིའི་སྤུས་ཚད་ཇེ་མཐོར་གཏོང་བའི་སྐོར་གྱི་ལག་བསྟར་བསམ་འཆར།

གྲོང་ཁྱེར་དང་རང་སྐྱོང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་དང། ཞིང་ཆེན་སྲིད་གཞུང་གི་ཨུ་ཡོན་ལྷན་ཁང་དང་གཞུང་ལས་ཁང། ཐིན། ཅུས་སོ་སོ་བཅས་ལ།

《རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིན་གྱི་རྒན་གསོའི་ཞབས་ཕྱིའི་ཁྲོམ་ར་ཕྱོགས་ཡོངས་ནས་གཏོང་གློད་བྱས་ཏེ་རྒན་གསོའི་ཞབས་ཕྱིའི་སྤུས་ཚད་ཇེ་མཐོར་གཏོང་བའི་སྐོར་གྱི་བསམ་འཆར་འགའ》(རྒྱལ་གཞུང་སྤེལ〔2016〕 ཨང91བ) ལག་བསྟར་དོན་འཁྱོལ་བྱས་ནས། རང་ཞིང་གི་རྒན་གསོའི་ཞབས་ཕྱིའི་ལས་རིགས་སྔར་ལས་ལེགས་ཤིང་མགྱོགས་པོའི་ངང་ནས་འཕེལ་རྒྱས་སུ་ཕྱིན་ཏེ། རྒན་པའི་ཚོགས་སྤྱིའི་རིམ་པ་མང་པའི་ཞབས་ཕྱིའི་དགོས་མཁོ་སྣ་མང་ཚད་ཆེས་མཐོན་པོའི་སྒོ་ནས་བསྐང་ཆེད།  ཞིང་ཆེན་སྲིད་གཞུང་འཐད་པ་བྱུང་བ་བརྒྱུད་དེ། ད་ལྟ་ལག་བསྟར་བསམ་འཆར་བཏོན་པ་གཤམ་གསལ་ལྟར།

གཅིག སྤྱིའི་བསམ་ཕྱོགས་དང་གོང་སྤེལ་གྱི་དམིགས་འབེན།

(གཅིག) སྤྱིའི་བསམ་ཕྱོགས།

ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན་ནན་ཏན་གྱིས་ལག་བསྟར་དང། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་ཏུ་བྱེད་པ་རྒྱུན་འཁྱོངས། “ཏན་ཏན་ཏིག་ཏིག་བཞིའི”བླང་བྱ་གལ་ཆེན་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་ཅིང། “སྒྱུར་བ་བཞི”ལ་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཐོག  “བཅོས་སྒྱུར་ཟབ་སྤེལ་དང་ཁྲོམ་ར་གཏོང་གློད། སྒྲིག་གཞི་ལེགས་བཅོས། གནད་ས་གཙོར་འཛིན། གསར་གཏོད་ལ་སྐུལ་བསྟོད། སྤུས་འབྲས་གཉིས་མཐོར་འདེགས། ལྟ་སྐུལ་དོ་དམ་ལ་ཤུགས་སྣོན། ཁོར་ཡུག་ལེགས་སྒྱུར”བཅས་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱས་ནས། སྤྱི་ཚོགས་མ་རྩ་དེ་རྒན་གསོའི་ཞབས་ཕྱིའི་ལས་རིགས་ནང་ཞུགས་པར་ཧུར་ཐག་གིས་ཁྲིད་སྟོན་བྱས་ཏེ། ཁྲོམ་ར་གཉེར་མཁན་རིགས་སྣ་ཚོགས་ཀྱི་གསོན་ཤུགས་སྐུལ་སློང་གང་ལེགས་བྱ་དགོས། རྒན་གསོའི་ཞབས་ཕྱིའི་ལས་རིགས་ཀྱི་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞིའི་རང་བཞིན་གྱི་སྒྱུར་བཅོས་ལ་གང་མགྱོགས་སྒོས་སྐུལ་འདེད་གཏོང་བ་དང། རྒན་གསོའི་ཞབས་ཕྱིའི་ལས་རིགས་ཀྱི་ཞན་ཆ་ཁ་གསབ་དང། རྒན་གསོའི་ཐོན་ཁུངས་དེས་གཞིས་སྡོད་སྡེ་ཁུལ་གྱི་ཞབས་ཕྱི་དང་ཞིང་སྡེ། རྩོལ་ནུས་ཤོར་བའམ་ཕྱེད་ཙམ་ཤོར་བའི་རྒན་པ་བཅས་ལ་གཟིགས་སྐྱོང་བྱས་ནས། གཞི་རྩའི་དགོས་མཁོ་འགན་སྲུང་དང་རྒན་གསོའི་ཁྲོམ་ར་དར་རྒྱས་སུ་གཏང་དགོས། མི་འབོར་རྒན་པ་ཅན་དུ་འགྱུར་བཞིན་པར་ཧུར་ཐག་གིས་ཁ་གཏད་འཇལ་བ་དང། རྒན་གསོ་དང་རྒན་པར་བསྙེན་བཀུར་སྐོར་གྱི་སྲིད་ཇུས་མ་ལག་དང་སྤྱི་ཚོགས་ཁོར་ཡུག་བསྐྲུན་པ་དང། སྨན་བཅོས་དང་ཁམས་གསོ་ཟུང་དུ་སྦྲེལ་བར་སྐུལ་འདེད་བཏང་ཐོག བདེ་ཐང་གི་རྒན་གསོ་འདུ་ཤེས་གསོ་སྐྱོང་དང། ལས་རྣམ་གསར་པ་གསོ་སྐྱོང་བྱས་ཏེ་འཕེལ་རྒྱས་སུ་བཏང་ནས། རྒན་པར་མཁོ་བའི་ཐོན་རྫས་སྤྱོད་ཆས་སྣ་མང་ཕུན་ཚོགས་སུ་འགྱུར་ཅིང། རྒན་གསོའི་ཞབས་ཕྱི་སྟབས་བདེ་ངང་མྱོང་ཐུབ་པར་སྐུལ་འདེད་བྱ་དགོས། ལས་རིགས་ཚད་ལྡན་ཅན་དང་ཡིད་རྟོན་རུང་བ་ཞིག་ཏུ་བསྐྲུན་པར་སྐུལ་འདེད་བཏང་ཐོག ལས་རིགས་ཀྱིས་རང་གཅུན་ལ་ཤུགས་སྣོན་དང། ཚད་དང་ལྡན་པའི་སྒོ་ནས་གོང་དུ་འཕེལ་བར་སྐུལ་འདེད་བྱ་དགོས།

(གཉིས།) གོང་སྤེལ་གྱི་དམིགས་འབེན།

2020ལོར་བསླེབས་དུས་རྒན་གསོའི་ཞབས་ཕྱིའི་ཁྲོམ་ར་ཕྱོགས་ཡོངས་ནས་གཏོང་གློད་དང། རྒན་གསོའི་ཞབས་ཕྱི་དང་ཐོན་རྫས་ཕན་ཡོད་ཀྱིས་མཁོ་སྤྲོད་བྱེད་ནུས་ཇེ་ཆེར་ཚད་མཐོན་པོ་འགྲོ་བ་དང། མཁོ་སྤྲོད་ཀྱི་སྒྲིག་གཞི་དེ་བས་ལུགས་དང་མཐུན་ཞིང། རྒན་གསོའི་ཞབས་ཕྱི་སྐོར་གྱི་སྲིད་ཇུས་དང་ཁྲིམས་སྲོལ་མ་ལག ལས་རིགས་ཀྱི་སྤུས་ཚད་ཚད་གཞིའི་མ་ལག་བཅས་སྔར་ལས་འཐུས་ཚང་དུ་འགྲོ་བ། ཡིད་རྟོན་མ་ལག་ཕལ་ཆེར་འཛུགས་པ་དང། ཁྲོམ་རའི་ལྟ་སྐུལ་དོ་དམ་རྐྱེན་སྲོལ་ནུས་ཡོད་སྒོས་འཁོར་སྐྱོད་བྱེད་ཅིང།  ཞབས་ཕྱིའི་སྤུས་ཚད་མངོན་གསལ་དོད་པོས་ཇེ་ལེགས་སུ་འགྲོ་བ། མང་ཚོགས་ཡིད་ཚིམ་ཚད་མངོན་གསལ་གྱིས་མཐོ་རུ་ཕྱིན་ནས། རྒན་གསོའི་ཞབས་ཕྱིའི་ལས་རིགས་དེ་ཉིད་རང་ཞིང་གི་དཔལ་འབྱོར་སྤྱི་ཚོགས་གོང་དུ་སྤེལ་བའི་སྒུལ་ནུས་གསར་པར་འགྱུར་བར་འཇུག་རྒྱུ་དེ་ཡིན།

གཉིས། ལས་འགན་གཙོ་བོ།

( གཅིག) ཞུགས་འཐུས་ཀྱི་ཆ་རྐྱེན་གློད་དགོས།

1.ཞུགས་འཐུས་ཀྱི་སྒོ་ཐེམ་ཇེ་དམའ་རུ་གཏང་དགོས། ཁེ་གཉེར་རང་བཞིན་གྱི་རྒན་གསོ་ལས་ཁུངས་འཛུགས་དུས། “ སྔོན་ལ་ལག་ཁྱེར་དང་རྗེས་སུ་དཔང་ཡིག” གི་གོ་རིམ་ལྟར་ལག་བསྟར་བྱས་ནས། བཟོ་ཚོང་དང་ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཁག་ཏུ་ཐོ་འགོད་བྱས་རྗེས། མངའ་ཁོངས་ཀྱི་རྫོང་རིམ་པ་ཡན་གྱི་དམངས་སྲིད་སྡེ་ཁག་ཏུ་ཆོག་འཐུས་ཀྱི་རེ་འདུན་ཞུ་དགོས། དམངས་སྲིད་སྡེ་ཁག་ཏུ་ཐོ་འགོད་བྱས་པའི་ཁེ་གཉེར་མིན་པའི་རྒན་གསོ་ལས་ཁུངས་ཀྱིས་དེའི་ཐོ་འགོད་དོ་དམ་ལས་ཁུངས་ཀྱི་བདག་སྐྱོང་བྱེད་ཁོངས་སུ་ཁྲིམས་མིའི་ཐོབ་ཐང་མི་ལྡན་པའི་ཞབས་ཕྱིའི་དྲ་ཚིགས་མང་པོ་ཁྲིམས་ལྟར་བཙུགས་ཆོག ས་གནས་དེ་གའི་མིན་པའི་མ་དངུལ་འཇོག་མཁན་གྱིས་རྒན་གསོའི་ཞབས་ཕྱིའི་ལས་གཞི་བསྐྲུན་པར། ས་གནས་དེ་གའི་མ་དངུལ་འཇོག་མཁན་དང་གཅིག་འདྲའི་སྲིད་ཇུས་ཐོབ་ཐང་ལོངས་སུ་སྤྱད་ཆོག་པ་ལས། ས་གནས་དེ་གས་མིང་གང་རུང་གཡར་ནས་དེར་ཚོད་འཛིན་བྱས་མི་ཆོག ཁྲིམས་ལྟར་ཐོ་རུ་བཀོད་ཅིང་ལོ་བཤེར་ཚད་ལྡན་ཡིན་པ། རྒན་གསོའི་ཞབས་ཕྱི་སྒྲུབ་པའི་ཐོབ་ཐང་འཛོམས་པའི་སྤྱི་ཚོགས་རྩ་འཛུགས་དེ་སྲིད་གཞུང་གིས་རྒན་གསོའི་ཞབས་ཕྱི་ཉོ་བའི་ཁྲོད་ཞུགས་ཆོག་ཅིང།  སྤྱི་ཚོགས་རྩ་འཛུགས་བཙུགས་པའི་ལོ་ཚད་ལ་བཟློག་ཏུ་མེད་པའི་གཏན་ཁེལ་མི་བཟོ་བ་དང། ཡུལ་གཞན་པའི་སྤྱི་ཚོགས་རྩ་འཛུགས་ས་གནས་དེ་གའི་དམིགས་འགུག་དང་ཞབས་ཕྱིའི་ཁྲོད་ཞུགས་པར་རིས་སུ་འབུད་པའམ་ཚོད་འཛིན་བྱས་མི་ཆོག  ཉོ་སྒྲུབ་ཀྱི་ནང་དོན་བལྟོས་བཅས་ཀྱིས་གཏན་འཇགས་ཡིན་ཞིང་རྒྱུན་མཐུད་རང་བཞིན་དྲག་པ། གྲོན་དངུལ་ཡོང་ཁུངས་བརྟན་པོ་ཡིན་པ། རིན་གོང་འགྱུར་ལྡོག་ཆུང་བའི་སྤྱི་པའི་ཞབས་ཕྱིའི་ལས་གཞི་ལ། ཉོ་མཁན་དང་ཞབས་ཕྱི་འདོན་སྤྲོད་མཁན་གྱི་སྤྱི་ཚོགས་རྩ་འཛུགས་བར་དུ་སྲིད་གཞུང་གིས་ཞབས་ཕྱི་ཉོ་སྒྲུབ་བྱེད་པའི་གན་རྒྱ་བཞག་ནས། ལག་བསྟར་བྱེད་ཡུན་འོས་འཚམ་གྱིས་བགྱངས་ཆོག་ལ། ཆེས་རིང་ཤོས་ལོ་གསུམ་དུ་གཏན་ཁེལ་བྱས་ཆོག

2.ཞིབ་མཆན་འགོད་པའི་གོ་རིམ་ལེགས་སྒྱུར་བྱ་དགོས། རྒན་གསོ་ལས་ཁུངས་འཛུགས་པའི་འབྲེལ་ཡོད་མཆན་འགོད་འགྲོ་ལུགས་སྟབས་བདེར་བསྒྱུར་ནས། རྒན་གསོ་ལས་ཁུངས་འཛུགས་གཉེར་གྱི་རེ་འདུན་ཞུ་དུས། ཞབས་ཕྱིའི་སྒྲིག་བཀོད་ཀྱི་རྒྱུ་ནོར་བདག་དབང་གི་དཔང་ཡིག་འདོན་སྤྲོད་བྱེད་ཐུབ་ཚེ། འཛུགས་སྐྲུན་སྡེ་ཚན་གྱིས་ལས་མཇུག་སྒྲིལ་ནས་ཞིབ་བཤེར་རྩིས་ལེན་ཚད་མཐུན་གྱི་དཔང་ཡིག་མ་སྤྲད་ཀྱང་ཆོག རྒན་གསོ་ལས་ཁུངས་ཀྱིས་བཟའ་བཏུང་ཞབས་ཕྱིའི་བྱེད་སྒོ་གཉེར་ན། ཁྲིམས་ལྟར་སྔོན་ལ་ལས་གཉེར་ལག་ཁྱེར་སོགས་ཁྲིམས་མཐུན་གྱི་བྱེད་པོའི་ཐོབ་ཐང་བླངས་རྗེས། བཟའ་བཅའ་ལས་གཉེར་གྱི་ཆོག་འཐུས་ལག་ཁྱེར་རེ་ཞུ་བྱ་དགོས། ཁོར་ཡུག་ལ་ཤུགས་རྐྱེན་ཅི་ཐེབས་གདེང་འཇོག་བྱེད་སྟངས་སྟབས་བདེར་བཟོ་བ་དང།  རྒན་གསོ་ལས་ཁུངས་ཀྱིས་ཁོར་ཡུག་ལ་ཤུགས་རྐྱེན་ཅི་ཐེབས་གདེང་འཇོག་བྱ་བར་རིགས་བཀར་ནས་དོ་དམ་དང། བཟོ་སྐྲུན་རྒྱ་ཁྱོན་སྨི་གྲུ་མ་ཁྲི5ལས་ཆུང་བའི་རྒན་གསོ་ལས་ཁུངས་ཀྱིས་ཁོར་ཡུག་ལ་ཤུགས་རྐྱེན་ཅི་ཐེབས་གདེང་འཇོག་བྱ་བར་སྙན་སེང་ཐོ་འགོད་བྱས་ནས་དོ་དམ་བྱ་དགོས་ཤིང། སྨི་གྲུ་བཞི་མ5000ལས་ཆུང་ཚེ་ཁོར་ཡུག་ལ་ཤུགས་རྐྱེན་ཅི་ཐེབས་གདེང་འཇོག་དོ་དམ་བྱ་མི་དགོས། ལས་ཁུངས་ཁག་ཅིག་གི་མེ་འགོག་མེ་གསོད་སྒྲིག་ཆས་ལ་ཞིབ་བཤེར་རྩིས་ལེན་གྱི་འགྲོ་ལུགས་མེད་པར་བཟོ་བ་དང། 1998ལོའི་ཟླ9བའི་སྔོན་དུ་བསྐྲུན་ནས་བེད་སྤྱད་ཅིང་སྒྱུར་སྐྲུན་རྒྱས་སྐྲུན(དེའི་ཁང་པའི་ཕྱི་ནང་མཛེས་བཟོ་དང། བཟོ་བཀོད་ཀྱི་དྲོད་སྲུང་དང་སྤྱོད་སྒོ་བསྒྱུར་བ་འདུས)བྱས་མ་མྱོང་ན། མེ་འགོག་མེ་གསོད་ཇུས་གཞིར་ཞིབ་བཤེར་དང་མེ་འགོག་མེ་གསོད་སྒྲིག་ཆས་ལ་ཞིབ་བཤེར་རྩིས་ལེན་ནམ་སྙན་སེང་ཐོ་འགོད་ཀྱི་འགྲོ་ལུགས་སྒྲུབ་མི་དགོས། བཟོ་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ300མན་དུ་ཡོད་པའམ་མ་དངུལ་སྒོར་ཁྲི30མན་བཏང་བའི་རྒན་གསོ་ལས་ཁུངས་ཀྱི་སྒྲིག་བཀོད་ལ་མེ་འགོག་མེ་གསོད་ཇུས་འགོད་དང། ལས་མཇུག་སྒྲིལ་ནས་ཞིབ་བཤེར་རྩིས་ལེན་དང་སྙན་སེང་ཐོ་འགོད་ཀྱི་འགྲོ་ལུགས་སྒྲུབ་མི་དགོས། གསར་དུ་བསྐྲུན་པའི་རྒན་གསོ་ལས་ཁུངས་སམ་བསྐྲུན་ཡོད་པའི་བཟོ་བཀོད་སྤྱད་དེ་རྒན་གསོ་ལས་ཁུངས་འཛུགས་པ་དང་འབྲེལ་བའི་གཏན་འཇགས་རྒྱུ་ནོར་ཐོ་འགོད་ཀྱི་རེ་འདུན་ཞུ་བ་ལ། གཏན་འཇགས་རྒྱུ་ནོར་ཐོ་འགོད་ལས་ཁུངས་ཀྱིས“དང་ཐོག་འདྲི་མཁན་གྱིས་འགན་འཁུར་བ” དང“ས་ཚིགས་གཅིག་ལྟར་ཞབས་ཕྱི་སྒྲུབ་པ”སོགས་ཀྱི་བྱེད་ཐབས་སྤྱད་དེ། གཏན་འཇགས་རྒྱུ་ནོར་ཐོ་འགོད་ཀྱི་འགྲོ་ལུགས་ཁྲིམས་ལྟར་གང་མགྱོགས་ཀྱིས་བསྒྲུབས་ནས། ཕན་འབྲས་ཆེ་ལ་སྟབས་བདེ་བའི་གཏན་འཇགས་རྒྱུ་ནོར་ཐོ་འགོད་ཀྱི་ཞབས་ཕྱི་འདོན་སྤྲོད་བྱ་དགོས། འབྲེལ་ཡོད་འགྲོ་ལུགས་འཐུས་མི་ཚང་བ་དང། གནས་སྐབས་སུ་གཏན་འཇགས་རྒྱུ་ནོར་ཐོ་འགོད་བྱེད་ཐབས་མེད་པ་ལ། དེས་ཁྲིམས་ལྟར་འབྲེལ་ཡོད་འགྲོ་ལུགས་འགྲིམས་རྗེས་ཐོ་འགོད་བྱེད་པར་རྒྱབ་སྐྱོར་བྱ་དགོས།

3.ཕྱི་དངུལ་གཏོང་འཐུས་ཀྱི་ཆ་རྐྱེན་ཇེ་ཡངས་སུ་གཏང་དགོས། མངའ་ཁོངས་ཕྱིའི་མ་དངུལ་འཇོག་མཁན་ལ་མཚོ་སྔོན་དུ་ཁེ་གཉེར་རང་བཞིན་གྱི་རྒན་གསོ་ལས་ཁུངས་འཛུགས་གཉེར་བྱེད་པར་སྐུལ་བསྟོད་བྱས་པའི་རྨང་གཞིའི་སྟེང། སྔར་ལས་ལྷག་པར་ཁྲོམ་ར་གཏོང་གློད་བྱས་ནས་མངའ་ཁོངས་ཕྱིའི་མ་དངུལ་འཇོག་མཁན་ལ་ཁེ་གཉེར་རང་བཞིན་མིན་པའི་རྒན་གསོ་ལས་ཁུངས་འཛུགས་པར་སྐུལ་བསྟོད་བྱེད་པ་དང། དེས་བཙུགས་པའི་ཁེ་གཉེར་རང་བཞིན་མིན་པའི་རྒན་གསོ་ལས་ཁུངས་ཀྱིས་མངའ་ཁོངས་ནང་གི་མ་དངུལ་འཇོག་མཁན་གྱིས་བཙུགས་པའི་ཁེ་གཉེར་རང་བཞིན་མིན་པའི་རྒན་གསོ་ལས་ཁུངས་དང་གཅིག་འདྲའི་གཟིགས་སྐྱོང་སྲིད་ཇུས་ལོངས་སུ་སྤྱད་ཆོག

(གཉིས།) ཁྲོམ་རའི་ཁོར་ཡུག་ཇེ་ལེགས་སུ་གཏང་དགོས།

1.རྒན་གསོའི་ཞབས་ཕྱིའི་ཐད་མ་དངུལ་འཇོག་པའི་ལས་གཞི་བསྐྲུན་པར་ཞིབ་མཆན་འགོད་པ་དང་གོང་ཞུའི་འགྲོ་ལུགས་ཚད་ལྡན་དུ་གཏང་དགོས། སྲིད་གཞུང་གི་ཞབས་ཕྱི་སྔར་ལས་ཇེ་ལེགས་སུ་གཏོང་བ་དང། བཟོ་ཚོང་དང་ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཁག་ཏུ་ཐོ་འགོད་བྱས་པའི་ཁེ་གཉེར་རང་བཞིན་གྱི་རྒན་གསོ་ལས་ཁུངས་ཀྱིས་ཁྲིམས་མིའི་ཐོབ་ཐང་མི་ལྡན་པའི་ཡན་ལག་ལས་ཁུངས་མང་པོ་བཙུགས་ཆོག ཡན་ལག་ལས་ཁུངས་དང་ཞབས་ཕྱིའི་དྲ་ཚིགས་དེ་རྒན་གསོ་ལས་ཁུངས་ཀྱི་ཁོངས་སུ་བཅུག་ནས་གཅིག་གྱུར་གྱིས་དོ་དམ་བྱ་དགོས་པ་མ་ཟད་དེར་མཐུན་གྱི་རོགས་སྐྱོར་སྲིད་ཇུས་ལོངས་སུ་སྤྱོད་དུ་འཇུག་དགོས། རྒན་གསོའི་ཞབས་ཕྱིའི་སྒྲིག་བཀོད་ལས་གྲྭའི་ལས་གཞིར་ཞིབ་མཆན་འགོད་པའི་གོ་རིམ་དེ་ལས་གཞིར་ཞིབ་མཆན(ཡང་ན་ལས་གཞིར་ཞིབ་མཆན་འགོད་པ་དང། སྙན་སེང་ཐོ་འགོད་ཞུ་བ)འགོད་པ་དང། བཀོལ་བྱའི་ས་ཞིང་ལ་ཞིབ་མཆན་འགོད་པ། འཆར་འགོད་ལྟར་བསྐྲུན་པར་རེ་ཞུ། ཨར་ལས་བརྒྱག་པར་ཆོག་འཐུས་གནང་བ་བཅས་དུས་རིམ་བཞི་རུ་གཅིག་སྒྲིལ་བྱས་ཏེ། གོང་སྤེལ་བཅོས་སྒྱུར་སྡེ་ཁག་གིས་ལས་གཞིར་ཞིབ་མཆན་འགོད་པའི(ཡང་ན་ལས་གཞིར་ཞིབ་མཆན་འགོད་པ་དང། སྙན་སེང་ཐོ་འགོད་ཞུ་བ)དུས་རིམ་གྱི་བྱ་བར་སྣེ་ཁྲིད་པའི་འགན་འཁུར་དགོས།  རྒྱལ་ཁབ་མངའ་ཁོངས་ཐོན་ཁུངས་སྡེ་ཁག་གིས་བཀོལ་བྱའི་ས་ཞིང་ལ་ཞིབ་མཆན་འགོད་པའི་དུས་རིམ་གྱི་བྱ་བར་སྣེ་ཁྲིད་པའི་འགན་འཁུར་དགོས། གྲོང་ཁྱེར་དང་གྲོང་གསེབ་འཆར་འགོད་སྡེ་ཁག་གིས་ཨར་ལས་བརྒྱག་པར་ཆོག་འཐུས་གནང་བའི་དུས་རིམ་གྱི་བྱ་བར་སྣེ་ཁྲིད་པའི་འགན་འཁུར་དགོས། སྡེ་ཁག་གི་དབྱེ་མཚམས་གཏོར་ནས་ཞིབ་མཆན་འགོད་པའི་དོན་ཚན་གྱི་སྔོན་འགྲོའི་ཆ་རྐྱེན་ཉུང་འཕྲི་དང་མཐུན་སྦྱོར་བྱས་ཐོག ཞིབ་མཆན་འགོད་པའི་དུས་རིམ་རེར་སྣེ་ཁྲིད་མཁན་སྡེ་ཁག་གིས་རེ་ཞུའི་རྒྱུ་ཆ་གཅིག་གྱུར་གྱིས་བདག་སྤྲོད་དང། ཞིབ་མཆན་འགོད་མཁན་སྡེ་ཁག་གཞན་པ་གཅིག་གྱུར་གྱིས་རྩ་འཛུགས་བྱས་ནས་མཉམ་དུ་ཞིབ་མཆན་འགོད་ཅིང། ཞིབ་མཆན་འགོད་པའི་འཕེལ་རིམ་ལ་སྐུལ་འདེད་མཐུན་སྦྱོར་བྱས་ཏེ། གོ་རིམ་གཏན་ལ་ཕབ་པའི་དུས་བཅད་ནང་ཞིབ་མཆན་བཀོད་དེ་ལས་གཞི་སྐྲུན་མཁན་སྡེ་ཚན་ལ་ཞིབ་མཆན་བཀོད་པའི་མཇུག་འབྲས་གཅིག་གྱུར་གྱིས་བཤད་དགོས། རྒན་གསོའི་ཞབས་ཕྱིའི་ལས་གྲྭའི་ལས་གཞི་སྐྲུན་པའི་ས་ཁོངས་ལ་དཔྱད་དཔོག་བྱེད་སྟངས་འཚོལ་ཞིབ་བྱས་ནས། མཆན་བཀོད་བཀའ་ལན་བཏབ་པའི་ཚོད་འཛིན་རང་བཞིན་གྱི་འཆར་འགོད་ཞིབ་ཕྲ་དང་མཐུན་པའི་ས་ཁོངས་ཡིན་ཕྱིན། ས་ཁོངས་ནང་གི་རྒན་གསོའི་དངུལ་འཇོག་ལས་གཞིར་བྱེ་བྲག་ཏུ་འགྲིམ་འགྲུལ་དང་ཆུའི་ཤུགས་རྐྱེན། ས་ཡོམ་གྱི་ཉེན་མེད་རང་བཞིན་སོགས་ཐད་ལ་དཔྱད་དཔོག་དང་ཞིབ་བཤེར་བྱ་མི་དགོས། རྒན་གསོ་ལས་ཁུངས་ཀྱིས་ས་ཚིགས་གཅིག་ལྟར་གྱི་ཞབས་ཕྱི་རེ་ཞུ་བྱེད་པ་གང་མགྱོགས་ཀྱིས་སྐུལ་སྤེལ་བྱས་ཐོག  “སྡེ་ཁག་གཅིག་གིས་བདག་སྤྲོད་དང། མཉམ་གཅིག་ཏུ་སྒྲུབ་པའི”དྲ་ཐོག་མཉམ་འབྲེལ་གྱིས་མཆན་འགོད་ལས་སྟེགས་བཙུགས་ཏེ། མཆན་འགོད་ལས་ཆོད་སྔར་ལས་ཇེ་མཐོར་གཏང་དགོས།

2.རིན་གོང་གྲུབ་པའི་རྐྱེན་སྲོལ་རིམ་བཞིན་འཐུས་ཚང་དུ་གཏང་དགོས། ཚོང་རས་རིན་གོང་གཏན་ལ་ཕབ་པ་གཙོར་བྱེད་པའི་རྒན་གསོ་ལས་ཁུངས་ཀྱིས་ཞབས་ཕྱིའི་གྲོན་དངུལ་བསྡུ་བར་དོ་དམ་རྐྱེན་སྲོལ་འཛུགས་དགོས། ཁེ་གཉེར་རང་བཞིན་གྱི་དམངས་གཉེར་རྒན་གསོ་ལས་ཁུངས་ཀྱི་ཞབས་ཕྱིའི་གྲོན་དངུལ་བསྡུ་བའི་རྣམ་གྲངས་དང་ཚད་གཞི་དེ་ལས་གཉེར་མཁན་རང་གིས་གཏན་ཁེལ་བྱ་དགོས། ཁེ་གཉེར་རང་བཞིན་མིན་པའི་དམངས་གཉེར་རྒན་གསོ་ལས་ཁུངས་ཀྱི་ཞབས་ཕྱིའི་གྲོན་དངུལ་བསྡུ་བའི་ཚད་གཞི་དེ་གཉེར་མཁན་གྱིས་ལུགས་མཐུན་སྒོས་གཏན་ཁེལ་བྱེད་པ་དང། འབྲེལ་ཡོད་སྡེ་ཁག་གིས་དེའི་ནོར་དོན་གཏོང་ཡོང་གནས་ཚུལ་དང་གྲོན་དངུལ་བསྡུ་བའི་རྣམ་གྲངས། གྲོན་དངུལ་སྤར་གཅོག་གི་ཐེངས་གྲངས་ལ་དགོས་ངེས་ཀྱི་ལྟ་སྐུལ་དོ་དམ་བྱེད་པ་དང་ཆབས་ཅིག་ཏུ། གྲོན་དངུལ་གྱི་ཚད་གཞིར་ལྟ་ཞིབ་ཚད་ལེན་དང་དབྱེ་ཞིབ་བྱ་དགོས། སྲིད་གཞུང་གིས་གཉེར་བའི་རྒན་གསོ་ལས་ཁུངས་ཀྱིས་སྲིད་གཞུང་གིས་བཏང་བའི་མ་དངུལ་དང་སྤྱི་ཚོགས་ཀྱིས་ཕུལ་བའི་ཞལ་འདེབས་འཐེན་རྗེས་ཀྱི་དོན་དངོས་ཀྱི་ཞབས་ཕྱིའི་མ་གནས་གཞིར་འཛིན་པ་དང། ཁེ་གཉེར་མིན་པའི་རྩ་དོན་ལྟར་ནད་ཁྲི་དང་ནད་གཡོག་གི་གྲོན་དངུལ་སོགས་གཞི་རྩའི་རྒན་གསོའི་ཞབས་ཕྱིའི་གྲོན་དངུལ་དེ་གྲོང་ཁྱེར(ཁུལ) དང་རྫོང་མི་དམངས་སྲིད་གཞུང་གིས་བཟོས་པའི་གོང་ཚད་དམ་མཛུབ་སྟོན་རིན་གོང་ལྟར་ལག་བསྟར་བྱ་དགོས། གཞུང་བཙུགས་དམངས་གཉེར་སོགས་ཀྱི་བྱེད་སྟངས་སྤྱད་ནས་གཉེར་བའི་རྒན་གསོ་ལས་ཁུངས་དང་རྒན་གསོའི་ཞབས་ཕྱིའི་སྒྲིག་བཀོད་དེ། དམིགས་འགུག་དམིགས་འཇོག་དང་མངག་བཅོལ་བྱས་ནས་གཉེར་བ་སོགས་འགྲན་རྩོད་རང་བཞིན་གྱི་བྱེད་སྟངས་སྤྱད་ནས་གཉེར་སྐྱོང་མཁན་གཏན་ཁེལ་བྱེད་པ་དང། བྱེ་བྲག་གི་ཞབས་ཕྱིའི་གྲོན་དངུལ་བསྡུ་བའི་ཚད་གཞི་དེ་གཉེར་སྐྱོང་མཁན་གྱིས་མངག་བཅོལ་ཆིངས་ཡིག་སོགས་གཞིར་བཟུང་ནས་ལུགས་མཐུན་སྒོས་གཏན་ཁེལ་བྱ་དགོས།

3. གཞུང་གཉེར་རྒན་གསོ་ལས་ཁུངས་ཀྱི་བཅོས་སྒྱུར་ལ་མྱུར་བར་སྐུལ་འདེད་གཏང་དགོས། ས་གནས་སོ་སོས་མཐིལ་སྐྱོར་ཤུགས་དྲག་དང་གཞི་རྩ་འགན་སྲུང་དང། ཐོན་ཁུངས་ཧུར་པོར་གཏོང་བ། ཕན་ནུས་མཐོར་འདེགས། ཡུལ་བབ་དང་བསྟུན་པ། བརྟན་འཇགས་ངང་སྐུལ་འདེད་བཅས་བྱེད་པའི་རྩ་དོན་ལྟར། སྤྱི་ཚོགས་ལ་རྒན་གསོའི་ཞབས་ཕྱི་འདོན་སྤྲོད་ཀྱི་ཆ་རྐྱེན་འཛོམས་པའི་གཞུང་གཉེར་རྒན་གསོ་ལས་ཁུངས་དེ་ཁེ་ལས་སམ་གཞུང་བཙུགས་དམངས་གཉེར་ཅན་དུ་བསྒྱུར་བར་མགྱོགས་མྱུར་ངང་སྐུལ་འདེད་གཏང་དགོས། གཞུང་བཙུགས་དམངས་གཉེར་གྱི་རྒན་གསོ་ལས་ཁུངས(རྒན་བཀུར་ཁང་འདུས)ཀྱིས་ཁེ་གཉེར་མིན་པའི་དམངས་གཉེར་རྒན་གསོ་ཁང་གི་མལ་ཁྲི་འཁོར་སྐྱོད་ཀྱི་ཁ་གསབ་སྲིད་ཇུས་ལོངས་སུ་སྤྱད་ཆོག  2025 ལོར་བསླེབས་དུས་རང་ཞིང་གི་དམངས་གཉེར་རམ་གཞུང་བཙུགས་དམངས་གཉེར་རྒན་གསོ་ལས་ཁུངས་ཀྱིས་རྒན་གསོ་ལས་ཁུངས་བསྡོམས་འབོར་གྱི60%ཟིན་པར་བྱ་དགོས། སྤྱི་ཚོགས་སྟོབས་ཤུགས་ལ་མ་དངུལ་ཁེར་འཇོག་དང་མ་རྩ་མཉམ་སྡེབ། མཉམ་ལས། མཉམ་གཉེར། མ་རྐང་ནང་ཞུགས་པ། བོགས་མར་གཏོང་ལེན་སོགས་བྱེད་སྟངས་སྤྱད་པར་སྐུལ་བསྟོད་བྱས་ཏེ། སྲིད་གཞུང་གིས་མ་དངུལ་འཇོག་ཁྲོད་ཞུགས་ནས་འཛུགས་སྐྲུན་དང་ཉོ་སྒྲུབ་བྱས་པའི་རྒན་གསོ་ལས་ཁུངས་དང། གསར་དུ་བསྐྲུན་པའི་དམངས་ཀྱི་སྡོད་ཁང་གཏན་ཁེལ་ལྟར་བསྐྲུན་ནས་དམངས་སྲིད་སྡེ་ཁག་ལ་རྩིས་སྤྲོད་བྱས་པའི་རྒན་གསོ་ལས་ཁུངས། རྒྱལ་དབང་སྡེ་ཚན་གྱི་གསོ་སྦྱོང་ཁམས་གསོ་ལས་ཁུངས་སོགས་སྒྱུར་སྐྲུན་བྱས་པའི་རྒན་གསོ་ལས་ཁུངས་བཅས་ཚང་མར་གཞུང་གིས་བཙུགས་ཏེ་དམངས་ཀྱིས་གཉེར་བ་ལག་བསྟར་བྱས་ཆོག ལས་རིགས་སོ་སོས་རང་ལས་རིགས་ཀྱི་ཁྱད་ཆོས་ལྡན་པའི་རྒན་གསོ་ལས་ཁུངས་གཉེར་བར་སྐུལ་བསྟོད་བྱ་དགོས། 2020ལོར་བསླེབས་དུས་ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་སུ་སྲིད་གཞུང་གིས་གཉེར་བའི་རྒན་གསོའི་ཉལ་ཁྲིའི་གྲངས་ཀས་རྒན་གསོའི་ཉལ་ཁྲིའི་བསྡོམས་འབོར་ལས་ཟིན་པའི་བསྡུར་ཚད50%ལས་མི་བརྒལ་བར་བྱ་དགོས།

4.རྒན་གསོ་ལས་རིགས་ཀྱི་ཡིད་རྟོན་མ་ལག་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏང་དགོས། རྒན་གསོའི་ཞབས་ཕྱིའི་ལས་རིགས་ཀྱི་ཁྲིམས་མི་དང་ལས་གཉེར་པ། ཞབས་ཕྱི་བསྒྲུབ་ཡུལ་བཅས་ཀྱི་ལས་རིགས་ཀྱི་ཡིད་རྟོན་མ་ལག་འཚོལ་ཞིབ་བྱས་ནས་འཛུགས་དགོས། ཡིད་རྟོན་ཆ་འཕྲིན་ཟིན་ཐོར་འགོད་པ་དང་གཅིག་བསྡུས་བྱེད་པའི་རྐྱེན་སྲོལ་འཐུས་ཚང་བར་འཛུགས་པ་དང། ཞིང་ཆེན་སྤྱི་པའི་ཡིད་རྟོན་ཆ་འཕྲིན་མཉམ་སྤྱོད་བརྗེ་རེས་ལས་སྟེགས་བར་དུ་ཆ་འཕྲིན་སྤེལ་རེས་དང་མཉམ་སྤྱོད་བྱེད་ཐད་ཤུགས་བསྣན་པ་དང། “ཡིད་རྟོན་མཚོ་སྔོན”དྲ་ཚིགས་དང་རྒྱལ་ཡོངས་ཡིད་རྟོན་ཁེ་ལས་ཀྱི་ཡིད་རྟོན་ཆ་འཕྲིན་ཡོངས་བསྒྲགས་མ་ལག( མཚོ་སྔོན) བརྒྱུད་དེ་སྤྱི་ཚོགས་སུ་འབྲེལ་ཡོད་ཁེ་ལས་ཀྱི་སྲིད་འཛིན་ཆོག་འཐུས་དང་སྲིད་འཛིན་ཆད་གཅོད་སོགས་ཕྱོགས་ཀྱི་ཆ་འཕྲིན་ཡོངས་བསྒྲགས་བྱ་དགོས། ཡིད་རྟོན་ཆ་འཕྲིན་བསྡུ་སྒྲིག་ལས་ཁུངས་ཕྱོགས་གསུམ་པ་རྒན་གསོ་ལས་རིགས་ཀྱི་ཡིད་རྟོན་འཛུགས་སྐྲུན་དང་ལྟ་སྐུལ་དོ་དམ་ཁྲོད་ཞུགས་པར་འགུགས་དགོས། སྡེ་ཁག་མང་པོ་དང་ས་ཁུལ་ལས་བརྒལ་བའི་ཁྲོམ་ར་གཉེར་མཁན་ཁྲོམ་རར་མ་ཞུགས་གོང་གི་ཡིད་རྟོན་ཁས་ལེན་ལམ་ལུགས་འཛུགས་པ་དང། ཁ་དན་ཚིག་ལ་གནས་པར་སྐུལ་ལྕག་དང་ཚིག་ལ་མི་གནས་པར་ཆད་གཅོད་བསླབ་འདོམས་ཀྱི་བྱེད་ཐབས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཐོག ཡིད་རྟོན་ཆ་འཕྲིན་དེ་རོགས་སྐྱོར་སྲིད་ཇུས་སྣ་ཚོགས་བསྡུར་ཞིབ་ཀྱི་རྒྱུ་རྐྱེན་གལ་ཆེན་དུ་བརྩིས་ནས། ཁ་དན་ཚིག་ལ་གནས་མཁན་ལ་སྲིད་གཞུང་གིས་ཞབས་ཕྱི་ཉོ་སྒྲུབ་དང་བུན་འཛིན་འགྲེམས་སྤེལ་སོགས་ཐད་ནས་དམིགས་བཀར་གྱིས་སྔོན་ལ་སྒྲུབ་པ་དང། གོ་རིམ་སྟབས་གང་བདེར་གཏོང་བ་སོགས་ལྗང་མདོག་བགྲོད་ལམ་འདོན་སྤྲོད་བྱས་ནས་རོགས་སྐྱོར་སྐུལ་བསྟོད་ཀྱི་སྲིད་ཇུས་ལག་བསྟར་དང། རྒན་གསོ་ཞབས་ཕྱིའི་ལས་རིགས་ཀྱི་མིང་ངན་ཐོ་འགོད་ལམ་ལུགས་དང་ཚོང་ར་ནས་ཕྱིར་འཐེན་པའི་རྐྱེན་སྲོལ་བཙུགས་ཏེ། ལས་རིགས་ཀྱིས་རང་གཅུན་དང་ལྟ་སྐུལ་དོ་དམ་བྱེད་ཤུགས་ཇེ་ཆེར་གཏང་དགོས།    

(གསུམ།) གཞིས་སྡོད་སྡེ་ཁུལ་གྱི་རྒན་གསོའི་ཞབས་ཕྱིའི་སྤུས་ཚད་ཇེ་ལེགས་སུ་གཏང་དགོས།

1.གཞིས་སྡོད་སྡེ་ཁུལ་གྱི་རྒན་གསོའི་ཞབས་ཕྱིར་བརྟན་བརླིང་ངང་སྐུལ་འདེད་གཏང་དགོས། རྒན་པ་ཚོའི་དགོས་མཁོར་དཔྱད་དཔོག་དང་གཞིས་སྡོད་སྡེ་ཁུལ་གྱི་རྒན་གསོའི་ཞབས་ཕྱི་སྒྲུབ་ཚུལ་ལ་གདེང་འཇོག་བྱ་དགོས། སྲིད་གཞུང་གིས་ཞབས་ཕྱི་ཉོ་ཤུགས་ཆེ་རུ་བཏང་ནས་ཁེ་ལས་དང་སྤྱི་ཚོགས་རྩ་འཛུགས། མི་སྒེར་བཅས་ཀྱིས་ཁྱིམ་དུ་སྡོད་པའི་རྒན་པ་ཚོར་བཟའ་བཅའ་དང་གཙང་སྦྲ། འགྲོ་སྐྱོད། ཁྲུས་རྒྱག སྨན་བཅོས། བཅའ་ཁྲིམས་བཅས་ཀྱི་ཐད་ནས་རོགས་སྐྱོར་བྱེད་པ་སོགས་སྒོ་ཁར་སོང་ནས་ཞབས་ཕྱི་བསྒྲུབ་པར་རྒྱབ་སྐྱོར་བྱ་དགོས། ལས་གཉེར་ཁ་གསབ་སྟེར་བའམ་སྐར་རིམ་དཔྱད་བསྡུར་གཏན་འབེབས་སོགས་བྱེད་སྟངས་སྤྱད་དེ། རྒན་གསོའི་ཞབས་ཕྱི་ཁེ་ལས་དང་སྤྱི་ཚོགས་རྩ་འཛུགས། ཁྱིམ་ལས་གཉེར་སྐྱོང། སྡེ་ལས་བཅས་གསོ་སྐྱོང་དང་རོགས་སྐྱོར་བྱེད་པ་དང་མི་སྒེར་སོགས་མནའ་འབྲེལ་ནང་ཞུགས་པའམ་ཐེ་ཞུགས་དང། གཏད་གཉེར་སོགས་བྱེད་སྟངས་སྤྱད་དེ། སྡེ་ཁུལ་གྱི་ཉིན་མོའི་བདག་སྐྱོང་དང་རྒན་པའི་བྱེད་སྒོ་ལྟེ་གནས་སོགས་རྒན་གསོའི་ཞབས་ཕྱིའི་སྒྲིག་བཀོད་ལས་ཁུངས་གཉེར་ནས།  རྒན་པ་ཚོར་བཟའ་བཅའ་མཁོ་འདོན་དང་མི་སྒེར་ལ་བདག་སྐྱོང། བདེ་སྲུང་ཁམས་གསོ། སྤྲོ་གསེང་རོལ་རྩེད་སོགས་ཉིན་མོའི་གཏད་གསོའི་ཞབས་ཕྱི་བསྒྲུབ་དགོས། སྡེ་ཁུལ་གྱི་རྒན་གསོ་ལས་ཁུངས་ཆུང་གྲས་འཛུགས་སྐྱོང་བྱེད་པར་སྐུལ་བསྟོད་བྱས་ནས། མི་སྒེར་གྱིས་གྲོང་མིའི་སྡོད་ཁང་བེད་སྤྱད་ནས་གནས་རེར་མལ་ཁྲི10ལས་མི་ཉུང་བ་དང30ལས་བརྒལ་མེད་པ། མལ་ཁྲི་རེ་འཇོག་སའི་ཆ་སྙོམས་ཀྱི་བཟོ་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ30ལས་མི་ཆུང་བའི་ཁྱིམ་ཚང་གི་རྣམ་པ་ཅན་དང། རྒན་གསོ་ལས་ཁུངས་ཆུང་གྲས་ལ་སྤྱིར་བཏང་གི་རྒན་གསོ་ལས་ཁུངས་དང་འདྲ་མཉམ་གྱི་ཁ་གསབ་སྟེར་བའི་སྲིད་ཇུས་ལོངས་སྤྱོད་དུ་བཅུག་སྟེ། རྒན་པ་ཚོ་ཐག་ཉེ་ས་རུ་གསོ་སྐྱོང་གི་དགོས་མཁོ་བསྐང་བ་དང། གཉེན་ཉེ་དག་གིས་ལྟ་སྐྱོང་བྱ་བར་སྟབས་བདེ་བསྐྲུན་དགོས།

2.ཞིང་སྡེ་འབྲོག་ཁུལ་གྱི་རྒན་གསོའི་ཞབས་ཕྱིའི་ནུས་པ་དང་ཆུ་ཚད་ཤུགས་ཆེན་པོས་ཇེ་མཐོར་གཏང་དགོས། ཞིང་སྡེ་འབྲོག་ཁུལ་གྱི་ཕྱོགས་བསྡུས་ཞབས་ཕྱིའི་སྒྲིག་བཀོད་ལ་བརྟེན་ནས། རྒན་གསོའི་ཞབས་ཕྱིའི་ནུས་པ་རྒྱ་བསྐྱེད་དགོས། ཞིང་སྡེ་འབྲོག་ཁུལ་གྱིས་ཡུལ་བབ་དང་བསྟུན་ཏེ་ཞིང་སྡེའི་དམིགས་བསལ་དཀའ་ངལ་ཡོད་པའི་བསྙེན་བཀུར་བྱ་ཡུལ་ལ་གཅིག་བསྡུས་ཀྱིས་བསྙེན་བཀུར་བྱེད་པའི་དགོས་མཁོ་བསྐང་བར་སྐུལ་བསྟོད་བྱས་པའི་རྨང་གཞིའི་ཐོག ཤང་རྡལ་གྱི་དམིགས་བསལ་དཀའ་ངལ་ཅན་བསྙེན་བཀུར་ལས་ཁུངས་ཀྱིས་སྤྱི་ཚོགས་ལ་སྒོ་འབྱེད་ནས་ལས་གཉེར་ཕན་འབྲས་ཇེ་མཐོར་གཏང་བར་རོགས་སྐྱོར་བྱ་དགོས། ཞིང་སྡེའི་དམིགས་བསལ་དཀའ་ངལ་ཅན་བསྙེན་བཀུར་ལས་ཁུངས་འཛུགས་སྐྲུན་དང་སྒྱུར་བཀོད་བྱེད་ཐད་ཤུགས་བསྣན་ཏེ། ཞབས་ཕྱིའི་སྒྲིག་བཀོད་ཀྱི་ཚད་ལོན་པར་སྐུལ་འདེད་བྱས་ནས། ཞིང་སྡེའི་ཡོང་འབབ་དམའ་བའི་རྒན་པ་དང་རྩོལ་ནུས་ཤོར་བའམ་ཕྱེད་ཙམ་ཤོར་བའི་རྒན་པར་སྟབས་བདེ་ཞིང་ཐོབ་སླ་པའི་རྒན་གསོའི་ཞབས་ཕྱི་འདོན་སྤྲོད་བྱ་དགོས། སྡེ་བ་རིམ་པའི་བྱེད་སྒོ་སྤེལ་ས་དང་ཞིང་དུད་ཀྱི་སྒོ་ར་ཆེན་པོ། བེད་མེད་དུ་བསྐྱུར་བའི་སློབ་གྲྭའི་ཁང་པ་སོགས་བེད་སྤྱོད་གང་ལེགས་བྱས་ཏེ། ཞིང་སྡེའི་བདེ་སྐྱིད་གླིང་དང་ཤང་རྡལ་གྱི་རྒན་གསོ་ཞབས་ཕྱིའི་ལྟེ་གནས། རྒན་པའི་བྱེད་སྒོ་ས་ཚིགས་སོགས་རང་འགུལ་ཅན་དང་རོགས་རེས་རྣམ་པའི་རྒན་གསོའི་ཞབས་ཕྱིའི་སྒྲིག་བཀོད་མགྱོགས་མྱུར་ངང་བསྐྲུན་དགོས། ཞིང་སྡེའི་ཉེན་ཡོད་ཁང་པ་སྒྱུར་བཀོད་དང་སྐྱེ་ཁམས་གནས་སྤོ་ཡུལ་མི། ཡུལ་གཞན་དུ་སྤོར་ནས་དབུལ་སྐྱོར་སོགས་ཀྱི་སྲིད་ཇུས་དང་འབྲེལ་མཐུད་བྱེད་ཤུགས་ཇེ་ཆེར་བཏང་ནས། རྒན་གསོའི་ཞབས་ཕྱི་སོགས་སྤྱི་པའི་སྒྲིག་བཀོད་འཛུགས་སྐྲུན་ལ་གཅིག་གྱུར་གྱིས་སྐུལ་འདེད་གཏང་དགོས། ཞིང་སྡེའི་ཐུན་མོང་དཔལ་འབྱོར་དང་ཞིང་སྡེའི་ས་ཞིང་འཁོར་རྒྱུག་སོགས་ཀྱི་ཡོང་སྒོ་བགོ་བཤའ་རྒྱག་སྐབས་སྡེ་བ་དེ་གའི་རྒན་པ་ཚོ་གསོ་སྐྱོང་གི་གནད་དོན་ཐག་གཅད་རྒྱུར་བསམ་གཞིགས་གང་ལེགས་གཏང་དགོས། ཞིང་སྡེའི་གཞི་རིམ་ཏང་གི་རྩ་འཛུགས་དང་སྡེ་དམངས་ཨུ་ཡོན་ལྷན་ཁང། སྤྱི་ཚོགས་རྩ་འཛུགས་བཅས་ལ་བརྟེན་ནས་གཞི་རིམ་གྱི་འབྲེལ་གཏུག་མཁན་ཐོ་འགོད་དང། བབ་བསྟུན་འཕྲལ་གཅོད་དང་དཔྱད་དཔོག་རོགས་སྐྱོར་རྐྱེན་སྲོལ་བཙུགས་ཐོག  རྒན་པའི་སེམས་ཁམས་དང་བདེ་འཇགས་སོགས་ཀྱི་གནད་དོན་ལ་དོ་ཁུར་བྱ་དགོས། སྡེ་མིའི་རང་སྐྱོང་བྱེད་ནུས་འདོན་སྤེལ་བྱས་ནས་ཞིང་སྡེའི་རྒན་པར་ཞབས་ཕྱི་སྒྲུབ་པའི་སྤྱི་ཚོགས་རྩ་འཛུགས་གསོ་སྐྱོང་དང་འཕེལ་རྒྱས་སུ་བཏང་ཐོག ཞིང་སྡེའི་རྒན་པ་གསོ་གཉོར་གྱི་གྲོས་ཆིངས་འཇོག་པའི་ལམ་ལུགས་ཁྱོན་ཡོངས་ནས་ཁྱབ་སྤེལ་དང། ཁྱིམ་ཚང་གི་ཁོངས་མིར་རྒན་པར་སྲི་ཞུ་བསྙེན་བཀུར་བྱེད་པའི་འགན་འཁྲི་བསྒྲུབ་པར་ཡར་སྐུལ་བྱ་དགོས། ཆེད་ལས་ཀྱི་སྤྱི་ཚོགས་བྱ་བ་བྱེད་མཁན་དང་སྡེ་ཁུལ་གྱི་ལས་བྱེད་པ། དང་བླངས་པས་རོང་འབྲོག་ཁུལ་གྱི་གཞིས་སྲུང་རྒན་པ་དང། རྒན་པ་དཀའ་ངལ་ཅན་དང་ཁེར་འདུག་བཅས་ལ་གཅེས་སྐྱོང་དང་སེམས་ཁམས་གསོ་བ། བློ་འདོན་པ་སོགས་ཀྱི་ཞབས་ཕྱི་འདོན་སྤྲོད་བྱ་དགོས།

3.རྒན་པའི་འཚོ་བར་སྟབས་བདེ་བཟོས་པའི་ཆུ་ཚད་ཇེ་མཐོར་གཏང་དགོས། སྡེ་ཁུལ་གྱི་གེགས་མེད་ཁོར་ཡུག་འཛུགས་སྐྲུན་ལ་མགྱོགས་མྱུར་ངང་སྐུལ་འདེད་བཏང་ནས། རྒན་པའི་ཁྱིམ་ཚང་དུ་གེགས་མེད་སྒྲིག་བཀོད་སྒྱུར་བཀོད་བྱ་བར་རོགས་སྐྱོར་བྱ་དགོས་ལ། དམིགས་བསལ་གྱིས་སྔོན་ལ་རྒན་པའི་ཁྱིམ་ཚང་དཀའ་ངལ་ཅན་གྱི་སྒྲིག་བཀོད་སྒྱུར་བཀོད་བྱ་དགོས། རྒྱལ་ཁབ་དང་རང་ཞིང་གི་རྒན་པའི་ཁྱིམ་ཚང་དང་སྡོད་ཁུལ་གྱི་སྤྱི་པའི་སྒྲིག་བཀོད་དེ་གེགས་མེད་དུ་སྒྱུར་བཀོད་བྱེད་པའི་འབྲེལ་ཡོད་བླང་བྱ་ལྟར། སྲིད་གཞུང་གིས་ཁ་གསབ་སྟེར་བ་དང ཐོན་ལས་ཀྱིས་ཁྲིད་སྟོན། ཁེ་ལས་ཀྱི་བདག་པོ་ཀུན་གྱིས་གྲབས་གསོག་སོགས་བྱེད་སྟངས་སྤྱད་དེ། སྡེ་ཁུལ་རྙིང་བ་དང་རྒན་པའི་ཁྱིམ་ཚང་ལ་གེགས་མེད་དུ་སྒྱུར་བཀོད་བྱ་བར་མགྱོགས་མྱུར་ངང་སྐུལ་འདེད་བཏང་སྟེ། གཙོ་བོ་སྡོད་ཁུལ་གྱི་ལམ་འགྲམ་གྱི་སྐྱོར་རྡོ་བར་གྱི་གྱེན་ཐུར་ལམ་དང་ཁྲིའུ་འཁོར་བགྲོད་ལམ། སྤྱི་པའི་འཇུག་སྒོ་འཛུལ་སྒོ། བར་ཁྱམས། འཛེག་སྐས། གློག་སྐས་སྒུག་སའི་ཚོམས་དང་འགྱོགས་སྒམ་སོགས་སྒྲིག་བཀོད་དང་གནས་གེགས་མེད་དུ་སྒྱུར་བཀོད་ལེགས་པོ་བྱ་དགོས། དབུལ་བོའམ་དགུང་ལོ་མཐོ་བ། རྩོལ་ནུས་ཤོར་བ་སོགས་ཀྱི་རྒན་པའི་ཁྱིམ་ཚང་གི་སྒྲིག་བཀོད་དམིགས་བསལ་གྱིས་སྔོན་ལ་སྒྱུར་བཀོད་བྱེད་པ་དང། གཙོ་བོ་རྒན་པ་གནས་སྡོད་ཀྱི་བསྡུར་ཚད་མཐོ་བའི་བརྩེགས་རིམ་མང་པའི་སྡོད་ཁང་རྙིང་བར་གློག་སྐས་སྒྲིག་སྦྱོར་བྱ་བར་རོགས་སྐྱོར་བྱ་དགོས། རྒན་པ་གནས་པར་འཕྲོད་པའི་སྡོད་ཁང་དང་མི་རབས་གཉིས་ཡན་གྱི་ཉེ་དུ་སྡོད་ཁང་གསར་དུ་བསྐྲུན་པར་རོགས་སྐྱོར་བྱ་དགོས། ས་གནས་སོ་སོས་ཡུལ་གཞན་དུ་སྤོར་ནས་དབུལ་སྐྱོར་དང་མཁར་གྲོང་གི་སྤྱིལ་བུའི་དུད་ཁྱིམ་ཁུལ་དང། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཉེན་ཡོད་ཁང་པ་སྒྱུར་བཀོད་དང་ཆ་འགྲིག་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་འགན་སྲུང་རང་བཞིན་གྱི་བདེ་སྡོད་ལས་གྲྭར་སྐུལ་འདེད་བྱེད་ཁྲོད་དུ་རྒན་པར་འཚམ་པའི་སྒྲིག་བཀོད་ཆ་འགྲིག་པར་བསྐྲུན་རྒྱུར་གཅིག་གྱུར་གྱིས་བསམ་གཞིགས་གཏང་དགོས།

(བཞི།)སྤུས་ལེགས་ཀྱི་རྒན་གསོའི་ཞབས་ཕྱི་འདོན་སྤྲོད་མ་ལག་ནུས་ཤུགས་ཡོད་རྒུས་འཛུགས་སྐྲུན་བྱ་དགོས།

1.“སྦྲེལ་དྲ+”རྒན་གསོའི་ཞབས་ཕྱི་གསར་གཏོད་བྱ་བར་ཧུར་ཐག་གིས་སྐུལ་འདེད་གཏང་དགོས།  ཁེ་ལས་དང་ལས་ཁུངས་ཀྱིས་རིག་ནུས་མཁྲེགས་ཆས་གསར་གཏོད་དང་བེད་སྤྱོད་པར་རྒྱབ་སྐྱོར་བྱ་དགོས་ཤིང།  སྤོ་སྒུལ་སྦྲེལ་དྲ་དང་སྤྲིན་རྩིས།  ཟོག་སྦྲེལ་དྲ་རྒྱ།  གཞི་གྲངས་ཆེན་པོ་སོགས་དང་རྒན་གསོའི་ཞབས་ཕྱི་ལས་རིགས་ཟུང་དུ་སྦྲེལ་བར་སྐུལ་འདེད་དང།  གཞིས་སྡོད་རྒན་གསོའི་ཞབས་ཕྱི་རྣམ་པ་གསར་གཏོད་བྱེད་པ།  རྒན་པའི་གློག་རྡུལ་ཚོང་དོན་གོང་དུ་སྤེལ་བ་དང།  གཞིས་སྡོད་རྒན་གསོའི་ཞབས་ཕྱི་དྲ་རྒྱའི་ལས་སྟེགས་བཙུགས་ཏེ།  གཙོ་བོ་རྒན་པའི་བདེ་ཐང་དོ་དམ་དང་མྱུར་སྐྱོབ།  སེམས་ཁམས་གསོ་བ།  ཞབས་ཕྱིའི་དུས་ཆད་འདེབས་པ།  དངོས་ཟོག་ཚབ་ཉོ་བྱེད་པ་སོགས་ཕྱོགས་ནས་ཞབས་ཕྱི་བསྒྲུབ་པར་སྐུལ་འདེད་གཏོང་བ་དང།  རྣམ་པ་མང་ཞིང་གནད་ལ་ཁེལ་པའི་རང་མོས་མངགས་ཉོའི་ཞབས་ཕྱི་གསར་སྤེལ་བྱ་དགོས། གཙོ་བོ་ཞིང་ཆེན་རྒན་གསོའི་ཞབས་ཕྱི་ཆ་འཕྲིན་སྟེགས་བུའི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ།  འདོན་མཁོའི་ཆ་འཕྲིན་དང་གནད་ཁེལ་གྱིས་ཞབས་ཕྱི་སྒྲུབ་ཡུལ། གནད་ཁེལ་གྱིས་ཞབས་ཕྱི་སྒྲུབ་པའི་ནང་དོན། གནད་ཁེལ་གྱིས་ཞབས་ཕྱི་སྒྲུབ་པ་བཅས་འབྲེལ་མཐུད་བྱ་དགོས།  རྒན་པ་ལ་འཚམ་པའི་རིག་ནུས་ཅན་གྱི་ཐོན་རྫས་དང་འདོགས་ཆོག་པའི་བདེ་ཐང་ལྟ་ཞིབ་ཚད་ལེན་སྒྲིག་ཆས།  བདེ་ཐང་རྒན་གསོའི་སྤོ་སྒུལ་བེད་སྤྱོད་མཉེན་ཆས(APP)སོགས་ཇུས་འགོད་གསར་སྤེལ་བྱེད་པར་རྒྱབ་སྐྱོར་དང།  རྒན་གསོའི་ཞབས་ཕྱིའི་ཆ་འཕྲིན་མཉམ་སྤྱོད་ཐབས་ལམ་ཐོགས་མེད་དུ་བཏང་ཐོག  རྒན་གསོའི་ཞབས་ཕྱིའི་ཆ་འཕྲིན་ལས་སྟེགས་དེ་ཁྱིམ་ཐོ་དང་སྨན་བཅོས།  སྤྱི་ཚོགས་འགན་སྲུང་སོགས་ཀྱི་ཆ་འཕྲིན་ཐོན་ཁུངས་དང་འབྲེལ་མཐུད་བྱས་ཏེ།  རྒན་གསོའི་ཞབས་ཕྱིའི་སྤྱི་པའི་ཆ་འཕྲིན་ཐོན་ཁུངས་དེ་རྒན་གསོའི་ཞབས་ཕྱིའི་ལས་ཁུངས་སོ་སོ་ལ་སྒོ་འབྱེད་པར་སྐུལ་འདེད་གཏང་དགོས།

2.སྨན་བཅོས་དང་རྒན་གསོ་ཟུང་དུ་སྦྲེལ་བའི་ཐོགས་མེད་བགྲོད་ལམ་བསྐྲུན་དགོས།  སྨན་བཅོས་འཕྲོད་བསྟེན་ལས་ཁུངས་སྒྲིག་འཛུགས་བྱ་བར་ཆོག་མཆན་འགོད་པའི་ཐོགས་མེད་བགྲོད་ལམ་གཏོད་པ་དང།  རྒན་གསོ་ལས་ཁུངས་ཀྱིས་རྒན་པའི་ནད་བཅོས་ཁང་དང་ཁམས་གསོའི་སྨན་ཁང།  སྨན་བཅོས་ཁང་སོགས་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་འཛུགས་པར་རྒྱབ་སྐྱོར་བྱ་དགོས་ཤིང།  སྨན་བཅོས་འཕྲོད་བསྟེན་ཐོན་ཁུངས་དེ་རྒན་གསོ་ལས་ཁུངས་དང་སྡེ་ཁུལ།  སྡོད་དམངས་ཀྱི་ཁྱིམ་ཚང་དུ་སྐྱེལ་བར་སྔར་ལས་སྐུལ་སྤེལ་གཏོང་བ་དང།  ཆ་རྐྱེན་དང་མཐུན་པའི་རྒན་གསོ་ལས་ཁུངས་ཀྱི་ནང་འཛུགས་སྨན་བཅོས་ལས་ཁུངས་དེ་གཞི་རྩའི་སྨན་བཅོས་ཉེན་འགོག་འགན་བཅོལ་གྱི་དམིགས་འཛུགས་ཁྱབ་ཁོངས་སུ་གཏན་འབེབ་ལྟར་འཇོག་དགོས། ཆ་རྐྱེན་ལྡན་པའི་སྨན་བཅོས་ལས་ཁུངས་ཀྱིས་རྒན་གསོ་ལས་ཁུངས་འཛུགས་གཉེར་རམ་ཁུར་ལེན་བྱེད་པར་སྐུལ་བསྟོད་བྱ་དགོས།  ཤང་རྡལ་འཕྲོད་བསྟེན་ཁང་དང་སྡེ་ཁུལ་གྱི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་དེས་རྒན་གསོ་ལས་ཁུངས་དང་སྡེ་ཁུལ་གྱི་རྒན་གསོའི་ས་ཚིགས་བར་དུ་སྨན་བཅོས་ཞབས་ཕྱིའི་མཉམ་ལས་གྲོས་མཐུན་འཇོག་པར་རྒྱབ་སྐྱོར་བྱས་ཏེ།  རྒན་པ་ཚོས་རྒན་གསོ་དང་སྨན་བཅོས་ལས་ཁུངས་བར་སྟབས་བདེའི་ངང་འབྲེལ་མཐུད་བྱེད་པ་མངོན་འགྱུར་བྱ་དགོས།  ཆ་རྐྱེན་དང་མཐུན་པའི་ལས་གཉེར་སྨན་པ་རྒན་གསོ་ལས་ཁུངས་དང་སྡེ་ཁུལ་གྱི་རྒན་པ་བདག་སྐྱོང་ལས་ཁུངས་ཀྱི་ནང་དུ་བཙུགས་པའི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་སུ་ གནས་མང་པོ་རུ་ལས་གཉེར་བྱེད་པར་སྐུལ་བསྟོད་བྱ་དགོས།  སྨན་བཅོས་ལས་ཁུངས་དང་རྒན་གསོ་ལས་ཁུངས་ཀྱི་རོགས་ལས་རྐྱེན་སྲོལ་བཙུགས་ཐོག་རྒན་གསོ་ལས་ཁུངས་ལ་ཁ་གཏད་པའི་རྒྱང་རིང་སྨན་བཅོས་ཞབས་ཕྱིའི་ཚོད་ལྟ་བྱ་བར་མགྱོགས་མྱུར་གྱིས་སྐུལ་སྤེལ་གཏོང་བ་དང།  དུས་ཆད་བཏབ་ནས་སྨན་བཅོས་བྱེད་པའི་ཐོགས་མེད་བགྲོད་ལམ་བཏོད་ནས།  རྒན་གསོའི་ཞབས་ཕྱི་ལས་ཁུངས་དང་སྡེ་ཁུལ་གྱི་རྒན་པ་བདག་སྐྱོང་ལས་ཁུངས་གཉིས་ཀྱིས་སྨན་བཅོས་ལས་ཁུངས་དང་འབྲེལ་མཐུད་བྱེད་པར་སྐུལ་སྤེལ་བཏང་སྟེ་རྒན་པ་ཚོར་སྟབས་བདེའི་སྨན་བཅོས་ཞབས་ཕྱི་མཁོ་སྤྲོད་བྱ་དགོས།  སྤྱི་ཚོགས་མ་རྩ་བེད་སྤྱད་དེ་ལྟ་སྐྱོང་ཁང་དང་ཁམས་གསོའི་སྨན་ཁང།  ཚེ་མཇུག་ཏུ་བྱམས་སྐྱོང་མཁོ་སྤྲོད་བྱེད་པའི་སྨན་བཅོས་དང་རྒན་གསོ་མཉམ་འདྲེས་ཀྱི་རྣམ་པའི་ཞབས་ཕྱི་ལས་ཁུངས་འཛུགས་པར་རྒྱབ་སྐྱོར་བྱ་དགོས།  དུས་ཡུན་རིང་པོར་ལྟ་སྐྱོང་བྱེད་པའི་ཉེན་འགོག་འགན་བཅོལ་ལམ་ལུགས་འཚོལ་ཞིབ་བྱས་ནས་འཛུགས་པ་དང།  ཚོང་ལས་ཉེན་འགོག་འགན་བཅོལ་ཀུང་སིས་རྒན་པ་ཚོར་བདེ་ཐང་དང་བསམ་ཡུལ་ལས་འདས་པའི་རྨས་སྐྱོན།  དུས་ཡུན་རིང་པོར་ལྟ་སྐྱོང་བྱེད་པ་སོགས་ཀྱི་ཉེན་འགོག་འགན་བཅོལ་རྣམ་གྲངས་མཁོ་སྤྲོད་བྱེད་པར་སྐུལ་བསྟོད་དང་ཁྲིད་སྟོན་བྱས་ཐོག སྣ་མང་ཅན་གྱི་ཉེན་འགོག་འགན་བཅོལ་གྱི་གྲོན་དངུལ་སྡུད་སྟངས་ཆགས་པར་བྱས་ཏེ། རྩོལ་ནུས་ཉམས་པའམ་ཕྱེད་ཙམ་ཉམས་པའི་རྒན་པའི་གཞི་རྩའི་འཚོ་བར་བདག་སྐྱོང་དང་འབྲེལ་ཡོད་སྨན་བཅོས་ལྟ་སྐྱོང་སོགས་ལ་མཁོ་བའི་གྲོན་དངུལ་གནད་དོན་ཐག་གཅད་པར་སྐུལ་འདེད་གཏང་དགོས།

3.རྒན་གསོའི་ཞབས་ཕྱི་བ་འཇོན་པོའི་བྱང་ཚད་ཤུགས་ཆེན་པོས་ཇེ་མཐོར་གཏང་དགོས།  རྒན་གསོའི་ལྟ་སྐྱོང་པ་གསོ་སྦྱོང་བྱ་རྒྱུ་དེ་ལས་རིགས་གསོ་སྦྱོང་དང་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་ནང་དོན་གལ་ཆེན་དུ་བརྩིས་ནས།  རྒན་གསོའི་ཞབས་ཕྱི་ནུས་རྩལ་གསོ་སྦྱོང་ངམ་ལས་སྐྲུན་གསོ་སྦྱོང་བྱེད་པར་ཞུགས་པ་མ་ཟད་ཚད་ལོན་པའི་ངལ་རྩོལ་པ་རྣམས་ལ་གཏན་ཕབ་ལྟར་གསོ་སྦྱོང་གི་ཁ་གསབ་རོགས་དངུལ་སྤྲོད་དགོས།  སློབ་གྲྭ་ཆེན་མོ་དཀྱུས་མ་དང་ལས་རིགས་སློབ་གྲྭ་ཆེན་མོར་རྒན་གསོའི་ཆེད་ལས་དང་རྒན་པའི་སློབ་གསོ་གསར་སྤེལ་གྱི་སློབ་ཚན་འཛུགས་པར་སྐུལ་འདེད་བཏང་སྟེ།  སྡེ་ཁུལ་དང་རྒན་པའི་སློབ་གསོ་ལས་ཁུངས་དང་རྒན་གསོའི་ཞབས་ཕྱི་ལས་ཁུངས་སོགས་ལ་སློབ་ཁྲིད་ཐོན་ཁུངས་དང་ཞབས་ཕྱི་མཁོ་སྤྲོད་བྱ་དགོས།  རྒན་གསོའི་ཞབས་ཕྱི་ལས་རིགས་ཀྱི་ལས་སྒྲུབ་མི་སྣར་བྱ་དགའ་སྟེར་བ་དང་ཆད་པ་གཅོད་པའི་རྐྱེན་སྲོལ་བཙུགས་ཏེ།  རྒན་གསོའི་ལྟ་སྐྱོང་དཔུང་སྡེའི་ལས་རིགས་ཀུན་སྤྱོད་བྱང་ཚད་ཇེ་མཐོར་གཏང་དགོས།  ལས་རིགས་རྩལ་ནུས་རིམ་པ་དང་རྒན་གསོའི་ཞབས་ཕྱི་སྒྲུབ་མཁན་གྱི་གླ་ཕོགས་ཐོབ་ཐང་འབྲེལ་མཐུད་བྱེད་པའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང།  དུས་ཡུན་རིང་པོར་རྒན་གསོའི་ལྟ་སྐྱོང་བྱ་བ་སྒྲུབ་མཁན་ཕུལ་བྱུང་ཅན་དཔྱད་འདེམ་བྱས་ནས་སྔོན་ཐོན་ལ་བྱ་དགའ་སྟེར་ཐབས་གཏན་འབེབས་བྱ་དགོས།  རྒན་པའི་མི་ཤུགས་ཐོན་ཁུངས་ཧུར་ཐག་གིས་གསར་སྤེལ་བྱས་ཏེ།  རྒན་པའི་ཁྱིམ་ཚང་གི་ཁོངས་མིར་རྒན་གསོའི་ཞབས་ཕྱི་སྒྲུབ་ཚུལ་གསོ་སྦྱོང་བྱེད་པ་དང།  “རོགས་རེས་ཀྱིས་རྒན་གསོའི”རྣམ་པ་དར་སྤེལ་བྱ་དགོས།

4. རྒན་པའི་ཐོན་རྫས་དང་མཁོ་ཆས་ཀྱི་རིམ་པ་སྤར་བར་སྐུལ་འདེད་གཏང་དགོས།  རྒན་པའི་མཁོ་ཆས་ཁྲོམ་ར་གསར་སྤེལ་བྱེད་པ་དང།  རྒན་པའི་མཁོ་ཆས་ཁྱབ་གདལ་དང་བེད་སྤྱོད་བྱེད་པ།  ཁེ་ལས་ཀྱིས་ལག་རྩལ་གསར་བ་དང་བཟོ་རྩལ་གསར་བ།  རྒྱུ་ཆ་གསར་བ།  སྒྲིག་ཆས་གསར་བ་བཅས་བེད་སྤྱད་དེ་རྒན་པར་ཉེ་བར་མཁོ་བའི་ཟས་རིགས་དང་སྨན་བཅོས་མཁོ་ཆས།  རྒྱུན་མཁོའི་དངོས་རྫས།  ཁམས་གསོའི་ལྟ་སྐྱོང་མཁོ་ཆས།  གྱོན་ཆས།  འཚོ་བའི་རམ་འདེགས་ཡོ་བྱད་སོགས་གསར་སྤེལ་དང།  རྒན་པས་དང་ལེན་བྱེད་འདོད་ཅིང་བེད་སྤྱོད་བདེ་བའི་རིག་ནུས་ཚན་རྩལ་ཐོན་རྫས་ཞིབ་འཇུག་གསར་སྤེལ་བྱེད་པར་རྒྱབ་སྐྱོར་བྱས་ནས།  ཐོན་རྫས་ཀྱི་སྣ་ཁ་རྒྱུན་མི་ཆད་པར་ཕུན་ཚོགས་སུ་གཏོང་བ་དང།  ཐོན་རྫས་ཀྱི་བདེ་འཇགས་རང་བཞིན་དང་བློས་གཏད་ཆོག་པའི་རང་བཞིན།  གོ་ཆོད་པའི་རང་བཞིན་ཇེ་དྲག་ཏུ་གཏང་དགོས།  གོང་གསལ་གྱི་ཁེ་ལས་དེ་མཐོ་གསར་ལག་རྩལ་ཁེ་ལས་སུ་ངོས་ལེན་བྱས་ཚེ། གཏན་ཕབ་ལྟར་ཁེ་ལས་ཀྱི་ཐོབ་ཁྲལ་གཟིགས་སྐྱོང་ལོངས་སུ་སྤྱད་ཆོག   ཁམས་གསོའི་རམ་འདེགས་ཡོ་བྱད་སྒྲིག་སྦྱོར་དཀར་ཆག་དུས་ཐོག་ཏུ་གསར་སྒྱུར་བྱེད་པ་དང།  གཙོ་བོ་ཁམས་གསོའི་རམ་འདེགས་ཡོ་བྱད་རང་ཚུགས་ཀྱིས་ཞིབ་འཇུག་གསར་སྤེལ་དང་ཐོན་སྐྱེད་བྱེད་པར་རྒྱབ་སྐྱོར་བྱ་དགོས།  རྒན་པའི་མཁོ་ཆས་ཚད་ལྡན་གྱི་ཚད་གཞི་ནན་མོ་བྱས་ཏེ་ལྟ་སྐུལ་དོ་དམ་བྱ་བར་ཤུགས་བསྣན་དགོས།

5.རྒན་པར་འཚམ་པའི་དངུལ་ལོར་ཞབས་ཕྱི་གོང་དུ་སྤེལ་དགོས།  དངུལ་ཁང་དང་དང་ཉེན་འགོག་འགན་བཅོལ་ཀུང་སི།  དངུལ་འཛིན་ཀུང་སི་སོགས་དངུལ་ལོར་ལས་ཁུངས་ཀྱིས་རྒན་པར་འཚམ་པའི་ནོར་གཉེར་དང་ཉེན་འགོག་འགན་བཅོལ་བཅས་ཀྱི་རྣམ་གྲངས་གསར་སྤེལ་བྱེད་ཚུལ་ཚད་ལྡན་དང་ཁྲིད་སྟོན་བྱས་ཏེ།  རྒན་པའི་དངུལ་ལོར་ཞབས་ཕྱིའི་དགོས་མཁོ་བསྐང་དགོས་ཤིང།  དངུལ་ལོར་ལས་ཁུངས་ཀྱིས་རྒན་པ་ལ་གེགས་མེད་སྒྲིག་བཀོད་བསྐྲུན་པ་དང་ཞབས་ཕྱིའི་ཐོགས་མེད་བགྲོད་ལམ་གདོད་པར་སྐུལ་བསྟོད་བྱ་ དགོས།  རྒན་པའི་དངུལ་ལོར་བདེ་འཇགས་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང།  དངུལ་ལོར་འཛད་སྤྱོད་ཁེ་དབང་སྲུང་སྐྱོང་བྱེད་ཤུགས་ཇེ་ཆེར་གཏང་དགོས།  རྒན་གསོའི་འཚོ་དངུལ་དོ་དམ་ཀུང་སིའི་ཚོད་ལྟའི་བྱ་བར་བརྟན་བརླིང་ངང་སྐུལ་སྤེལ་གཏང་དགོས།

(ལྔ།)ལས་རིགས་ལྟ་སྐུལ་དོ་དམ་ཐད་ལ་ཤུགས་བསྣན་དགོས། ས་གནས་སོ་སོས་དམངས་སྲིད་སྡེ་ཁག་དང་འབྲེལ་ཡོད་སྡེ་ཁག་ཕན་ཚུན་རོགས་འདེགས་མཉམ་རུབ་བྱེད་པའི་ལྟ་སྐུལ་དོ་དམ་རྐྱེན་སྲོལ་འཐུས་ཚང་དུ་བཙུགས་ཏེ།  རྒན་གསོ་ལས་ཁུངས་འཁོར་སྐྱོད་དང་ཞབས་ཕྱི་སྒྲུབ་ཚུལ་ལ་ལྟ་སྐུལ་དོ་དམ་བྱེད་པར་ཤུགས་བསྣན་དགོས།  རྒན་གསོ་ལས་ཁུངས་འཛུགས་པའི་མིང་གཡར་ནས་ས་ཁང་བདག་ཁོངས་གསར་སྤེལ་བྱེད་པར་གཏན་འགོག་དང།  རྒན་གསོ་ལས་ཁུངས་ཀྱི་ཁང་པ་དང་ར་བ།  སྒྲིག་བཀོད་བེད་སྤྱད་དེ་རྒན་གསོའི་ཞབས་ཕྱི་དང་འབྲེལ་མེད་ཀྱི་བྱ་འགུལ་སྤེལ་བར་གཏན་འགོག་བྱེད་པ་དང།  རྒན་གསོའི་ཞབས་ཕྱི་ལས་ཁུངས་ཀྱི་ངོ་བོ་བསྒྱུར་བར་གཏན་འགོག་བྱ་དགོས།  རིམ་པ་སོ་སོའི་སྤྱི་བདེ་སྡེ་ཁག་གིས་རྒན་གསོ་ལས་ཁུངས་ཀྱི་མེ་གསོད་བྱ་བར་ལྟ་སྐུལ་དོ་དམ་བྱེད་པར་ཤུགས་སྣོན་པ་དང།  མེ་གསོད་བདེ་འཇགས་ལ་མཛུབ་སྟོན་དང་གསོ་སྦྱོང་བྱ་བ་ལེགས་པོར་བསྒྲུབས་ཐོག  དམངས་སྲིད་སྡེ་ཁག་གིས་མེ་གསོད་སྡེ་ཁག་ལ་གཞོགས་འདེགས་བྱས་ནས་མེ་གསོད་བདེ་འཇགས་ཐད་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་ཁྲིམས་ལྟར་ཞིབ་གཅོད་བྱ་དགོས།  རྒན་གསོའི་ཞབས་ཕྱི་ཁྱབ་ཁོངས་སུ་ཁྲིམས་འགལ་གྱི་དངུལ་སྡུད་ཆ་འཕྲིན་ལ་ལྟ་ཞིབ་ཚད་ལེན་དང་དབྱེ་ཞིབ་ཞིབ་བསྡུར་བྱ་བ་ལེགས་སྒྲུབ་དང།  སྲིད་ཇུས་དྲིལ་སྒྲོག་དང་ཉེན་བརྡ་གཏོང་བའི་བྱ་བ་ལེགས་པོར་བསྒྲུབ་དགོས་ཤིང།  རྒན་གསོའི་ཞབས་ཕྱིའི་ཁྲོད་རྒན་པར་མནར་གཅོད་དང་བརྙས་བཅོས་བྱེད་པ་སོགས་ཀྱི་བྱ་སྤྱོད་དང།  རྒན་གསོ་ལས་ཁུངས་ཀྱིས་ཁག་ཐེག་གྲོན་དངུལ་ལེན་པ་དང་ཚོགས་མིའི་བྱང་བུ་སྒྲུབ་པ།  དངུལ་ལོར་ཐོན་རྫས་འགྲེམ་པ་སོགས་བྱ་འགུལ་ཁྲོད་ཀྱི་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་ལ་ཁྲིམས་ལྟར་ཞིབ་གཅོད་ནན་མོ་བྱ་དགོས།  རིམ་པ་སོ་སོའི་སྤུས་ཚད་ལྟ་སྐུལ་སྡེ་ཁག་གིས་རྒན་གསོའི་སྒྲིག་བཀོད་དང་ཞབས་ཕྱིའི་བདེ་འཇགས་དོ་དམ་ལ་ཤུགས་སྣོན་པ་དང།  དུས་བཅད་ལྟར་ཞིབ་བཤེར་བྱེད་པའི་རྐྱེན་སྲོལ་འཛུགས་པ།  ཟས་རིགས་སྨན་རྫས་ལྟ་སྐུལ་དོ་དམ་སྡེ་ཁག་གིས་རྒན་གསོ་ལས་ཁུངས་དང་སྡེ་ཁུལ་རྒན་པའི་ཉིན་མོའི་བདག་སྐྱོང་ལྟེ་གནས་སོགས་ ལས་ཁུངས་སམ་སྒྲིག་བཀོད་ནང་གི་ཟས་རིགས་འཕྲོད་བསྟེན་ལ་བདེ་འཇགས་ཞིབ་བཤེར་དང་ལྟ་སྐུལ་གྱི་བྱ་བ་ལེགས་པོར་བསྒྲུབས་ཏེ།  རྒན་པའི་བཟའ་བཏུང་དང་སྨན་རྫས་གནོད་་མེད་བདེ་འཇགས་ཡིན་པ་ཁག་ཐེག་བྱ་དགོས།

གསུམ། སྲིད་ཇུས་དང་བྱེད་ཐབས།

(གཅིག)འཆར་འགོད་གཅིག་གྱུར་གྱིས་འབྲེལ་མཐུད་བྱེད་པར་ཤུགས་བསྣན་དགོས།  འཆར་འགོད་ཀྱི་ཁྲིད་སྟོན་ནུས་པ་འདོན་སྤེལ་བྱེད་པ་དང།  རྒན་གསོའི་ཞབས་ཕྱིའི་འབྲེལ་ཡོད་འཆར་འགོད་དེ་གྲོང་ཁྱེར་དང་གྲོང་གསེབ་འཆར་འགོད་དང།  ས་ཞིང་བེད་སྤྱོད་པའི་སྤྱི་ཡོངས་ཀྱི་འཆར་འགོད།  གྲོང་བརྡལ་ཅན་དུ་བསྒྱུར་བའི་འཆར་འགོད།  ས་ཁོངས་འཆར་འགོད་སོགས་དང་འབྲེལ་མཐུད་བྱས་ཏེ།  ཞབས་ཕྱི་སྒྲུབ་ནུས་དང་ཆུ་ཚད་ཕྱོགས་ཡོངས་ནས་མཐོར་འདེགས་གཏང་དགོས།  ས་གནས་སོ་སོས་གཞིས་སྡོད་སྡེ་ཁུལ་དང་གྲོང་གསེབ།  རྩོལ་ནུས་ཉམས་པའམ་ཕྱེད་ཙམ་ཉམས་པའི་རྒན་པར་ཞབས་འདེགས་ཞུ་བའི་ཐོན་ཁུངས་སྔར་ལས་རྒྱ་བསྐྱེད་དེ།  2020ལོར་བསླེབས་དུས་ལྟ་སྐྱོང་དུ་བཀོལ་བྱའི་མལ་ཁྲིས་ས་གནས་དེ་གའི་རྒན་གསོའི་མལ་ཁྲིའི་བསྡོམས་འབོར་ལས་ཟིན་པའི་བསྡུར་ཚད30%ལས་མི་ཉུང་བྱ་དགོས།

(གཉིས།)ས་ཞིང་གི་ཐད་ནས་རྒྱབ་སྐྱོར་གྱི་སྲིད་ཇུས་འཐུས་ཚང་དུ་གཏང་དགོས།  ས་གནས་སོ་སོས་རྒྱལ་ཁབ་མངའ་ཁོངས་ཐོན་ཁུངས་པུའུ་ཡིォརྒན་གསོའི་ཞབས་ཕྱི་སྒྲིག་བཀོད་ཐད་ལ་ས་ཞིང་སྤྱོད་པའི་མཛུབ་སྟོན་བསམ་འཆརサགྱི་བླང་བྱ་ལྟར། རྒན་གསོའི་ཞབས་ཕྱི་སྒྲིག་བཀོད་འཛུགས་སྐྲུན་བྱ་རྒྱུ་དེ་ས་གནས་དེ་གའི་ས་ཞིང་བེད་སྤྱོད་ཀྱི་སྤྱི་ཡོངས་འཆར་འགོད་དང་གྲོང་ཁྱེར་གྲོང་གསེབ་ཀྱི་འཆར་འགོད་དུ་འཇུག་དགོས། རྒན་གསོའི་ཞབས་ཕྱི་ལས་ཁུངས་གསར་སྐྲུན་ལས་གཞིའི་ཐད་ལ་ས་ཞིང་སྤྱོད་པ་དེ་གསར་སྣོན་འཛུགས་སྐྲུན་ས་ཞིང་སྤྱོད་པར་འབྲེལ་བ་ཡོད་ཅིང་ས་ཞིང་བེད་སྤྱོད་ཀྱི་སྤྱི་ཡོངས་འཆར་འགོད་དང་མཐུན་པར། ས་ཞིང་སྤྱོད་པའི་འཆར་གཞིའི་དམིགས་ཚད་ཐད་ནས་འགན་སྲུང་བྱ་དགོས།  བེད་མེད་དུ་བསྐྱུར་བའི་སྤྱི་ཚོགས་ཐོན་ཁུངས་གཅིག་གྱུར་གྱིས་བེད་སྤྱད་དེ་རྒན་གསོའི་ཞབས་ཕྱི་གོང་དུ་སྤེལ་བར།  འབྲེལ་ཡོད་སྡེ་ཁག་གིས་གོ་རིམ་ལྟར་འཆར་འགོད་གཞིར་བཟུང་སྟེ་དེའི་ས་ཞིང་སྤྱོད་པའི་ངོ་བོ་ལེགས་སྒྲིག་བྱ་དགོས།  ཁེ་གཉེར་རང་བཞིན་ལྡན་པའི་རྒན་གསོའི་ཞབས་ཕྱི་ལས་ཁུངས་ཀྱིས་གསོག་ཉར་གྱི་འཛུགས་སྐྲུན་ས་ཞིང་བེད་སྤྱད་དེ་རྒན་གསོའི་སྒྲིག་བཀོད་སྐྲུན་པ་དང།  གཏོང་སྤྲོད་བྱས་ཡོད་པའི་འཛུགས་སྐྲུན་ས་ཞིང་སྤྱོད་དབང་ནང་བཤུག(བོགས་མར་གཏོང་ལེན)གམ་བརྒྱུད་བཤུག་བྱེད་པར་འབྲེལ་བ་ཡོད་ན།  སྔོན་གྱི་ས་ཞིང་སྤྱོད་ཡུལ་འཆར་འགོད་དང་མཐུན་པའི་སྔོན་འགྲོའི་ཆ་རྐྱེན་འོག  ས་ཞིང་བཤུག་དངུལ(བོགས་དངུལ)གསབ་འཇལ་བྱས་རྗེས།  གྲོས་ཆིངས་ལྟར་ནང་བཤུག་གམ་བོགས་མར་གཏོང་ལེན་གྱི་འགྲོ་ལུགས་བསྒྲུབ་ཏུ་བཅུག་ཆོག  ཁེ་དོན་ལས་སྡེ་ཚན་དང་མི་སྒེར་གྱིས་གྲོང་བརྡལ་དུ་ད་ལྟ་ཡོད་པའི་བེད་མེད་ཀྱི་བཟོ་ཁང་དང་སློབ་གྲྭ།  སྡེ་ཁུལ་གྱི་ཁང་བ་སོགས་སྒྱུར་བཀོད་དང་བེད་སྤྱོད་བྱས་ནས་རྒན་གསོའི་ཞབས་ཕྱི་ལས་ཁུངས་འཛུགས་གཉེར་བྱེད་པ་དང།  འབྲེལ་ཡོད་སྡེ་ཁག་གིས་ཆོག་མཆན་བཀོད་པ་བརྒྱུད་དེ་བཟོ་སྐྲུན་གྱི་སྤྱོད་སྒོ་གནས་སྐབས་སུ་བསྒྱུར་ནས་ཁེ་གཉེར་མིན་པའི་རྒན་གསོའི་ཞབས་ཕྱི་བསྟུད་མར་ ལོ་གཅིག་ཡན་དུ་གཉེར་ན།  ལོ་ལྔའི་ནང་དུ་ས་ཞིང་བེད་སྤྱོད་ཀྱི་ངོ་བོ་གནས་སྐབས་སུ་མ་བསྒྱུར་ཡང་ཆོག   དམངས་ཁྲོད་ཀྱི་མ་རྩ་བེད་སྤྱད་དེ་འཛུགས་གཉེར་བྱས་པའི་ཁེ་གཉེར་རང་བཞིན་མིན་པའི་རྒན་གསོ་ལས་ཁུངས་དང་སྲིད་གཞུང་གིས་འཛུགས་གཉེར་བྱས་པའི་རྒན་གསོ་ལས་ཁུངས་ཀྱིས་ཞིང་པ་ཐུན་མོང་ལ་དབང་བའི་ས་ཞིང་ཁྲིམས་ལྟར་བེད་སྤྱད་ཆོག   རྒན་གསོའི་ཞབས་ཕྱི་ཁྱབ་ཁོངས་སུ་སྲིད་གཞུང་དང་སྤྱི་ཚོགས་མ་རྩ་མཉམ་ལས(ppp)བྱེད་སྟངས་སྤྱད་པའི་ལས་གཞི་ལ། རྒྱལ་དབང་འཛུགས་སྐྲུན་ས་ཞིང་བཀོལ་སྤྱོད་དབང་ཆར་གོང་ཚད་ཕབ་ནས་མ་དངུལ་འཇོག་པའམ་མ་རྐང་དུ་བཞག་ནས་བསྐྲུན་ཆོག

(གསུམ།)ནོར་སྲིད་ཀྱིས་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་འཐུས་ཚང་དུ་གཏང་དགོས།  རྒན་གསོའི་ཞབས་ཕྱིའི་དཔྱད་དཔོག་རྐྱེན་སྲོལ་མགྱོགས་མྱུར་གྱིས་འཛུགས་པ་དང།  དཔལ་འབྱོར་ཐད་དཀའ་ངལ་ཡོད་པའི་རྒན་པ་དགུང་ལོ་མཐོན་པོ་ཅན་དང་རྩོལ་ནུས་ཉམས་པ་ལ་ཁ་གསབ་སྟེར་བའི་ལམ་ལུགས་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ་དང།  གཅིག་གྱུར་གྱིས་ཇུས་འགོད་དང་རིགས་བཀར་ནས་ཁ་གསབ་བྱས་ཏེ། ཁ་གསབ་སྲིད་ཇུས་གནད་ལ་ཁེལ་ཚད་ཇེ་མཐོར་གཏང་དགོས།  དཔལ་འབྱོར་ཐད་དཀའ་ངལ་ཡོད་ཅིང་འཚོ་བར་ཡུན་རིང་པོར་རང་མགོ་མི་ཐོན་པའི་རྒན་པར་ལྟ་སྐྱོང་ཞབས་ཕྱིའི་ཁ་གསབ་སྟེར་བའི་ལམ་ལུགས་འཚོལ་ཞིབ་བྱས་ནས་བཙུགས་ཏེ།  རྒན་གསོ་ལས་ཁུངས་ཀྱི་འཁོར་སྐྱོད་ཁ་གསབ་དེ་རྩོལ་ནུས་ཉམས་པའི་རྒན་པ་བསྡུ་ལེན་བྱས་ཚུལ་སོགས་ཞིར་བཟུང་སྟེ་ལུགས་མཐུན་གྱིས་སྤྲོད་དགོས།  རིམ་པ་སོ་སོའི་སྲིད་གཞུང་གིས་མ་དངུལ་གཏོང་ཚད་ཇེ་མང་དུ་བཏང་ནས་རྒན་གསོའི་ཞབས་ཕྱི་སྒྲིག་བཀོད་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པ་དང།  རྒྱན་འཛིན་སྤྱི་ཕན་མ་དངུལ་སྤྱད་དེ་རྒན་གསོའི་ཞབས་ཕྱི་མ་ལག་གི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་བླང་བྱ་དོན་འཁྱོལ་བྱེད་པ་དང།  ཞིང་ཆེན་རིམ་པའི་ཕན་བདེའི་རྒྱན་འཛིན་སྤྱི་ཕན་མ་དངུལ་དེ་རྒན་གསོའི་ཞབས་ཕྱིའི་ཐད་དུ་སྤྱད་པའི་བསྡུར་ཚད50%ལས་དམའ་མི་རུང་བ་མ་ཟད། རྒན་པའི་མི་གྲངས་འཕར་བ་དང་བསྟུན་ནས་གཏོང་འཇོག་གི་བསྡུར་ཚད་རིམ་བཞིན་ཇེ་མཐོར་གཏང་དགོས།  དམངས་གཉེར་རྒན་གསོ་ལས་ཁུངས་འཛུགས་སྐྲུན་གྱི་ཁ་གསབ་ཚད་གཞི་ཇེ་མཐོར་གཏོང་བ་དང།  ད་ལྟ་ལག་བསྟར་བྱེད་བཞིན་པའི་འཁོར་སྐྱོད་མལ་ཁྲི་རེར་སྒོར5000སྟེར་བ་ནས་མལ་ཁྲི་རེར་སྒོར10000ལ་མཐོར་འདེགས་གཏང་དགོས།  ནོར་སྲིད་ཀྱིས་རྒན་གསོའི་ཐོན་ལས་ཐེབས་རྩ་གཏོང་འཇོག་སྟེགས་བུ་དང་རྒན་གསོའི་ཞབས་ཕྱི་ལས་རིགས་ཀྱི་མ་དངུལ་རྒྱུན་འཁོར་འཕེལ་རྒྱས་སྟེགས་བུ་འཛུགས་པར་རྒྱབ་སྐྱོར་བྱ་དགོས།  རྒན་གསོ་ལས་ཁུངས་ལ་འབྲེལ་ཡོད་ཀྱི་ཁྲལ་དངུལ་གཟིགས་སྐྱོང་སྲིད་ཇུས་དངོས་གནས་དོན་འཁྱོལ་བྱས་ཏེ།  རྒན་གསོ་ལས་ཁུངས་བསྐྲུན་པའི་ས་ཞིང་བསྐྱར་སྦོལ་གྲོན་དངུལ་དང་ས་ཞིང་བེད་མེད་དུ་བསྐྱུར་བའི་གྲོན་དངུལ།  རྨོ་ཞིང་གསར་སྦོལ་གྲོན་དངུལ།  གཏན་འཇགས་རྒྱུ་ནོར་ཐོ་འགོད་གྲོན་དངུལ།  ཡུལ་གཞན་དུ་སྔོན་འགོག་ཚོད་འཛིན་གྱི་ས་འོག་ཁང་པ་བསྐྲུན་པའི་གྲོན་དངུལ་བཅས་ཁེ་གཉེར་རང་བཞིན་མིན་པའི་རྒན་གསོ་ལས་ཁུངས་ལ་ཚང་མ་རྩ་ཆག་གཏོང་བ་དང།  ཁེ་གཉེར་རང་བཞིན་ལྡན་པའི་རྒན་གསོ་ལས་ཁུངས་ལ་གྲོན་དངུལ་ཕྱེད་ཀ་བསྡུ་ལེན་བྱ་དགོས།

(བཞི།)མ་དངུལ་གཏོང་འཇོག་དང་བསྡུ་རུབ་ཀྱི་སྲིད་ཇུས་འཐུས་ཚང་དུ་གཏང་དགོས།  རོགས་སྐྱོར་སྲིད་ཇུས་འཐུས་ཚང་དུ་བཏང་ཐོག་སྔར་ལས་མང་བའི་དམངས་ཁྲོད་ཀྱི་མ་རྩ་བཀུག་ནས་རྒན་གསོ་ལས་ཁུངས་དང་ཁེ་ལས་གོང་དུ་སྤེལ་བར་སྐུལ་འདེད་གཏང་དགོས།  སྤྱི་ཚོགས་མ་རྩ་ཡིས་ཐེབས་རྩ་འཛུགས་པ་དང་ཁེ་ལས་བུན་འཛིན་འགྲེམ་པ་སོགས་བྱེད་སྟངས་སྤྱད་དེ་མ་དངུལ་གྲབས་གསོག་བྱས་ནས་རྒན་གསོའི་སྒྲིག་བཀོད་བསྐྲུན་པ་དང་སྒྲིག་ཆས་ཉོ་བ།  བེད་མེད་དུ་བསྐྱུར་བའི་སྤྱི་ཚོགས་ཐོན་ཁུངས་ཉོ་སྒྲུབ་དང་སྒྱུར་བཀོད་བྱེད་པ་སོགས་ཀྱི་ཐད་དུ་སྤྱོད་པར་སྐུལ་བསྟོད་བྱ་དགོས།  དངུལ་ཁང་ལས་རིགས་ཀྱི་དངུལ་ལོར་ལས་ཁུངས་ཀྱིས་རྒན་གསོའི་ཞབས་ཕྱི་ལས་ཁུངས་ཀྱིས་སྐྱིན་ཚབ་བྱིན་ནས་ཐོབ་པའི་ས་ཞིང་བེད་སྤྱོད་དབང་དང་ཐོན་དབང་གསལ་བའི་ཁང་ཁོངས་སོགས་གཏན་འཇགས་རྒྱུ་ནོར་དང་བསྡུ་དགོས་པའི་གྲོན་དངུལ།  གཏན་འཇགས་རྒྱུ་ནོར།  ཤེས་ཡོན་ཐོན་དབང།  རྐང་དབང་སོགས་གཏའ་མར་བཞག་ནས་ཡིད་རྟོན་དངུལ་བུན་བསྐྱིས་ནས་རོགས་སྐྱོར་བྱེད་པ་དང། རྒན་གསོའི་ཞབས་ཕྱི་ལས་ཁུངས་ཀྱི་སྣ་མང་ཅན་གྱི་དངུལ་བསྡུ་དགོས་མཁོ་བསྐང་བར་སྐུལ་བསྟོད་བྱ་དགོས།  ཆ་རྐྱེན་ལྡན་པའི་ས་གནས་སུ་ཉེན་ཁ་ཚོད་འཛིན་བྱེད་ཐུབ་པ་དང་རྒན་གསོ་ལས་ཁུངས་ཀྱི་ངོ་བོ་དང་སྤྱོད་ཡུལ་མི་སྒྱུར་བའི་སྔོན་འགྲོའི་ཆ་རྐྱེན་འོག   རྒན་གསོའི་ཞབས་ཕྱི་ལས་ཁུངས་ཀྱི་རྒྱུ་ནོར་གཞན་པ་གཏའ་མར་བཞག་ནས་དངུལ་བུན་བསྐྱི་བའི་སྤྱད་འཐུས་རྣམ་པ་འཚོལ་ཞིབ་བྱ་དགོས།   རྒན་གསོའི་ཞབས་ཕྱི་ལས་རིགས་ཀྱི་དངུལ་བུན་ཉེན་ཁ་འགན་བགོས་ནས་ཁག་ཁུར་དང་སྐྱིན་གསབ་སྟེར་བ།  སྐྱེད་ཀ་ཁ་གསབ་བྱེད་པ།  བྱ་དགའ་སྟེར་བ་བཅས་ཀྱི་རྐྱེན་སྲོལ་འཛུགས་པ་དང།  རྒན་གསོར་རྒྱབ་སྐྱོར་བྱེད་པའི་ལས་གཞིར་སྐྱེད་ཀ་ཁ་གསབ་བྱས་ནས་དངུལ་བུན་གཏོང་བར་དོ་དམ་བྱེད་ཐབས་གཏན་འབེབས་བྱ་དགོས།  རྒན་གསོའི་ཞབས་ཕྱི་ལས་ཁུངས་ཀྱི་ཡིད་རྟོན་དཔྱད་དཔོག་དང་དོ་དམ་མ་ལག་བཙུགས་ནས། ཡིད་རྟོན་རིམ་པ་མཐོ་བའི་རྒན་གསོའི་ཞབས་ཕྱི་ལས་ཁུངས་ལ་ཡིད་རྟོན་དངུལ་བུན་གྱིས་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏང་དགོས།

བཞི། རྩ་འཛུགས་དང་མགོ་ཁྲིད།

(གཅིག)བྱ་བའི་རྐྱེན་སྲོལ་འཐུས་ཚང་དུ་གཏང་དགོས།  གྲོང་ཁྱེར་དང་ཁུལ་སོ་སོའི་སྲིད་གཞུང་གིས་སྲིད་གཞུང་གིས་སྣེ་ཁྲིད་པ་དང་འབྲེལ་ཡོད་སྡེ་ཁག་གིས་མཉམ་འབྲེལ་གཞོགས་འདེགས་ཀྱི་བྱ་བའི་རྐྱེན་སྲོལ་འཛུགས་པ་དང།  རྒན་གསོའི་ཞབས་ཕྱི་ཁྲོམ་ར་ཕྱོགས་ཡོངས་ནས་གཏོང་གློད་དང་རྒན་གསོའི་ཞབས་ཕྱིའི་སྤུས་ཚད་མཐོ་རུ་འདེགས་རྒྱུ་དེ་གོ་གནས་གལ་ཆེན་དུ་འཇོག་དགོས།  ォལག་བསྟར་བསམ་འཆརサའདིའི་བླང་བྱ་གཞིར་བཟུང་སྟེ་ལག་བསྟར་རྩ་འཛུགས་ཀྱི་རྐྱེན་སྲོལ་འཛུགས་པ་དང།  ཆ་འགྲིག་གི་ལག་བསྟར་ཇུས་གཞི་དུས་ཐོག་ཏུ་གཏན་འབེབ་བྱ་དགོས།  ཞིང་ཆེན་གྱི་ཐད་གཏོགས་འབྲེལ་ཡོད་སྡེ་ཚན་གྱིས་རང་སྡེ་ཚན་གྱི་འགན་འཁྲི་ལྟར་བྱེད་ཐབས་ཞིབ་ཕྲ་གཏན་འབེབ་བྱ་དགོས།  སྲིད་ཇུས་དོན་འཁྱོལ་བྱས་ཚུལ་ལ་རྗེས་བསྙེགས་ནས་དབྱེ་ཞིབ་དང་ལྟ་སྐུལ་ཞིབ་བཤེར་བྱས་ཏེ།  འགན་འཁྲི་དམིགས་སར་འབྱོར་བ་དང་བྱ་བ་དོན་ཐོག་ཏུ་འཁྱོལ་བ།  ཕན་འབྲས་དངོས་ཐོན་པར་ཁག་ཐེག་བྱ་དགོས།  སྡེ་ཁག་སོ་སོས་མཉམ་འབྲེལ་གཞོགས་འདེགས་བྱེད་པར་ཤུགས་སྣོན་པ་དང།  འབྲེལ་ཡོད་ཀྱི་གཟིགས་སྐྱོང་སྲིད་ཇུས་དངོས་འབེབ་དང་འཐུས་ཚང་དུ་བཏང་སྟེ་རྒན་གསོའི་ཞབས་ཕྱིའི་སྤུས་འབྲས་གཉིས་ཇེ་ལེགས་སུ་འགྲོ་བར་མཉམ་དུ་སྐུལ་འདེད་གཏང་དགོས།  རྒན་གསོའི་ཞབས་ཕྱི་སྲིད་ཇུས་དངོས་འབེབ་མི་བྱེད་པའམ་རྒན་གསོ་ལས་ཁུངས་འཁོར་སྐྱོད་དང་ཞབས་ཕྱི་སྒྲུབ་པའི་ཁྲོད་བཅའ་ཁྲིམས་ཁྲིམས་སྲོལ་དང་འགལ་བའི་བྱ་སྤྱོད་ཡོད་ན།  བཅའ་ཁྲིམས་ཁྲིམས་སྲོལ་ལྟར་འབྲེལ་ཡོད་མི་སྣའི་འགན་འཁྲི་རྩད་གཅོད་བྱ་དགོས།  ཞིང་ཆེན་གོང་སྤེལ་བཅོས་སྒྱུར་དང་དམངས་སྲིད་སྡེ་ཁག་གིས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་ས་གནས་སོ་སོར་མཛུབ་སྟོན་བྱ་བར་ཤུགས་བསྣན་ནས།  བྱ་བ་འཕེལ་རིམ་གྱི་གནས་ཚུལ་ལ་དུས་ཐོག་ཏུ་ལྟ་སྐུལ་ཞིབ་བཤེར་བྱེད་པ་མ་ཟད་སྙན་ཞུ་འབུལ་དགོས།

(གཉིས།)ལས་རིགས་ཀྱིས་རང་གཅུན་ལ་ཤུགས་བསྣན་དགོས།  ཞིང་ཆེན་དམངས་སྲིད་དང་སྤུས་ཚད་ལྟ་སྐུལ་སོགས་སྡེ་ཁག་གིས་རྒན་གསོའི་ཞབས་ཕྱི་ཚད་གཞིའི་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་བ་དང།  རྒྱལ་ཁབ་ཀྱི་ཚད་གཞི་དང་ལས་རིགས་ཀྱི་ཚད་གཞི་ལག་བསྟར་བྱེད་པར་རྩ་འཛུགས་བྱ་དགོས་ཤིང། དོ་དམ་དང་ཞབས་ཕྱིའི་སྐོར་གྱི་ས་གནས་ཀྱི་ཚད་གཞི་དམ་འཛིན་གྱིས་གཏན་འབེབས་བྱ་དགོས།  རྒན་གསོ་ལས་ཁུངས་ཀྱིས་རྒྱལ་ཁབ་ཀྱི་ཚད་གཞི་དང་ལས་རིགས་ཀྱི་ཚད་གཞི།  ས་གནས་ཀྱི་ཚད་གཞི་བཅས་ལས་ནན་པའི་ཁེ་ལས་དོ་དམ་དང་ཞབས་ཕྱིའི་ཚད་གཞི་གཏན་འབེབས་བྱ་བར་སྐུལ་བསྟོད་བྱ་དགོས།  རྒན་གསོ་ལས་ཁུངས་ལ་ཕྱོགས་བསྡུས་སྒོས་དཔྱད་དཔོག་དང་སྙན་ཞུ་འབུལ་བའི་ལམ་ལུགས་གཟབ་ནན་གྱིས་དངོས་འབེབས་བྱས་ཐོག ཕྱོགས་གསུམ་པས་དཔྱད་དཔོག་བྱེད་པ་མ་ཟད་སྤྱི་ཚོགས་ལ་ཁྱབ་སྒྲོག་བྱེད་པ་དང།  དཔྱད་དཔོག་མཐའ་འབྲས་དེ་སྲིད་གཞུང་གིས་ཞབས་ཕྱི་ཉོ་བ་དང་འཛུགས་སྐྲུན་གཉེར་སྐྱོང་བྱེད་པར་ཁ་གསབ་སྟེར་བ་སོགས་དང་འབྲེལ་མཐུད་བྱ་དགོས།  སྲིད་གཞུང་གིས་གཉེར་སྐྱོང་བྱེད་པའི་རྒན་གསོ་ལས་ཁུངས་ཀྱིས་རྒན་པ་གནས་སྡོད་དཔྱད་དཔོག་ལམ་ལུགས་ལག་བསྟར་བྱས་ནས། རེ་འདུན་ཞུས་ནས་གནས་སྡོད་བྱས་པའི་རྒན་པའི་གནས་ཚུལ་ཕྱོགས་བསྡུས་སྒོས་དཔྱད་དཔོག་བྱ་དགོས་ཤིང། དམིགས་བསལ་གྱི་དཀའ་ངལ་ཡོད་པའི་མི་སྣ་རྣམས་ལ་གཅིག་བསྡུས་ཀྱིས་བསྙེན་བཀུར་ བྱེད་པའི་དགོས་མཁོ་དང་དཔལ་འབྱོར་ཐད་དཀའ་ངལ་ཡོད་པའི་མི་ཧྲེང་དང་རྩོལ་ནུས་ཉམས་པ། དགུང་ལོ་མཐོ་བ་སོགས་ཀྱི་རྒན་པ་གཞན་པའི་ཞབས་ཕྱི་དགོས་མཁོ་དམིགས་སུ་བཀར་ནས་སྔོན་ལ་འགན་སྲུང་བྱ་དགོས།  རྒན་གསོའི་མཐུན་ཚོགས་གོང་དུ་སྤེལ་བར་ཁྲིད་སྟོན་དང་རྒྱབ་སྐྱོར་བྱས་ཏེ་ལས་རིགས་རང་སྟེང་དོ་དམ་བྱེད་པའི་དམིགས་འབེན་རིམ་བཞིན་མངོན་འགྱུར་བྱ་དགོས།

(གསུམ།)དྲིལ་སྒྲོག་བྱེད་ཤུགས་ཇེ་ཆེར་གཏང་དགོས།  གྲོང་ཁྱེར(ཁུལ)སོ་སོའི་སྲིད་གཞུང་གིས་རྒན་གསོའི་ཞབས་ཕྱི་ལས་རིགས་གོང་དུ་སྤེལ་བའི་བྱེད་ཕྱོགས་དང་སྲིད་ཇུས་ཤུགས་ཆེན་པོས་དྲིལ་སྒྲོག་བྱེད་པ་དང།  རྒན་གསོའི་ཞབས་ཕྱི་ལས་རིགས་ལ་ཕྱོགས་བསྡུས་བཅོས་སྒྱུར་ཚོད་ལྟ་བྱེད་ཁྲོད་ཀྱི་ཉམས་མྱོང་བཟང་པོ་དང་སྒྲུབ་ཐབས་བཟང་པོ་དུས་ཐོག་ཏུ་སྤྱི་བསྡོམས་དང་ཁྱབ་སྤེལ་བྱ་དགོས།  སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་གི་རིན་ཐང་ལྟ་བས་མཛུབ་ཁྲིད་བྱེད་པ་རྒྱུན་འཁྱོངས་བྱས་ཐོག   ཀྲུང་ཧྭ་མི་རིགས་ཀྱི་རྒན་བཀུར་གྱི་སྤྱི་ཚོགས་དར་སྲོལ་དང་སྔར་ཡོད་སྤྱོད་བཟང་དར་སྤེལ་བྱེད་པ་དང།  དཔལ་ཡོན་སྡེ་ཁུལ་དང་དཔལ་ཡོན་གྲོང་རྡལ།  དཔལ་ཡོན་ཁྱིམ་ཚང་སོགས་གསར་སྐྲུན་གྱི་བྱ་འགུལ་དང་སྦྲེལ་ནས་རྒན་བཀུར་སློབ་གསོ་སྤེལ་ཏེ།  རྒན་པར་གསོ་སྐྱོང་དང་རོགས་སྐྱོར་གྱི་སྤྱི་ཚོགས་སྣང་ཚུལ་བཟང་པོ་ཆགས་པར་བྱ་དགོས། རྒན་གསོའི་ཞབས་ཕྱི་ལས་རིགས་གོང་དུ་སྤེལ་བའི་བརྒྱུད་རིམ་ཁྲོད་བྱུང་བའི་སྔོན་ཐོན་དཔེར་མཚོན་དང་སྔོན་ཐོན་བྱས་རྗེས་དྲིལ་སྒྲོག་དང་སྒྲོག་སྤེལ་བྱེད་པར་ཤུགས་སྣོན་པ་དང།  རྒན་པར་མནར་གཅོད་དང་གནོད་འཚེ་གཏོང་བ་དང་རྒན་པའི་ཁྲིམས་མཐུན་ཁེ་དབང་ལ་གནོད་སྐྱེལ་བའི་བྱ་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་གཏང་དགོས།  རྒན་གསོའི་ཞབས་ཕྱི་ལས་རིགས་ཀྱི་རྩལ་ནུས་འགྲན་བསྡུར་བྱ་འགུལ་རྩ་འཛུགས་བྱས་ནས་སྤེལ་ཏེ།  རྒན་གསོའི་ཞབས་ཕྱི་ལས་སྒྲུབ་མི་སྣའི་ལས་རིགས་བྱང་ཚད་འབད་བརྩོན་གྱིས་ཇེ་མཐོར་གཏང་དགོས། རྒན་པ་ལ་འཚམ་པའི་རིག་གནས་ལུས་རྩལ་དང་རོལ་རྩེད་བྱ་འགུལ་ཧུར་ཐག་གིས་རྩ་འཛུགས་བྱས་ནས་སྤེལ་བ་དང།  རྒན་པ་རྣམས་སྡེ་ཁུལ་གྱི་ཞབས་ཕྱི་དང་སྤྱི་ཕན་བྱ་འགུལ།  བདེ་ཐང་ཤེས་བྱ་གསོ་སྦྱོང་བཅས་ཁྲོད་དུ་ཞུགས་པར་ཁྲིད་སྟོན་བྱས་ཏེ།  རྒན་པ་ཚོའི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏང་དགོས།

ལག་བསྟར་བསམ་འཆར་འདི2018ལོའི་ཟླ2པའི་ཚེས10ཉིན་ནས་བཟུང་ལག་བསྟར་བྱ་དགོས།


 

 

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན་ནས།

2018ལོའི་ཟླ1པོའི་ཚེས11ཉིན།

གོང་མ།:རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིན་གྱི་ཡིག་ཆ།

ཞོལ་མ།:རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིན་གྱི་ཡིག་ཆ།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235