མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
ཏང་སྲིད་ཡིག་ཆ།
 

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་དབང་སྐྱོན་བྱིས་པའི་བདེ་ཐང་སླར་གསོའི་རོགས་སྐྱོབ་ལམ་ལུགས་འཛུགས་པའི་སྐོར་གྱི་ལག་བསྟར་བསམ་འཆར།

ཡོང་ཁུངས།:ཀྲུང་གོ་བོད་ཀྱི་དྲ་བ།  སྤེལ་དུས།:2019-05-20  རྩོམ་པ་པོ།:  རྩོམ་སྒྲིག་པ།:    ཀློགས་གྲངས།:

མཚོ་སྲིད[2018]ཨང72པ།

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་དབང་སྐྱོན་བྱིས་པའི་བདེ་ཐང་སླར་གསོའི་རོགས་སྐྱོབ་ལམ་ལུགས་འཛུགས་པའི་སྐོར་གྱི་ལག་བསྟར་བསམ་འཆར།

གྲོང་ཁྱེར་དང་རང་སྐྱོང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་དང་། ཞིང་ཆེན་སྲིད་གཞུང་གི་ཨུ་ཡོན་ལྷན་ཁང་དང་གཞུང་ལས་ཁང་། ཐིང་། ཅུས་སོ་སོ་བཅས་ལ།

ཏང་གི་ཚོགས་ཆེན་བཅུ་དགུ་བའི་སྟེང་བཏོན་པའི་“དབང་པོ་སྐྱོན་ཅན་གྱི་བྱ་གཞག་འཕེལ་རྒྱས་སུ་གཏོང་བ་དང་དབང་པོ་སྐྱོན་ཅན་ཀྱི་བདེ་ཐང་སླར་གསོའི་ཞབས་ཕྱི་ལ་ཤུགས་སྣོན་རྒྱག་པའི”བཀོད་སྒྲིག་གལ་ཆེན་དང་ཀྲུང་གོའི་དབང་སྐྱོན་མཉམ་འབྲེལ་ལྷན་ཚོགས་ཀྱི་འཐུས་མི་ཚོགས་ཆེན་ཐེངས་བདུན་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་དོན་འཁྱོལ་བྱེད་པ་དང་། “བཞི་ཅན་ལྔའི་འཐབ་ཇུས”ལག་བསྟར་གཏིང་ཟབ་བགྱིད་པ་དང་། “སྔོན་ཐོབ་གཅིག་དང་སྤུས་མཐོ་གཉིས”ཀྱི་འཐབ་ཇུས་བཀོད་སྒྲིག་ལ་སྐུལ་འདེད་ཅི་ནུས་གཏོང་བ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དབང་པོ་སྐྱོན་ཅན་གྱི་བྱ་གཞག་འཕེལ་རྒྱས་སུ་གཏོང་བའི་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་མཚོ་སྔོན་དུ་ཆད་ལུས་མེད་པར་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་བ། དབང་སྐྱོན་བྱིས་པའི་བདེ་ཐང་སླར་གསོའི་བྱ་གཞག་ལ་སྤུས་ཚད་མཐོ་བའི་འཕེལ་རྒྱས་འབྱུང་བར་སྐུལ་འདེད་ཤུགས་ཆེན་གཏོང་བ། དབང་སྐྱོན་བྱིས་པའི་བདེ་ཐང་སླར་གསོའི་གནས་ཚུལ་འབད་པས་ལེགས་བཅོས་བྱེད་པ། དབང་སྐྱོན་བྱིས་པ་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ། དབང་སྐྱོན་བྱིས་པའི་ཁྱིམ་ཚང་གི་ཁུར་པོ་ཇེ་ཡང་དུ་གཏོང་བ་བཅས་ལ་བརྟེན་ནས། དབང་སྐྱོན་བྱིས་པ་དང་དེ་དག་གི་ཁྱིམ་ཚང་བདེ་ཐང་ཡོང་བ་དང་། ལ་རྒྱ་མ་ཤོར་ཅིང་སྤུས་ཀ་ལེགས་པའི་འཚོ་བ་རོལ་བར་ཤུགས་རྒྱག་པའི་ཆེད་དུ། 《དབང་པོར་སྐྱོན་ཤོར་བ་སྔོན་འགོག་དང་དབང་པོ་སྐྱོན་ཅན་གྱི་བདེ་ཐང་སླར་གསོ་སྲོལ་ཡིག》དང་《རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དབང་སྐྱོན་བྱིས་པའི་བདེ་ཐང་སླར་གསོའི་རོགས་སྐྱོབ་ལམ་ལུགས་འཛུགས་པའི་སྐོར་གྱི་བསམ་འཆར》(རྒྱལ་སྤེལ[2018]20བ)གྱི་དགོངས་དོན་ལྟར། རང་ཞིང་གི་གནས་ཚུལ་དངོས་དང་སྦྱར་ནས་ལག་བསྟར་བསམ་འཆར་འདི་གཏན་ལ་ཕབ་པ་ཡིན།

གཅིག སྤྱིའི་བླང་བྱ།

དབང་སྐྱོན་བྱིས་པ་ནི་སྤྱི་ཚོགས་གཞིས་ཁྱིམ་ཆེན་མོ་འདིའི་གྲུབ་ཆ་གལ་ཆེན་ཡིན་པས། དབང་སྐྱོན་བྱིས་པའི་བདེ་ཐང་སླར་གསོའི་རོགས་སྐྱོབ་བྱ་བ་ལེགས་པོར་བསྒྲུབ་རྒྱུ་ནི་དབང་སྐྱོན་བྱིས་པའི་རྩ་བའི་ཁེ་ཕན་དང་བདེ་ཐང་ངང་འཚར་ལོངས་འབྱུང་བར་རག་ལས་པ་དང་། ཁྱིམ་ཚང་ཁྲི་སྟོང་མང་པོའི་བདེ་སྡོད་ལས་བརྩོན་དང་བདེ་སྐྱིད་འཚོ་བ་རོལ་བར་རག་ལས་པ་དང། སྤྱི་ཚོགས་བརྟན་འཇགས་དང་དཔལ་ཡོན་ཡར་རྒྱས་ཡོང་བར་རག་ལས་པ་དང་། བདེ་ཐང་མཚོ་སྔོན་འཛུགས་སྐྲུན་དང་“འགྲོས་མཉམ་གཅིག་དང་སྔར་ལས་ལྷག་པ་བཞིའི”དམིགས་འབེན་མངོན་འགྱུར་བྱེད་པར་རག་ལས་པ་ཡིན།

(གཅིག) མཛུབ་སྟོན་བསམ་བློ།

ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱེད་པ་དང་། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་པར་གཅིག་འདོམས་ཀྱིས་སྐུལ་འདེད་དང་། “ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་པར་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་བསམ་བློ་རྒྱུན་འཁྱོངས་བྱེད་པ་དང་། འཕེལ་རྒྱས་འདུ་ཤེས་གསར་པ་བརྟན་པོར་རྒྱུད་ལ་ཆགས་པར་བྱས་ཏེ། “ཞན་ཆ་གསབ་སྐོང་དང་། མ་མཐའ་འགབ་སྐྱོར། དྲ་རྒྱ་ཞིབ་བཟོ། རྐྱེན་སྲོལ་འཛུགས་སྐྱོང་། འཕྲལ་དཀའ་རོགས་སྐྱོབ། དམངས་འཚོ་གཟིགས་སྐྱོང”གི་བླང་བྱ་ལྟར། དབང་སྐྱོན་བྱིས་པའི་གཞི་རྩའི་བདེ་ཐང་སླར་གསོ་ཞབས་ཕྱིའི་དགོས་མཁོ་འགན་སྲུང་བྱེད་པར་ཤུགས་རྒྱག་པ་དང་། དབང་སྐྱོན་བྱིས་པ་“མི་རེ་རེར་བདེ་ཐང་སླར་གསོའི་ཞབས་ཕྱི་ཡོད་པ”ཅི་ཐུབ་ཀྱིས་མངོན་འགྱུར་བྱས་ཏེ། དབང་སྐྱོན་བྱིས་པའི་ཁྱིམ་ཚང་གི་ཐོབ་སྣང་དང་སྐྱིད་སྣང་དང་བདེ་སྣང་སྔར་བས་མོད་པ་དང་འགན་སྲུང་ཡོད་པ། རྒྱུན་མཐུད་རུང་བ་ཡིན་པར་བྱ་དགོས།

(གཉིས།) གཞི་རྩའི་རྩ་དོན།

ལམ་ལུགས་སྦྲེལ་མཐུད་དང་སྐྱོབ་དགོས་པ་སྐྱོབ་ཅི་ཐུབ་བྱེད་པ་རྒྱུན་འཁྱོངས་བྱ་དགོས། གཞི་རྩའི་སྨན་བཅོས་དང་གནས་སྐབས་རོགས་སྐྱོབ་སོགས་སྤྱི་ཚོགས་འགན་སྲུང་ལམ་ལུགས་ལ་ནུས་ལྡན་གྱིས་སྦྲེལ་མཐུད་བྱེད་པར་ཤུགས་བསྣན་ཏེ། དབང་སྐྱོན་བྱིས་པའི་ཁྱིང་ཚང་ལ་རོགས་སྐྱོབ་ཞུ་ས་ཡོད་པ་དང་རོགས་སྐྱོབ་དུས་ཐོག་ཏུ་ཐོབ་ཐུབ་པར་ཁག་ཐེག་བྱ་དགོས།

ཅི་ནུས་ཀྱིས་འབད་པ་དང་ལྕོགས་ཚོད་ཀྱིས་སྒྲུབ་པ་རྒྱུན་འཁྱོངས་བྱ་དགོས། མ་མཐའ་བརྟན་སྲུང་དང་གཙོ་གནད་འབུར་ཐོན། ལམ་ལུགས་འཐུས་ཚང་། སྔོན་དཔག་ཁྲིད་སྟོན་བཅས་བྱས་ཏེ། དབང་སྐྱོན་བྱིས་པའི་གཞི་རྩའི་བདེ་ཐང་སླར་གསོ་ཞབས་ཕྱིའི་དགོས་མཁོ་སྐོང་བར་ཤུགས་རྒྱག་དགོས།

ཚད་ལྡན་རིམ་ཡོད་དང་ཡོངས་བསྒྲགས་དྲང་གཞག་ཡིན་པ་རྒྱུན་འཁྱོངས་བྱ་དགོས། ཚན་རིག་དང་མཐུན་ལ་ཚད་ལྡན་ཡིན་པ། དམངས་ལ་སྟབས་བདེ་ཞིང་ཕན་ནུས་མཐོ་བའི་འཁོར་སྐྱོད་རྐྱེན་སྲོལ་བཙུགས་ནས། རང་འགུལ་གྱིས་མང་ཚོགས་དང་སྤྱི་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱས་ཏེ། ཡོངས་བསྒྲགས་ཀུན་གསལ་དང་མཐའ་འབྲས་དྲང་གཞག་ཡིན་པར་བྱ་དགོས།

སྲིད་གཞུང་གིས་གཙོ་ཁྲིད་དང་སྤྱི་ཚོགས་ཀྱིས་ཐེ་ཞུགས་བྱེད་པ་རྒྱུན་འཁྱོངས་བྱ་དགོས། སྲིད་གཞུང་གིས་“གཞི་རྩ་སྲུང་བའི”ནུས་པ་འདོན་སྤེལ་སྔར་ལས་ལེགས་པོ་བགྱིས་ཏེ། གཞི་རྩའི་བདེ་ཐང་སླར་གསོའི་ཞབས་ཕྱི་ཆ་སྙོམས་ཅན་དུ་བསྒྱུར་བར་རྒྱུན་མི་ཆད་པར་སྐུལ་འདེད་གཏོང་བ་དང་། སྤྱི་ཚོགས་སྟོབས་ཤུགས་ཀྱི་ནུས་པ་འདོན་སྤེལ་སྔར་ལས་ལེགས་པོ་བགྱིས་ཏེ། བདེ་ཐང་སླར་གསོའི་ཞབས་ཕྱིའི་འདོན་སྤྲོད་བྱེད་རྒྱ་མུ་མཐུད་དུ་ཆེར་བསྐྱེད་ནས། བདེ་ཐང་སླར་གསོའི་ཞབས་ཕྱིའི་སྤུས་ཚད་ཇེ་ལེགས་སུ་གཏང་དགོས།

(གསུམ།) སྤྱིའི་དམིགས་འབེན།

2020ལོར་སླེབས་དུས། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ལེགས་འགྲུབ་བྱེད་པའི་དམིགས་འབེན་དང་འཚམ་པའི་དབང་སྐྱོན་བྱིས་པའི་བདེ་ཐང་སླར་གསོའི་རོགས་སྐྱོབ་ལམ་ལུགས་ཀྱི་མ་ལག་འཛུགས་པ་དང་། ཏང་ཨུས་མགོ་ཁྲིད་གནང་བ་དང་། སྲིད་གཞུང་གིས་གཙོ་ཁྲིད་བྱེད་པ། དབང་སྐྱོན་ལྷན་ཚོགས་ཀྱིས་ལམ་སྣ་འདྲེན་པ། སྡེ་ཁག་སོ་སོས་རམ་བུ་འདེགས་པ། སྤྱི་ཚོགས་ཀྱིས་ཐེ་ཞུགས་བྱེད་པའི་དབང་སྐྱོན་བྱིས་པའི་བདེ་ཐང་སླར་གསོའི་རོགས་སྐྱོབ་བྱ་བའི་རྣམ་པ་ཆགས་པར་བྱས་ཏེ། དབང་སྐྱོན་བྱིས་པ་སྐྱོབ་དགོས་པ་དག་སྐྱོབ་ཅི་ཐུབ་བགྱིད་པ་ཕལ་ཆེར་མངོན་འགྱུར་བྱ་དགོས།

2025ལོར་སླེབས་དུས། དབང་སྐྱོན་བྱིས་པའི་བདེ་ཐང་སླར་གསོའི་རོགས་སྐྱོབ་ལམ་ལུགས་ཀྱི་མ་ལག་སྔར་བས་འཐུས་སྒོ་ཚང་བ་དང་། དབང་སྐྱོན་བྱིས་པར་བདེ་ཐང་སླར་གསོའི་ཞབས་ཕྱི་འདོན་སྤྲོད་བྱེད་པའི་ནུས་པ་མངོན་གསལ་གྱིས་ཇེ་དྲག་ཏུ་འགྱུར་བ། ཞབས་ཕྱིའི་སྤུས་ཚད་དང་འགན་སྲུང་ཆུ་ཚད་མངོན་གསལ་གྱི་ཇེ་མཐོར་འགྲོ་བ། དབང་སྐྱོན་བྱིས་པས་གཞི་རྩའི་བདེ་ཐང་སླར་གསོ་ཞབས་ཕྱི་ཡོངས་ཁྱབ་ཏུ་ལོངས་སུ་སྤྱོད་ཐུབ་པ། བདེ་ཐང་ངང་འཚར་ལོངས་འབྱུང་བ་དང་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བའི་ཁེ་དབང་ལ་འགན་སྲུང་གོ་ཆོད་ཐོབ་པ་བཅས་བྱ་དགོས།

གཉིས། རོགས་སྐྱོབ་ནང་དོན།

(གཅིག) རོགས་སྐྱོབ་བྱ་ཡུལ།

རོགས་སྐྱོབ་བྱ་ཡུལ་ནི་ཆ་རྐྱེན་དང་འཚམ་པའི་ལོ་0ནས་6ལ་སོན་པའི་མིག་ཤེས་དང་རྣ་ཤེས། སྨྲ་བརྗོད། ཡན་ལག རིག་པ། ཁེར་རྐྱང་ནད་སོགས་ཀྱི་དབང་སྐྱོན་བྱིས་པ་དང་ལོ་7ནས་17ལ་སོན་ཞིང་དབང་སྐྱོན་ལག་ཁྱེར་ཡོད་པའི་མིག་ཤེས་དང་རྣ་ཤེས། སྨྲ་བརྗོད། ཡན་ལག རིག་པ། ཁེར་རྐྱང་ནད་སོགས་ཀྱི་དབང་སྐྱོན་བྱིས་པ་ཡིན། དེའི་ནང་དུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་སྲུང་ཁྱིམ་ཚང་དང་ཡིག་ཚགས་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་གི་དབང་སྐྱོན་བྱིས་པ་དང་བྱིས་པའི་ཕན་བདེ་ལས་ཁུངས་ནས་བདག་སྐྱོང་བྱེད་པའི་དབང་སྐྱོན་བྱིས་པ་རྣམས་དང་། དབང་སྐྱོན་དྭ་ཕྲུག་དང་དམིགས་བསལ་དཀའ་ངལ་ཡོད་མཁན་གྱི་གཉོར་སྐྱོང་ཁྱབ་ཁོངས་སུ་བསྡུས་པའི་དབང་སྐྱོན་བྱིས་པ་རྣམས་དང་། དཔལ་འབྱོར་ཐད་དཀའ་ངལ་ཡོད་པའི་ཁྱིམ་ཚང་གཞན་དག་གི་དབང་སྐྱོན་བྱིས་པ་བཅས་འདུ། དཔལ་འབྱོར་ཐད་དཀའ་ངལ་ཡོད་པའི་ཁྱིམ་ཚང་གཞན་དག་ངོས་འཛིན་གཏན་འབེབས་བྱེད་ཐབས་ནི། གྲོང་ཁྱེར་(ཁུལ)དང་རྫོང་རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གིས་འབྲེལ་ཡོད་ཀྱི་གཏན་འབེབས་ལ་ཟུར་ལྟ་བགྱིས་ནས། གནས་ཚུལ་དངོས་ལ་ཟུང་འབྲེལ་གྱིས་གཏན་ལ་དབབ་དགོས། ཆ་རྐྱེན་འཛོམས་པའི་ས་ཆ་ནས། རོགས་སྐྱོབ་བྱ་ཡུལ་ཁྱིམ་ཚང་གི་དཔལ་འབྱོར་ཆ་རྐྱེན་ཐད་ཀྱི་ཚོད་འཛིན་ཇེ་ལྷོད་དུ་བཏང་ཆོག

1. ཐེམ་ཐོ་(སྡོད་དཔང་སྤྲོད་སའི་ས་གནས)མཚོ་སྔོན་དུ་ཡོད་པའི་དབང་སྐྱོན་བྱིས་པ་ཡིན་ལ། རིམ་པ་གཉིས་པ་ཡན་གྱི་སྨན་བཅོས་ལས་ཁུངས་ཀྱིས་སྤྲད་པའི་ནད་བརྟག་བདེན་དཔང་ཡི་གེའམ་ཡང་ན་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་པོ་སྐྱོན་ཅན་གྱི་ལག་ཁྱེར》ཡོད་པ།

2. བབ་མཚུངས་ཀྱི་དབང་སྐྱོན་བྱིས་པའི་བདེ་ཐང་སླར་གསོའི་རོགས་སྐྱོབ་བླང་བྱ་དང་འཚམ་ཞིང་། བདེ་ཐང་སླར་གསོའི་ཞབས་ཕྱི་ལ་འཕྲོད་པའི་རྟགས་ཡོད་པ་མ་ཟད། གནས་ཁེལ་བདེ་ཐང་སླར་གསོ་ལས་ཁུངས་ཀྱིས་དཔྱད་འཇོག་བྱས་པས་བདེ་ཐང་སླར་གསོ་ཐུབ་རེ་ཡོད་པ་དང་། བདེ་ཐང་སླར་གསོའི་ཞབས་ཕྱི་མྱངས་པ་བརྒྱུད་རྩོལ་ནུས་སླར་གསོའམ་ལེགས་བཅོས་བྱེད་ཐུབ་པ།

(གཉིས།)རོགས་སྐྱོབ་དོན་ཚན།

རྩོལ་ནུས་གེགས་ཆ་ཇེ་ཡང་དུ་གཏོང་བ་དང་རྩོལ་ནུས་རྣམ་པ་ཇེ་ལེགས་སུ་གཏོང་བ། འཚོ་བ་རང་སྐྱོང་དང་སྤྱི་ཚོགས་སུ་ཐེ་ཞུགས་བྱེད་པའི་ནུས་པ་ཇེ་དྲག་ཏུ་གཏོང་བ་བཅས་དམིགས་ཡུལ་གཙོ་བོ་བྱས་པའི་གཤགས་བཅོས་དང་རམ་འདེགས་ཡོ་ཆས་སྒྲིག་སྦྱོར་དང་བདེ་ཐང་སླར་གསོ་སྦྱོང་བརྡར་སོགས་ཡིན།

1.བདེ་ཐང་སླར་གསོ་སྦྱོང་བརྡར། མིག་ཤེས་དང་རྣ་ཤེས། སྨྲ་བརྗོད། ཡན་ལག་སྐྱོན་པ། རིག་པ། ཁེར་རྐྱང་ནད་སོགས་ཀྱི་དབང་སྐྱོན་བྱིས་པ་(དབང་སྐྱོན་མང་རྩེག་ཅན་འདུས)དང་འཚར་ལོངས་གེགས་ཆ་ལྡན་པ། འཚར་ལོངས་འབྱུང་དལ་བ། རིག་པ་དམན་པའི་བྱིས་པར་གཞི་རྩའི་བདེ་ཐང་སླར་གསོ་སྦྱོང་བརྡར་འདོན་སྤྲོད་བྱ་དགོས།

2.རམ་འདེགས་ཡོ་ཆས་སྒྲིག་སྦྱོར། མིག་དབང་སྐྱོན་ཅན་བྱིས་པར་མིག་ཤེས་རམ་འདེགས་ཡོ་ཆས་སྒྲིག་སྦྱོར་བྱེད་པ་དང་། རྣ་དབང་སྐྱོན་ཅན་བྱིས་པར་རྣ་ཤེས་རམ་འདེགས་ཡོ་ཆས་སམ་ཡང་ན་མི་བཟོས་རྣ་འཁྱིལ་ཐོན་རྫས་སྒྲིག་སྦྱོར་བྱེད་པ། ཡན་ལག་རྫུན་མ་དང་བཅོས་བསྲང་ཡོ་ཆས། ཁྲིའུ་འཁོར། བཞུགས་སྟངས་བཅོས་ཁྲིའུ། ལངས་བྱེད་སྒྲོམ། གོམ་བགྲོད་རམ་འདེགས་ཡོ་ཆས་སོགས་ཀྱི་དགོས་མཁོ་ཡོད་པའི་དབང་སྐྱོན་བྱིས་པར་རམ་འདེགས་ཡོ་ཆས་སྒྲིག་སྦྱོར་བྱ་དགོས།

3.གཤགས་བཅོས། གཤགས་བཅོས་འཕྲོད་པའི་ནད་བརྟག་ཡོད་པའི་རྣ་ཤེས་དང་སྨྲ་བརྗོད་ཀྱི་དབང་སྐྱོན་བྱིས་པར་མི་བཟོས་རྣ་འཁྱིལ་སྤྲོད་པའི་གཤགས་བཅོས་བྱེད་པ་མ་ཟད། གཤགས་བཅོས་བྱས་རྗེས་ཀྱི་གཞི་རྩའི་བདེ་ཐང་སླར་གསོ་སྦྱོང་བརྡར་ཡང་འདོན་སྤྲོད་བྱ་དགོས། ཡན་ལག་སྐྱོན་ཅན་བྱིས་པར་ཡོ་བསྲང་གཤགས་བཅོས་བྱེད་པ་དང་། གཤགས་བཅོས་བྱས་རྗེས་ཀྱི་གཞི་རྩའི་བདེ་ཐང་སླར་གསོ་སྦྱོང་བརྡར་འདོན་སྤྲོད་དང་བཅོས་བསྲང་ཡོ་ཆས་སྒྲིག་སྦྱོར་བྱ་དགོས། མིག་དབང་སྐྱོན་ཅན་བྱིས་པར་མིག་ཡོན་བཅོས་བསྲང་དང་བར་འགྲིབ་ཕྱུང་བའི་གཤགས་བཅོས་འདོན་སྤྲོད་བྱ་དགོས།

གྲོང་ཁྱེར་(ཁུལ)དང་རྫོང་རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གིས་ས་གནས་དེ་གའི་གནས་ཚུལ་དངོས་ལ་གཞིགས་ནས་དབང་སྐྱོན་བྱིས་པའི་བདེ་ཐང་སླར་གསོའི་རོགས་སྐྱོབ་ཀྱི་གཞི་རྩའི་ཞབས་ཕྱི་རྣམ་གྲངས་དང་ནང་དོན་དེ་བས་ཞིབ་བཟོ་བྱས་ཏེ་གཏན་ལ་ཕབ་ཆོག དབང་སྐྱོན་བྱིས་པ་རེ་ཡིས་ལོ་འཁོར་གཅིག་པ་རེའི་ནང་དུ་རོགས་སྐྱོབ་རིགས་གཅིག་པ་བསྐྱར་ཟློས་ཀྱིས་ལོངས་སུ་སྤྱོད་མི་ཆོག་ལ། བདེ་ཐང་སླར་གསོའི་རོགས་སྐྱོབ་དང་ལེན་བྱེད་ཀྱིན་པའི་དབང་སྐྱོན་བྱིས་པས་འབྲེལ་ཡོད་ཀྱི་གཏན་འབེབས་ལྟར་དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་གྱི་འཚོ་བའི་གསབ་དངུལ་དང་དབང་སྐྱོན་ཚབས་ཆེན་ཅན་གྱི་བདག་སྐྱོང་གསབ་དངུལ་གཉིས་མཉམ་དུ་ལོངས་སུ་སྤྱོད་ཆོག

(གསུམ།)རོགས་སྐྱོབ་ཚད་གཞི།

ལོ་0ནས་ལོ་6ལ་སོན་པའི་དབང་སྐྱོན་བྱིས་པ། མིག་དབང་སྐྱོན་ཅན་བྱིས་པའི་བདེ་ཐང་སླར་གསོའི་སྦྱོང་བརྡར་འགྲོ་སོང་ནི་མི་རེར་ལོ་རེར་ཆེས་མང་ན་གསབ་དངུལ་སྒོར་ཁྲི་0.5ཡོད། རྣ་ཤེས་དང་སྨྲ་བརྗོད་ཀྱི་དབང་སྐྱོན་བྱིས་པར་མི་བཟོས་རྣ་འཁྱིལ་སྤྲད་པའི་འགྲོ་སོང་ནི་མི་རེར་ཆེས་མང་ན་གསབ་དངུལ་སྒོར་ཁྲི་6.6ཡོད། ཡན་ལག་སྐྱོན་ཅན་བྱིས་པའི་བཅོས་བསྲང་གཤགས་བཅོས་ལ་ཆ་སྙོམས་ཀྱིས་མི་རེར་ཆེས་མང་ན་གསབ་དངུལ་སྒོར་ཁྲི་2ཡོད། རྣ་ཤེས་དང་སྨྲ་བརྗོད་ཀྱི་དབང་སྐྱོན་བྱིས་པ་དང་། ཀླད་ཞ་བྱིས་པ། རིག་པ་སྐྱོན་ཅན་བྱིས་པ། ཁེར་རྐྱང་ནད་ཡོད་པའི་བྱིས་པ་བཅས་ཀྱི་བདེ་ཐང་སླར་གསོའི་སྦྱོང་བརྡར་འགྲོ་སོང་ནི་མི་རེར་ལོ་རེར་ཆེས་མང་ན་གསབ་དངུལ་སྒོར་ཁྲི་2ཡོད། རྣ་ཤེས་དང་སྨྲ་བརྗོད་ཀྱི་དབང་སྐྱོན་བྱིས་པར་རྣ་ཤེས་རམ་འདེགས་ཡོ་ཆས་སྒྲིག་སྦྱོར་བྱེད་པར་མི་རེ་ལ་ཆེས་མང་ན་གསབ་དངུལ་སྒོར་ཁྲི་1ཡོད། ཁྲིའུ་འཁོར་དང་བཞུགས་སྟངས་བཅོས་ཁྲིའུ། ལངས་བྱེད་སྒྲོམ། གོམ་བགྲོད་རམ་འདེགས་ཡོ་ཆས། མིག་ཤེས་རམ་འདེགས་ཡོ་ཆས་སོགས་སྒྲིག་སྦྱོར་བྱེད་པར་རེ་རེ་ལ་ཆ་སྙོམས་ཀྱིས་ཆེས་མང་ན་གསབ་དངུལ་སྒོར་ཁྲི་0.1ཡོད། ཡན་ལག་རྫུན་མ་དང་བཅོས་བསྲང་ཡོ་ཆས་སྒྲིག་སྦྱོར་བྱེད་པར་རེ་རེ་ལ་ཆ་སྙོམས་ཀྱིས་ཆེས་མང་ན་གསབ་དངུལ་སྒོར་ཁྲི་0.5ཡོད། གོང་དུ་བརྗོད་པའི་འགྲོ་སོང་དག་ལ་དཔྱད་འཇོག་དང་སྒྲིག་སྦྱོར་བྱས་པའི་ཞབས་ཕྱིའི་འགྲོ་སོང་ཡང་འདུ།

ལོ་7ནས་ལོ་17ལ་སོན་པའི་ལག་ཁྱེར་ཡོད་པའི་དབང་སྐྱོན་བྱིས་པ། མིག་དབང་སྐྱོན་ཅན་བྱིས་པའི་བདེ་ཐང་སླར་གསོའི་སྦྱོར་བརྡར་ལ་མི་རེར་ལོ་རེར་ཆེས་མང་ན་གསབ་དངུལ་སྒོར་ཁྲི་0.2ཡོད། རྣ་ཤེས་དང་སྨྲ་བརྗོད་ཀྱི་དབང་སྐྱོན་བྱིས་པར་མི་བཟོས་རྣ་འཁྱིལ་སྤྲད་པའི་འགྲོ་སོང་ནི་མི་རེར་ཆེས་མང་ན་གསབ་དངུལ་སྒོར་ཁྲི་6.6ཡོད། ཡན་ལག་སྐྱོན་ཅན་བྱིས་པའི་བཅོས་བསྲང་གཤགས་བཅོས་ལ་མི་རེར་ཆེས་མང་ན་གསབ་དངུལ་སྒོར་ཁྲི་0.8ཡོད། རྣ་ཤེས་དང་སྨྲ་བརྗོད་ཀྱི་དབང་སྐྱོན་བྱིས་པ་དང་། ཀླད་ཞ་བྱིས་པ། རིག་པ་སྐྱོན་ཅན་བྱིས་པ། ཁེར་རྐྱང་ནད་ཡོད་པའི་བྱིས་པ་བཅས་ཀྱི་བདེ་ཐང་སླར་གསོའི་སྦྱོང་བརྡར་འགྲོ་སོང་ནི་མི་རེར་ལོ་རེར་ཆེས་མང་ན་གསབ་དངུལ་སྒོར་ཁྲི་0.8ཡོད། རྣ་ཤེས་དང་སྨྲ་བརྗོད་ཀྱི་དབང་སྐྱོན་བྱིས་པར་རྣ་ཤེས་རམ་འདེགས་ཡོ་ཆས་སྒྲིག་སྦྱོར་བྱེད་པར་མི་རེ་ལ་ཆེས་མང་ན་གསབ་དངུལ་སྒོར་ཁྲི་0.8ཡོད། ཁྲིའུ་འཁོར་དང་བཞུགས་སྟངས་བཅོས་ཁྲིའུ། ལངས་བྱེད་སྒྲོམ། གོམ་བགྲོད་རམ་འདེགས་ཡོ་ཆས། མིག་ཤེས་རམ་འདེགས་ཡོ་ཆས་སོགས་སྒྲིག་སྦྱོར་བྱེད་པར་རེ་རེ་ལ་ཆ་སྙོམས་ཀྱིས་ཆེས་མང་ན་གསབ་དངུལ་སྒོར་ཁྲི་0.08ཡོད། ཡན་ལག་རྫུན་མ་དང་བཅོས་བསྲང་ཡོ་ཆས་སྒྲིག་སྦྱོར་བྱེད་པར་རེ་རེ་ལ་ཆ་སྙོམས་ཀྱིས་ཆེས་མང་ན་གསབ་དངུལ་སྒོར་ཁྲི་0.4ཡོད། གོང་དུ་བརྗོད་པའི་འགྲོ་སོང་དག་ལ་དཔྱད་འཇོག་དང་སྒྲིག་སྦྱོར་བྱས་པའི་ཞབས་ཕྱིའི་འགྲོ་སོང་ཡང་འདུ།

གསུམ། རོགས་སྐྱོབ་གོ་རིམ།

“གཤམ་སྤྲོད་དོ་དམ་ཞབས་ཕྱི་གསུམ”གྱི་བཅོས་སྒྱུར་ཟབ་སྤེལ་བྱེད་པ་དང་། “ལམ་སེང་སྒྲུབ་པ་དང་། དྲ་ཐོག་ཏུ་སྒྲུབ་པ། ཉེ་སར་སྒྲུབ་པ། ཐེངས་གཅིག་གིས་སྒྲུབ་པ་”སྐུལ་སྤེལ་བྱས་ཏེ། དབང་སྐྱོན་བྱིས་པ་དང་དེ་དག་གི་ལྟ་སྐྱོང་པ་“ཆེས་མང་ན་ཐེངས་གཅིག་རྒྱུག་པ”དང་“གཅིག་འཐུས་ཀྱིས་སྡོམ་རྩིས་རྒྱག་པ”མངོན་འགྱུར་གང་ཐུབ་བྱས་ནས། དམངས་ལ་སྟབས་བདེ་སྐྲུན་པའི་ཞབས་ཕྱིའི་ཆུ་ཚད་དངོས་གནས་ཇེ་མཐོར་གཏང་དགོས། ཆ་རྐྱེན་ཚང་བའི་དབང་སྐྱོན་བྱིས་པ་ཡིན་ན། གཤམ་གསལ་གྱི་བྱ་བའི་གོ་རིམ་ལྟར་བདེ་ཐང་སླར་གསོའི་རོགས་སྐྱོབ་རེ་ཞུ་བྱ་དགོས་ཏེ།

(གཅིག)རེ་ཞུ། དབང་སྐྱོན་བྱིས་པའི་ལྟ་སྐྱོང་པར་ཡང་དག་པའི་གོ་རྟོགས་དང་བདེ་ཐང་སླར་གསོའི་བྱེད་འདོད་ཡོད་ཚེ། དབང་སྐྱོན་བྱིས་པའི་ཐེམ་ཐོ་ཡོད་སའི་ས་གནས་(སྡོད་དཔང་སྤྲོད་སའི་ས་གནས)ཀྱི་རྫོང་རིམ་པའི་དབང་སྐྱོན་མཉམ་འབྲེལ་ལྷན་ཚོགས་ལ་རེ་ཞུ་བཏོན་ཆོག་པ་དང་། ལྟ་སྐྱོང་པས་མི་གཞན་དང་སྤྱི་ཚོགས་ཚོགས་པ། སྤྱི་ཚོགས་རོགས་སྐྱོབ་སྒྲུབ་གཉེར་ལས་ཁུངས་སོགས་ལ་མངག་བཅོལ་བྱས་ཏེ་རང་གི་ཚབ་ཏུ་རེ་ཞུ་བྱས་སུ་བཅུག་ཀྱང་ཆོག་སྟེ། རོགས་སྐྱོབ་ཐོབ་མཁན་གྱིས་གནས་ཁེལ་བདེ་ཐང་སླར་གསོ་ལས་ཁུངས་སུ་ངེས་གཏན་གྱི་དུས་ཚོད་ནང་དུ་བདེ་ཐང་སླར་གསོའི་སྦྱོང་བརྡར་དང་དུ་ལེན་པར་ཁག་ཐེག་བྱ་དགོས།

(གཉིས།)ཞིབ་བཤེར། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་སྲུང་ཁྱིམ་ཚང་དང་ཡིག་ཚགས་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིང་ཚང་གི་དབང་སྐྱོན་བྱིས་པ། བྱིས་པའི་ཕན་བདེ་ལས་ཁུངས་ཀྱིས་བདག་སྐྱོང་བྱས་པའི་དབང་སྐྱོན་བྱིས་པ་བཅས་ཀྱི་རོགས་སྐྱོབ་རེ་ཞུ་དང་། དེ་བཞིན་དབང་སྐྱོན་དྭ་ཕྲུག་དང་དམིགས་བསལ་དཀའ་ངལ་ཡོད་མཁན་གྱི་གཉོར་སྐྱོར་ཁྱབ་ཁོངས་སུ་བསྡུས་པའི་དབང་སྐྱོན་བྱིས་པའི་རོགས་སྐྱོབ་རེ་ཞུ་ལ། རྫོང་རིམ་པའི་དབང་སྐྱོན་མཉམ་འབྲེལ་ལྷན་ཚོགས་ཀྱིས་དམངས་སྲིད་དང་དབུལ་སྐྱོར་སྡེ་ཁག་གཉིས་ལ་འབྲེལ་ཡོད་ཆ་འཕྲིན་གོ་བསྡུར་བྱས་རྗེས་ཐག་གཅོད་བྱ་དགོས། དཔལ་འབྱོར་ཐད་དཀའ་ངལ་ཡོད་པའི་ཁྱིམ་ཚང་གཞན་དག་གི་དབང་སྐྱོན་བྱིས་པའི་རོགས་སྐྱོབ་རེ་ཞུར་ཞིབ་བཤེར་བྱེད་པའི་གོ་རིམ་ནི། རྫོང་རིམ་པའི་མི་དམངས་སྲིད་གཞུང་གིས་གཏན་ལ་དབབ་དགོས། གོང་དུ་བརྗོད་པའི་དབང་སྐྱོན་བྱིས་པའི་བདེ་ཐང་སླར་གསོའི་རོགས་སྐྱོབ་སྐོར་གྱི་འབྲེལ་ཡོད་ཆ་འཕྲིན་སྤྱི་བསྒྲགས་བྱེད་འགན་རྫོང་རིམ་པའི་དབང་སྐྱོན་མཉམ་འབྲེལ་ལྷན་ཚོགས་ཀྱིས་འཁུར་དགོས།

(གསུམ།)རོགས་སྐྱོབ། རྫོང་རིམ་པའི་དབང་སྐྱོན་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཞིབ་བཤེར་བྱས་པས་ཆ་རྐྱེན་དང་འཚམ་པ་ཡིན་ན། དབང་སྐྱོན་བྱིས་པའི་ལྟ་སྐྱོང་པས་རང་བདག་གིས་འཚོ་སྡོད་བྱེད་སའི་རྫོང་(གྲོང་ཁྱེར་རམ། ཆུས་སམ། སྲིད་ཨུ)དུ་གནས་ཁེལ་བདེ་ཐང་སླར་གསོའི་ལས་ཁུངས་བདམས་ནས་བདེ་ཐང་སླར་གསོའི་ཞབས་ཕྱི་མྱོང་ཆོག ས་ཁུལ་ལས་བརྒལ་ནས་བདེ་ཐང་སླར་གསོ་བྱེད་པའི་དགོས་མཁོ་ཡོད་པ་བདེན་ན། ལྟ་སྐྱོང་པས་རྫོང་རིམ་པའི་དབང་སྐྱོན་མཉམ་འབྲེལ་ལྷན་ཚོགས་ལ་རེ་ཞུ་འདོན་དགོས་པ་མ་ཟད་ཆོག་མཆན་ཐོབ་ཚེ་ད་གཟོད་ས་ཆ་གཞན་དུ་སོང་ནས་བདེ་ཐང་སླར་གསོའི་སྨན་བཅོས་བྱས་ཆོག ངེས་པར་མཁོ་ན། གྲོང་ཁྱེར་(ཁུལ)རིམ་པ་ཡན་གྱི་དབང་སྐྱོན་མཉམ་འབྲེལ་ལྷན་ཚོགས་དང་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་སོགས་སྡེ་ཁག་གིས་དམིགས་འཛུགས་བྱས་པའི་སྨན་བཅོས་དང་བདེ་ཐང་སླར་གསོ་ལས་ཁུངས་ནས་སྔར་ལས་ལྷག་པར་ནད་བརྟག་བྱེད་པ་དང་བདེ་ཐང་སླར་གསོའི་དགོས་མཁོར་དཔྱད་འཇོག་བྱེད་ཆོག གནས་ཁེལ་བདེ་ཐང་སླར་གསོ་ལས་ཁུངས་ཀྱིས་ལྟ་སྐྱོང་པར་བདེ་ཐང་སླར་གསོའི་ཞབས་ཕྱི་གྲོས་ཆིངས་བཞག་སྟེ། བདེ་ཐང་སླར་གསོའི་ཡིག་ཚགས་བཟོ་བ་དང་། བདེ་ཐང་སླར་གསོའི་སྦྱོང་བརྡར་འཆར་གཞི་བཀོད་ནས། བདེ་ཐང་སླར་གསོའི་སྦྱོང་བརྡར་བྱེད་དགོས་ལ། དུས་བཅད་ལྟར་བདེ་ཐང་སླར་གསོ་བྱས་པའི་འབྲས་བུར་དཔྱད་འཇོག་དང་ལྟ་སྐྱོང་པར་གསོ་སྦྱོང་བྱ་དགོས། དབང་སྐྱོན་བྱིས་པ་རང་ཉིད་ཀྱིས་བདེ་ཐང་སླར་གསོའི་སྦྱོང་བརྡར་བྱེད་མཚམས་བཞག་ན། གནས་ཁེལ་བདེ་ཐང་སླར་གསོ་ལས་ཁུངས་ཀྱིས་ངེས་པར་དུས་ཐོག་ཏུ་རྫོང་རིམ་པའི་དབང་སྐྱོན་མཉམ་འབྲེལ་ལྷན་ཚོགས་ལ་ཞུས་ནས་གྲབས་ཐོ་འགོད་དགོས་པ་དང་། གནས་ཚུལ་དངོས་ལྟར་སྡོམ་རྩིས་རྒྱག་དགོས།

(བཞི།)སྡོམ་རྩིས། གནད་ཁེལ་བདེ་ཐང་སླར་གསོ་ལས་ཁུངས་སུ་བདེ་ཐང་སླར་གསོའི་ཞབས་ཕྱི་དང་ལེན་བྱས་ཏེ་བྱུང་བའི་འགྲོ་སོང་དེ། རྫོང་རིམ་པའི་དབང་སྐྱོན་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཞིབ་བཤེར་བྱས་རྗེས། སྔོན་ལ་གཞི་རྩའི་སྨན་བཅོས་འགན་བཅོལ་དང་ནད་གཞི་ཆེ་གྲས་ཀྱི་འགན་བཅོལ། ཚོང་ལས་ཁ་གསབ་སྨན་བཅོས་འགན་བཅོལ། སྨན་བཅོས་རོགས་སྐྱོབ་སོགས་ལས་སྡོམ་རྩིས་བརྒྱབ་རྗེས། དེའི་འཕྲོ་མའི་ཁག་དང་འགན་བཅོལ་ནང་ཞུགས་མེད་པའི་དབང་སྐྱོན་བྱིས་པའི་འགྲོ་སོང་ནི་རིམ་པ་དེ་གའི་ནོར་སྲིད་སྡེ་ཁག་གིས་གནས་ཁེལ་བདེ་ཐང་སླར་གསོ་ལས་ཁུངས་ལ་ཐད་ཀར་སྡོམ་རྩིས་རྒྱག་དགོས་ཏེ། ལོ་ཕྱེད་རེ་ལ་སྡོམ་རྩིས་ཐེངས་གཅིག་རྒྱག་དགོས། རྫོང་རིམ་པའི་དབང་སྐྱོན་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཞིབ་བཤེར་བྱས་ཏེ་ས་ཁུལ་ལས་བརྒལ་བའི་བདེ་ཐང་སླར་གསོ་ལས་ཁུངས་སུ་བདེ་ཐང་སླར་གསོའི་ཞབས་ཕྱི་དང་ལེན་བྱེད་འཐད་པ་བྱུང་བའི་འགྲོ་སོང་ནི། རྫོང་རིམ་པའི་ནོར་སྲིད་སྡེ་ཁག་གིས་གནས་ཁེལ་བདེ་ཐང་སླར་གསོ་ལས་ཁུངས་ལ་ཐད་ཀར་སྡོམ་རྩིས་རྒྱག་དགོས།

གཞི་རྩའི་སྨན་བཅོས་ནས་རྩིས་ཞུ་བརྒྱབ་པའི་རྨང་གཞིའི་སྟེང་དུ། བདེ་ཐང་སླར་གསོ་ལས་ཁུངས་ཀྱིས་དབང་སྐྱོན་བྱིས་པའི་བདེ་ཐང་སླར་གསོ་ལ་དཔྱད་ཞིབ་གཏན་འབེབས་བྱས་པའི་དགོས་མཁོ་ལྟར། དབང་སྐྱོན་བྱིས་པའི་བདེ་ཐང་སླར་གསོར་རོགས་སྐྱོབ་བྱེད་པར་མཁོ་བའི་མ་དངུལ་འདང་ངེས་ཁ་གསབ་བརྒྱབ་སྟེ། དབང་སྐྱོན་བྱིས་པའི་བདེ་ཐང་སླར་གསོ་ལ་སྐྱོབ་དགོས་པ་རྣམས་སྐྱོབ་ཅི་ཐུབ་བགྱིད་པར་འགན་སྲུང་བྱ་དགོས།

(ལྔ།)ཆ་འཕྲིན་ནང་འཇུག རྫོང་རིམ་པའི་དབང་སྐྱོན་མཉམ་འབྲེལ་ལྷན་ཚོགས་ཀྱིས་འགན་འཁུར་དང་དུ་བླངས་ཏེ། བདེ་ཐང་སླར་གསོའི་རོགས་སྐྱོབ་བྱས་ཟིན་པའི་དབང་སྐྱོན་བྱིས་པའི་གཞི་རྩའི་ཆ་འཕྲིན་དག་ཀྲུང་གོའི་དབང་སྐྱོན་མཉམ་འབྲེལ་ལྷན་ཚོགས་ཀྱི་དབང་པོ་སྐྱོན་ཅན་གྱི་གནད་ཁེལ་བདེ་ཐང་སླར་གསོའི་ཞབས་ཕྱི་ཆ་འཕྲིན་མ་ལག་ཏུ་འཇུག་དགོས།

(དྲུག)གཞན་དག། ས་གནས་དེ་གར་བདེ་ཐང་སླར་གསོའི་དགོས་མཁོ་སྐོང་མི་ཐུབ་པའི་དབང་སྐྱོན་བྱིས་པ་ལ་ལ་ཞིག་ལ། སྲིད་གཞུང་གིས་སྤྱི་ཚོགས་ནས་བདེ་ཐང་སླར་གསོའི་ཞབས་ཕྱི་ཉོ་བའི་བྱེད་ཐབས་སྤྱད་དེ་ཐག་གཅོད་བྱས་ཆོག

བཞི། འགན་སྲུང་བྱེད་ཐབས།

དབང་སྐྱོན་བྱིས་པའི་བདེ་ཐང་སླར་གསོའི་རོགས་སྐྱོབ་བྱ་བར་ས་གནས་མི་དམངས་སྲིད་གཞུང་གིས་འགན་འཁུར་བའི་ལམ་ལུགས་ལག་བསྟར་བྱེད་པ་ཡིན། ས་གནས་ཀྱི་རིམ་པ་སོ་སོའི་སྲིད་གཞུང་གིས་དབང་སྐྱོན་བྱིས་པའི་བདེ་ཐང་སླར་གསོའི་རོགས་སྐྱོབ་བྱ་བ་དེ་གྲོས་རིམ་ཉིན་ཐོར་བཀོད་དེ། སྲིད་གཞུང་གི་དམིགས་འབེན་དོ་དམ་དང་གྲུབ་འབྲས་དཔྱད་ཞིབ་ཀྱི་ནང་དོན་དུ་འཇོག་དགོས། སྒྲུབ་ཁ་མི་ཉན་པ་དང་། དལ་འགྱངས་ཀྱིས་སྒྲུབ་པ། བྱུང་རྒྱལ་གྱིས་སྒྲུབ་པའི་སྡེ་ཚན་དང་མི་སྒེར་ལ་སྲིད་འཛིན་འགན་འཁྲི་འདྲི་གཅོད་བྱེད་ཤུགས་ཇེ་ཆེར་གཏང་དགོས་པ་དང་། སྒྲིག་འགལ་ཁྲིམས་འགལ་ཅན་ལ་འགན་འཁྲི་རྩད་གཅོད་ཚ་ནན་བྱ་དགོས།

(གཅིག)མ་དངུལ་འགན་སྲུང་ལ་ཤུགས་སྣོན་རྒྱག་དགོས། བརྟན་བརླིང་གི་འགྲོ་སོང་གཏོང་འཇོག་འགན་སྲུང་རྐྱེན་སྲོལ་བཙུགས་ནས། དབང་སྐྱོན་བྱིས་པའི་བདེ་ཐང་སླར་གསོའི་རོགས་སྐྱོབ་མ་དངུལ་དེ་རྫོང་རིམ་པའི་སྲིད་གཞུང་གི་སྔོན་རྩིས་སུ་འཇུག་དགོས། ཀྲུང་དབྱང་གིས་ཁ་གསབ་བྱས་ནས་འདང་མེད་སར་ཞིང་ཆེན་ནོར་སྲིད་ཀྱིས་ཁ་གསབ་འོས་འཚམ་བྱེད་དགོས་པ་དང་། ཆ་རྐྱེན་འཛོམས་པའི་གྲོང་ཁྱེར་(ཁུལ)དང་རྫོང་རིམ་པའི་མི་དམངས་སྲིད་གཞུང་གིས་རོགས་སྐྱོབ་ཚད་གཞི་ཇེ་མཐོར་དང་རོགས་སྐྱོབ་ཁྱབ་ཁོངས་ཇེ་ཆེར་བཏང་ཆོག ཚན་རིག་དང་མཐུན་ཞིང་གནས་ལུགས་ལྡན་པའི་བདེ་ཐང་སླར་གསོའི་ཞབས་ཕྱིའི་རིན་གོང་གཏན་འབེབས་རྐྱེན་སྲོལ་འཚོལ་ཞིབ་བྱས་ནས་བཙུགས་ཏེ། རིན་གོང་ལ་ལྟ་སྐུལ་དོ་དམ་བྱེད་པར་ཤུགས་སྣོན་རྒྱག་དགོས། ཐབས་ལམ་སྣ་མང་ནས་མ་དངུལ་གྲབས་གསོག་བྱེད་པའི་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས། སྤྱི་ཚོགས་ཀྱི་ཕྱོགས་སོ་སོས་དབང་སྐྱོན་བྱིས་པའི་བདེ་ཐང་སླར་གསོའི་རོགས་སྐྱོབ་བྱ་བར་རོགས་སྐྱོར་ཞལ་འདེབས་གནང་བར་བསྟོད་སྐུལ་དང་ཁྲིད་སྟོན་བྱ་དགོས། རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར། རིམ་པ་བཞིན་དུ་མིག་ཤེས་དང་རྣ་ཤེས། སྨྲ་བརྗོད། ཡན་ལག། རིག་པ་སོགས་ཐད་ཀྱི་དབང་སྐྱོན་བྱིས་པའི་བདེ་ཐང་སླར་གསོའི་སྨན་བཅོས་རྣམ་གྲངས་རྣམས་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་གཏོང་སྤྲོད་ཁྱབ་ཁོངས་སུ་བསྡུ་དགོས། ཚོང་ལས་འགན་བཅོལ་ཀུང་སིས་དབང་སྐྱོན་བྱིས་པའི་བདེ་ཐང་སླར་གསོའི་སྦྱོང་བརྡར་ཁྲོད་འབྱུང་བའི་བློ་འདས་རྨས་སྐྱོན་སོགས་ལ་དམིགས་པའི་འགན་བཅོལ་ཐོན་རྫས་གསར་སྤེལ་བྱེད་པར་བསྟོད་སྐུལ་དང་ཁྲིད་སྟོན་བགྱིད་དགོས་པ་དང། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཁག་གིས་བྱེད་ཐབས་སྣ་མང་སྤྱད་དེ་བདེ་ཐང་སླར་གསོ་ལས་ཁུངས་ཀྱི་ཕྱོགས་བསྡུས་འགན་འཁྲི་འགན་བཅོལ་བྱ་བར་གོམ་ཁ་བརྟན་པོས་སྐུལ་འདེད་བྱ་དགོས།

(གཉིས།)ལས་ཁུངས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་རང་སྲིད་འཛིན་མངའ་ཁོངས་ཀྱི་དབང་སྐྱོན་མི་གྲངས་དང་ཁྱབ་ཚུལ། བདེ་ཐང་སླར་གསོའི་དགོས་མཁོ་སོགས་ཀྱི་གནས་ཚུལ་ལ་གཞིགས་ནས། ད་ཡོད་ཐོན་ཁུངས་ཕན་ལྡན་གྱིས་ཟླ་སྒྲིལ་བྱས་ཏེ། སྤྱི་ཕན་རང་བཞིན་གྱི་བདེ་ཐང་སླར་གསོ་ལས་ཁུངས་འཛུགས་སྐྱོང་བྱས་ནས། དབང་སྐྱོན་བྱིས་པའི་བདེ་ཐང་སླར་གསོ་ལས་ཁུངས་སྒྲིག་འཛུགས་བྱེད་པ་དེ་གཞི་རྩའི་སྤྱི་པའི་ཞབས་ཕྱི་མ་ལག་འཆར་འགོད་ནང་བསྡུ་དགོས། དབང་སྐྱོན་བྱིས་པའི་གནས་ཁེལ་བདེ་ཐང་སླར་གསོ་ལས་ཁུངས་ནི་ངེས་པར་དུ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་དང་། དམངས་སྲིད། བཟོ་ཚོང་སོགས་འབྲེལ་ཡོད་སྡེ་ཁག་གིས་ཆོག་མཆན་བཀོད་དེ་འཛུགས་དགོས་པ་དང་། ཁྲིམས་ལྟར་ཐོ་འགོད་བྱེད་པ་དང་། ཁྲིམས་མིའི་ཐོབ་ཐང་ཡོད་དགོས་ལ། དབང་སྐྱོན་བྱིས་པའི་བདེ་ཐང་སླར་གསོའི་ལས་སྒོ་སྤེལ་པ་དེར་མཐུན་གྱི་བབ་ཐོབ་ལེན་དགོས་པ་མ་ཟད། དེར་མཐུན་གྱི་ལས་སྒོ་འདོན་སྤྲོད་བྱེད་པར་མཁོ་བའི་ཆེད་ལས་མི་སྣ་དང་། ཞབས་ཕྱི་སྒྲུབ་གནས། ཆ་འཕྲིན་ལག་རྩལ་སོགས་ཀྱི་ཞབས་ཕྱི་འགན་སྲུང་ཆ་རྐྱེན་ལྡན་དགོས། རྫོང་རིམ་པ་ཡན་གྱི་དབང་སྐྱོན་མཉམ་འབྲེལ་ལྷན་ཚོགས་ཀྱིས་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་དང་། སློབ་གསོ། དམངས་སྲིད་སོགས་སྡེ་ཁག་དང་ལྷན་དུ་《མཚོ་སྔོན་ཞིང་ཆེན་གྱི་གནས་ཁེལ་བདེ་ཐང་སླར་གསོ་ལས་ཁུངས་ངོས་འཛིན་དང་དོ་དམ་བྱེད་ཐབས》ལྟར། ཡོངས་གསལ་སྒོས་གནས་ཁེལ་བདེ་ཐང་སླར་གསོ་ལས་ཁུངས་གང་ལེགས་བདམས་ཏེ། ཆ་འཕྲིན་སྤྱི་བསྒྲགས་བྱེད་པ་མ་ཟད། རིམ་པ་དེ་གའི་ནོར་སྲིད་སྡེ་ཁག་དང་རིམ་པ་གོང་མའི་དབང་སྐྱོན་མཉམ་འབྲེལ་ལྷན་ཚོགས་ལ་གྲབས་ཐོ་འགོད་དགོས། ཞིང་ཆེན་དབང་སྐྱོན་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཞིང་ཆེན་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་དང་། ཞིང་ཆེན་དམངས་སྲིད་ཐིང་དང་ལྷན་དུ་ཞིང་ཆེན་ཡོངས་ཀྱི་གནས་ཁེལ་བདེ་ཐང་སླར་གསོ་ལས་ཁུངས་ཀྱི་དཀར་ཆག་ཕྱོགས་བསྡོམས་དང་སྒྲིག་བཟོ་བྱས་ཏེ་ཁྱབ་བསྒྲགས་བྱ་དགོས།

ཞིང་ཆེན་དབང་སྐྱོན་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཀྲུང་གོའི་དབང་སྐྱོན་མཉམ་འབྲེལ་ལྷན་ཚོགས་ཀྱི་བླང་བྱ་དང་རང་ཞིང་གི་གནས་ཚུལ་དངོས་ལ་གཞིགས་ནས། འབྲེལ་ཡོད་སྡེ་ཁག་དང་ལྷན་དུ་《མཚོ་སྔོན་ཞིང་ཆེན་གྱི་དབང་སྐྱོན་བྱིས་པའི་གནས་ཁེལ་བདེ་ཐང་སླར་གསོ་ལས་ཁུངས་ངོས་འཛིན་དང་དོ་དམ་བྱེད་ཐབས》ལོགས་སུ་གཏན་འབེབས་བྱས་ཏེ། གནས་ཁེལ་བདེ་ཐང་སླར་གསོ་ལས་ཁུངས་ཀྱི་ནང་འཇུག་དང་ཕྱིར་འཐེན་སོགས་ལ་ལྟ་སྐུལ་བྱེད་པར་ཤུགས་སྣོན་རྒྱག་པ་དང་། དུས་བཅད་ལྟར་ཞིབ་བཤེར་དང་ཕྱོགས་བསྡུས་ཀྱིས་དཔྱད་འཇོག་བྱེད་པའི་རྐྱེན་སྲོལ་བཙུགས་ནས། གནས་ཁེལ་བདེ་ཐང་སླར་གསོ་ལས་ཁུངས་ཀྱིས་ནང་ཁུལ་དོ་དམ་ཚད་ལྡན་དུ་གཏོང་བ་དང་ཞབས་ཕྱིའི་སྤུས་ཚད་ལེགས་བཅོས་བྱེད་པར་མཛུབ་སྟོན་བྱ་དགོས། རྫོང་རིམ་པའི་དབང་སྐྱོན་མཉམ་འབྲེལ་ལྷན་ཚོགས་ཀྱིས་ངེས་པར་དུ་དབང་སྐྱོན་བྱིས་པའི་གནས་ཁེལ་བདེ་ཐང་སླར་གསོ་ལས་ཁུངས་ལ་ཞབས་ཕྱི་གྲོས་ཆིངས་བཞག་ནས། ཕྱོགས་གཉིས་ཀའི་འགན་འཁྲི་དང་འོས་འགན་དང་དམིགས་འབེན་ཁ་གསལ་བོ་བྱ་དགོས་པ་མ་ཟད། “སུས་ངོས་བཟུང་ན་དེས་ལྟ་སྐུལ་དོ་དམ་བྱེད་པའི”རྩ་དོན་ལྟར་རིམ་པ་དབྱེ་ནས་འགན་འཁུར་དགོས་ལ། ལོ་རེར་གནས་ཁེལ་བདེ་ཐང་སླར་གསོ་ལས་ཁུངས་ལ་བསྐྱར་ཞིབ་བྱ་དགོས། དཔྱད་ཞིབ་ནི་རིམ་པ་སོ་སོའི་དབང་སྐྱོན་མཉམ་འབྲེལ་ལྷན་ཚོགས་ཀྱིས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་རྩ་འཛུགས་ལག་བསྟར་བྱས་ཆོག་ལ། སྲིད་གཞུང་གིས་ཞབས་ཕྱི་ཉོ་བའི་ཐབས་ཀྱིས་ཕྱོགས་གསུམ་པར་མངགས་བཅོལ་བྱས་ནས་བསྒྲུབ་ཀྱང་ཆོག དཔྱད་ཞིབ་བྱས་པས་ཚད་མི་ལོངས་པའམ་ལོ་དེར་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་དང་བདེ་འཇགས་འགན་འཁྲིའི་སྐོར་གྱི་དོན་རྐྱེན་བྱུང་བའི་རིགས་ལ། རྫོང་རིམ་པའི་དབང་སྐྱོན་ལྷན་ཚོགས་ཀྱིས་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་དང་། དམངས་སྲིད། ནོར་སྲིད་སོགས་སྡེ་ཁག་དང་ལྷན་དུ་གནས་ཁེལ་ལས་ཁུངས་ཀྱི་ཐོབ་ཐང་ཕྱིར་འཐེན་བྱེད་པ་དང་། ཞབས་ཕྱིའི་གྲོས་ཆིངས་རྩིས་མེད་དུ་བཏང་སྟེ། ལོ་གཉིས་ནང་ཚུན་དུ་གནས་ཁེལ་བདེ་ཐང་སླར་གསོ་ལས་ཁུངས་སུ་འཇོག་པའི་རེ་ཞུ་བཏོན་མི་ཆོག་པ་བྱ་དགོས། བདེ་ཐང་སླར་གསོ་ལས་ཁུངས་དང་ལས་ཞུགས་མི་སྣ། རོགས་སྐྱོབ་བྱ་ཡུལ་གྱི་ཁྱིམ་ཚང་བཅས་ལ་ཁྱབ་པའི་ཡིད་རྟོན་ལ་གདེང་འཇོག་དང་ཡིད་ཆེས་ཤོར་བའི་བྱ་སྤྱོད་ལ་མཉམ་འབྲེལ་ཆད་གཅོད་བགྱིད་པའི་རྐྱེན་སྲོལ་འཛུགས་པ་དང་། མིང་ཐོ་ནག་པོའི་ལམ་ལུགས་འཛུགས་དགོས་ལ། སྤྱི་པའི་ཡིད་རྟོན་ཆ་འཕྲིན་གྱི་ཐོ་འགོད་དང་བསྡུ་གསོག་བྱ་བ་ལེགས་པོར་བསྒྲུབས་ཏེ། ཡིད་རྟོན་ཆ་འཕྲིན་མཉམ་སྤྱོད་ལས་སྟེགས་དང་ཁེ་ལས་ཀྱི་ཡིད་རྟོན་ཆ་འཕྲིན་སྤྱི་བསྒྲགས་མ་ལག་ལ་ཆ་འཕྲིན་བརྗེ་རེས་དང་མཉམ་སྤྱོད་བྱེད་པར་ཤུགས་སྣོན་རྒྱག་དགོས།

སྤྱི་ཚོགས་སྟོབས་ཤུགས་ཀྱིས་བདེ་ཐང་སླར་གསོའི་ལས་ཁུངས་འཛུགས་སྐྲུན་ལ་མ་དངུལ་འཇོག་པར་རྒྱབ་སྐྱོར་དང་། རྣམ་པ་མི་འདྲ་བ་མང་པོའི་བདེ་ཐང་སླར་གསོ་ལས་ཁུངས་སྒྲུབ་གཉེར་བྱེད་པར་བསྟོད་སྐུལ་བྱ་དགོས། སྤྱི་ཚོགས་ཀྱིས་བདེ་ཐང་སླར་གསོ་ལས་ཁུངས་བསྒྲུབས་ན། རིག་ཚན་འཛུགས་སྐྱོང་དང་འཇོན་མི་སྐྱེད་སྲིང་སོགས་ཀྱི་ཕྱོགས་ནས་གཞུང་སྒྲུབ་ཀྱི་བདེ་ཐང་སླར་གསོ་ལས་ཁུངས་དང་འདྲ་མཉམ་གྱི་སྲིད་ཇུས་གཟིགས་སྐྱོང་ལོངས་སུ་སྤྱད་ཆོག དང་བླངས་པ་རྣམས་ཀྱིས་གནས་ཁེལ་བདེ་ཐང་སླར་གསོ་ལས་ཁུངས་དང་དབང་སྐྱོན་བྱིས་པ་ལ་ཆ་བསྒྲིག་པ་སོགས་ཀྱི་ཞབས་ཕྱི་སྒྲུབ་སྟངས་སྐུལ་སྤེལ་བྱས་ཏེ། དང་བླངས་པས་དབང་སྐྱོན་བྱིས་པའི་བདེ་ཐང་སླར་གསོ་ལ་རོགས་རམ་བྱེད་པའི་ཞབས་ཕྱི་དེ་རྒྱུན་ལྡན་ཅན་དང་ཆེད་ལས་ཅན་དུ་བསྒྱུར་བར་སྐུལ་འདེད་གཏང་དགོས།

(གསུམ།)འཇོན་མི་སྐྱེད་སྲིང་ལ་ཤུགས་སྣོན་རྒྱག་དགོས། བདེ་ཐང་སླར་གསོའི་འཇོན་མི་སློབ་གསོ་དང་གསོ་སྦྱོང་དང་སྐྱེད་སྲིང་བྱེད་པར་ཤུགས་སྣོན་བརྒྱབ་སྟེ། བདེ་ཐང་སླར་གསོའི་ཞབས་ཕྱི་སྒྲུབ་མཁན་རྣམས་ཀྱི་ནུས་པ་དང་བྱང་ཚད་རྒྱུན་མི་ཆད་པར་ཇེ་མཐོར་གཏང་དགོས། དབང་སྐྱོན་བྱིས་པའི་བདེ་ཐང་སླར་གསོའི་རོགས་སྐྱོབ་བྱ་བ་སྒྲུབ་གཉེར་ནུས་པ་དངོས་གནས་ཇེ་དྲག་ཏུ་བཏང་སྟེ། “ལས་ཀ་སྒྲུབ་མཁན་ཡོད་ཅིང་། འགན་འཁྲི་འཁུར་མཁན་ཡོད་པར”ཁག་ཐེག་བྱ་དགོས། ཞིང་ཆེན་ཡོངས་ཀྱི་དབང་སྐྱོན་བྱིས་པའི་བདེ་ཐང་སླར་གསོའི་རོགས་སྐྱོབ་ཞབས་ཕྱིར་དོ་དམ་བྱེད་པའི་ཕྱོགས་བསྡུས་ཆ་འཕྲིན་ལས་སྟེགས་འཛུགས་སྐྲུན་ལ་སྐུལ་འདེད་གཏང་དགོས། རིམ་པ་སོ་སོའི་དབང་སྐྱོན་མཉམ་འབྲེལ་ལྷན་ཚོགས་ཀྱིས་བདེ་ཐང་སླར་གསོའི་ཆེད་ལས་མི་སྣར་མིང་ངོ་མའི་ལམ་ལུགས་ལྟར་གསོ་སྦྱོང་བྱེད་པའི་འཆར་འགོད་གཏན་ལ་འབེབས་པ་དང་། བདེ་ཐང་སླར་གསོའི་རྐང་འཛིན་འཇོན་མི་སྐྱེད་སྲིང་བྱ་བར་ཤུགས་སྣོན་བརྒྱབ་སྟེ། ལས་ཁུངས་ཀྱི་བདེ་ཐང་སླར་གསོའི་ཞབས་ཕྱི་འགན་སྲུང་ནུས་པ་རྒྱུན་མི་ཆད་པར་ཇེ་མཐོར་གཏང་དགོས། གནས་ཁེལ་བདེ་ཐང་སླར་གསོ་ལས་ཁུངས་ཀྱི་ཆེད་ལས་མི་སྣ་རྣམས་ལས་གནས་ཐོབ་ཐང་གི་བླང་བྱ་དང་འཚམ་དགོས་ལ། ལག་ཁྱེར་ཐོགས་ནས་ལས་གནས་སུ་འཇུག་དགོས། འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་དང་། སློབ་གསོ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སོགས་འབྲེལ་ཡོད་སྡེ་ཁག་གིས་དབང་སྐྱོན་འབྱུང་བ་སྔོན་འགོག་དང་དབང་པོ་སྐྱོན་ཅན་གྱི་བདེ་ཐང་སླར་གསོའི་ཤེས་བྱ། ནུས་རྩལ་གསོ་སྦྱོང་སོགས་འབྲེལ་ཡོད་ཆེད་ལས་ལག་རྩལ་མི་སྣའི་རྒྱུན་མཐུད་སློབ་གསོ་དང་གསོ་སྦྱོང་གི་ཁོངས་སུ་བསྡུ་དགོས།

(བཞི།)ཕྱོགས་བསྡུས་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་དགོས། སྲིད་གཞུང་གི་འགོ་ཁྲིད་འོག་ཏུ། དབང་སྐྱོན་མཉམ་འབྲེལ་ལྷན་ཚོགས་དང་། སློབ་གསོ། དམངས་སྲིད། འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་། ནོར་སྲིད། རྩིས་བཤེར། བཟོ་ཚོང་། སྤུས་ཚད་ཞིབ་བཤེར། ཟས་སྨན་ལྟ་སྐུལ་དོ་དམ། དབུལ་སྐྱོར་སོགས་སྡེ་ཁག་གིས་ལས་འགན་གཙང་སྒྲུབ་དང་རམ་འདེགས་མཉམ་ལས་བྱས་ཏེ། བྱ་བའི་སྦྲེལ་མཐུད་ལ་ཤུགས་སྣོན་པ་དང་། དུས་ཐོག་ཏུ་དབང་སྐྱོན་མཉམ་འབྲེལ་ལྷན་ཚོགས་ལ་དབང་སྐྱོན་བྱིས་པའི་འབྲེལ་ཡོད་གཞི་གྲངས་ཆ་འཕྲིན་སྣེ་མཐུད་བྱེད་པ་དང་། དབང་སྐྱོན་བྱིས་པའི་བདེ་ཐང་སླར་གསོ་ལས་ཁུངས་ཀྱི་འབྲེལ་ཡོད་སྲིད་ཇུས་འཐུས་ཚང་དུ་བཏང་སྟེ། མཉམ་གཅིག་ཏུ་དབང་སྐྱོན་བྱིས་པའི་བདེ་ཐང་སླར་གསོའི་རོགས་སྐྱོབ་བྱ་བ་སྤེལ་བ་དང་། ལམ་ལུགས་ལག་བསྟར་དོན་འཁྱོལ་བྱེད་པ་དམ་འཛིན་བྱེད་ཅིང་། དབང་སྐྱོན་བྱིས་པའི་བདེ་ཐང་སླར་གསོའི་ཉེན་ཁ་འགོག་འཛིན་ལ་ཤུགས་སྣོན་རྒྱག་པ་དང་། ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་སྤེལ་རིགས་དུས་ཐོག་ཏུ་རྩད་གཅོད་བྱས་ཏེ། དབང་སྐྱོན་བྱིས་པའི་མི་ལུས་བདེ་འཇགས་ལ་ཁག་ཐེག་བྱ་དགོས།

(ལྔ།)སྡེ་ཁག་གི་ལས་འགན་དོན་འཁྱོལ་བྱ་དགོས། འབྲེལ་ཡོད་སྡེ་ཁག་སོ་སོས་མཉམ་ལས་དམ་ཟབ་དང་། གཞོགས་འདེགས་ལ་ཤུགས་སྣོན་བརྒྱབ་སྟེ། བྱ་བའི་སྡོམ་ཤུགས་ཆགས་པར་བྱ་དགོས། འཕེལ་རྒྱས་བཅོས་སྒྱུར་སྡེ་ཁག་གིས་དབང་སྐྱོན་བྱིས་པའི་བདེ་ཐང་སླར་གསོའི་རོགས་སྐྱོབ་ཞབས་ཕྱི་དང་བདེ་ཐང་སླར་གསོ་ལས་ཁུངས་འཛུགས་སྐྲུན་དེ་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་དུ་བསྡུ་བ་དང་། གཞི་རྩའི་སྤྱི་པའི་ཞབས་ཕྱི་མ་ལག་གི་ཁོངས་སུ་བསྡུས་ཏེ། ཚད་གཞི་ཇེ་མཐོར་དང་ཁྱབ་རྒྱ་ཇེ་ཆེར་གཏོང་བའི་འབྲེལ་ཡོད་སྲིད་ཇུས་ཞིབ་འཇུག་དང་གཏན་འབེབས་བྱེད་དགོས་པ་དང་། འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་དང་། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སོགས་འབྲེལ་ཡོད་སྡེ་ཁག་ལ་སྣེ་ཁྲིད་ཅིང་མཐུན་སྦྱོར་བྱས་ཏེ་བདེ་ཐང་སླར་གསོའི་ཞབས་ཕྱིའི་གླ་རིན་དོན་ཚན་རྣམས་གཞུང་གཉེར་སྨན་ཁང་གི་སྨན་བཅོས་ཞབས་ཕྱིའི་དོན་ཚན་གྱི་དོ་དམ་དཀར་ཆག་ཏུ་བསྡུ་བ་དང་། ཁྲིམས་ལྟར་ལྟ་སྐུལ་དོ་དམ་བགྱིས་ཏེ། ནོར་སྲིད་དང་དམངས་སྲིད། དབང་སྐྱོན་མཉམ་འབྲེལ་ལྷན་ཚོགས་སོགས་སྡེ་ཁག་དང་མཉམ་དུ་སྟོབས་ཤུགས་གཅིག་བསྡུས་ཀྱིས་ལས་ཁུངས་ཀྱི་གླ་རིན་བསྡུ་བའི་དོ་དམ་ཚད་ལྡན་དུ་བསྒྱུར་དགོས། སློབ་གསོ་སྡེ་ཁག་གིས་ཆ་རྐྱེན་ཚང་བའི་དམིགས་བསལ་སློབ་གསོའི་སློབ་གྲྭ(བུ་བཅོལ་ཁང)ནས་དབང་སྐྱོན་བྱིས་པའི་བདེ་ཐང་སླར་གསོ་བྱ་བ་སྤེལ་བར་རྒྱབ་སྐྱོར་བྱ་དགོས་པ་དང་། བདེ་ཐང་སླར་གསོའི་ལས་འགན་ཡོད་པའི་སློབ་གྲྭ་ལ་དོ་དམ་བྱེད་པར་ཤུགས་སྣོན་རྒྱག་པ་དང་། དབང་སྐྱོན་མཉམ་འབྲེལ་ལྷན་ཚོགས་དང་མཉམ་དུ་འབྲེལ་ཡོད་མི་སྣའི་གསོ་སྦྱོང་བྱ་བ་ལེགས་པོར་བསྒྲུབ་དགོས། བདེ་ཐང་སླར་གསོ་བྱས་རྗེས་ཀྱི་དབང་སྐྱོན་བྱིས་པ་སློབ་ཆུང་དཀྱུས་མའམ་བུ་བཅོལ་ཁང་དུ་འཇུག་པར་རྒྱབ་སྐྱོར་དང་འགན་སྲུང་བྱ་དགོས་པ་དང་། དབང་སྐྱོན་བྱིས་པ་འཛིན་གྲྭའི་ནང་མཉམ་སྦྱོང་བྱེད་པའི་རྒྱབ་སྐྱོར་འགན་སྲུང་མ་ལག་རིམ་བཞིན་འཐུས་ཚང་དུ་གཏང་དགོས་ལ། དབང་སྐྱོན་མཉམ་འབྲེལ་ལྷན་ཚོགས་དང་མཉམ་དུ་དམིགས་བསལ་སློབ་གསོའི་ཐོན་ཁུངས་ལོངས་སུ་སྤྱད་ནས། མཐུན་འདྲེས་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏང་དགོས། ཞིང་ཆེན་ནང་ཁུལ་གྱི་མཐོ་རིམ་སློབ་གྲྭས་བདེ་ཐང་སླར་གསོའི་སྐོར་གྱི་ཆེད་ལས་སྒྲིག་འཛུགས་བྱེད་པར་སྐུལ་མ་གཏོང་བ་དང་། བདེ་ཐང་སླར་གསོའི་ཆེད་ལས་ལག་རྩལ་འཇོན་མིའི་ལས་གནས་ཐོབ་ཐང་སྤར་བའི་བཟང་གཤིས་འཁོར་སྐྱོད་རྐྱེན་སྲོལ་ཆགས་སུ་འཇུག་དགོས། བདེ་ཐང་སླར་གསོའི་ཞབས་ཕྱི་སྒྲུབ་པའི་ལས་ཁུངས་ཀྱིས་བུ་བཅོལ་ཁང་གཉེར་བའི་ཐོབ་ཐང་ལེན་པར་རྒྱབ་སྐྱོར་བྱ་དགོས། དམངས་སྲིད་སྡེ་ཁག་གིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་སྲུང་ཁྱིམ་ཚང་དང་བྱིས་པའི་ཕན་བདེ་ལས་ཁུངས་ཀྱི་བདག་སྐྱོང་བྱས་པའི་དབང་སྐྱོན་བྱིས་པ་དང་། དབང་སྐྱོན་དྭ་ཕྲུག དམིགས་བསལ་དཀའ་ངལ་ཡོད་མཁན་གྱི་གཉོར་སྐྱོང་ཁྱབ་ཁོངས་སུ་བསྡུས་པའི་དབང་སྐྱོན་བྱིས་པ། དཔལ་འབྱོར་ཐད་དཀའ་ངལ་ཡོད་པའི་ཁྱིམ་ཚང་གཞན་དག་གི་དབང་སྐྱོན་བྱིས་པ་བཅས་ཀྱི་ཐོབ་ཐང་ངོས་འཛིན་དང་ཆ་འཕྲིན་དཔྱད་སྡུར་གྱི་བྱ་བ་ལེགས་པོར་བསྒྲུབ་པ་དང་། བྱིས་པའི་ཕན་བདེ་ལས་ཁུངས་ལ་རྩ་འཛུགས་བྱས་ཏེ་དབང་སྐྱོན་བྱིས་པའི་བདེ་ཐང་སླར་གསོ་བྱ་བ་བསྒྲུབ་པར་རམ་འདེགས་བྱ་དགོས། སྤྱི་ཚོགས་ཞལ་འདེབས་མ་དངུལ་གྱིས་དབང་སྐྱོན་བྱིས་པའི་བདེ་ཐང་སླར་གསོ་ཐད་ལ་རོགས་དངུལ་སྟེར་བའི་བྱ་བར་མཐུན་སྦྱོར་བྱ་དགོས། བདེ་ཐང་སླར་གསོའི་ཞབས་ཕྱི་ལས་རིགས་ཀྱི་མཐུན་ཚོགས་ཧུར་ཐག་གིས་སྐྱེད་སྲིང་དང་གོང་སྤེལ་བྱས་ཏེ། ལས་རིགས་ཀྱི་རང་གཅུན་ནུས་པ་འདོན་སྤེལ་བྱ་དགོས། ནོར་སྲིད་སྡེ་ཁག་གིས་དབང་སྐྱོན་བྱིས་པའི་བདེ་ཐང་སླར་གསོའི་རོགས་སྐྱོབ་མ་དངུལ་དེ་ནོར་སྲིད་སྔོན་རྩིས་སུ་འགོད་དགོས་པ་དང་། མ་དངུལ་ཀྱི་དོ་དམ་དང་བཀོལ་སྤྱོད་གནས་ཚུལ་ལ་ལྟ་སྐུལ་དང་ཞིབ་བཤེར་བྱེད་པར་ཤུགས་སྣོན་བརྒྱབ་སྟེ། བཙིར་བཟུང་དང་གཞན་སྤྱོད། གཡོ་ལེན་སོགས་ཁྲིམས་འགལ་སྒྲིག་འགལ་གྱི་སྣང་ཚུལ་འབྱུང་བ་སྔོན་འགོག་བྱ་དགོས། སྨན་བཅོས་འགན་སྲུང་སྡེ་ཁག་གིས་དབང་སྐྱོན་བྱིས་པའི་བདེ་ཐང་སླར་གསོའི་རོགས་སྐྱོབ་དང་གཞི་རྩའི་སྨན་བཅོས་འགན་སྲུང་ལམ་ལུགས་ནུས་ལྡན་སྒོས་སྦྲེལ་མཐུད་བྱེད་པའི་བྱ་བ་ལེགས་པོར་བསྒྲུབ་དགོས། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་གིས་དབང་སྐྱོན་བྱིས་པའི་བདེ་ཐང་སླར་གསོ་སློབ་གསོའི་ཆེད་ལས་མི་སྣ་རྣམས་ཀྱིས་ལས་རིགས་གཏོགས་གཤིས་དང་ལས་གནས་འགན་འཁྲི། ལས་རིགས་ཐོབ་ཐང་ལམ་ལུགས་བཅས་གཞིར་བཟུང་སྟེ་བབ་མཚུངས་ཀྱི་ཆེད་ལས་ལག་རྩལ་ཐོབ་ཐང་ལེན་པའི་སྙན་སེང་ཞུ་བར་སྐུལ་འདེབས་དང་རྒྱབ་སྐྱོར་བྱས་ཏེ། ཆེད་ལས་མི་སྣའི་ལས་རིགས་འཕེལ་རྒྱས་ལ་སྐུལ་འདེད་གཏང་དགོས། འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་སྡེ་ཁག་གིས་དབང་སྐྱོན་བྱིས་པའི་བདེ་ཐང་སླར་གསོའི་རོགས་སྐྱོབ་བྱ་བ་དེ་སྨན་བཅོས་དང་འཕྲོད་བསྟེན་ལམ་ལུགས་བཅོས་སྒྱུར་གྱི་ཁྱོན་ཡོངས་ཀྱི་གྲས་སུ་འགོད་དགོས་པ་དང་། གནས་ཁེལ་བདེ་ཐང་སླར་གསོ་ལས་ཁུངས་ལ་དོ་དམ་དང་མཛུབ་སྟོན་བྱེད་པར་ཤུགས་སྣོན་རྒྱག་པ་དང། བདེ་ཐང་སླར་གསོའི་ཆེད་ལས་མི་སྣའི་གསོ་སྦྱོང་རྩ་འཛུགས་བྱེད་ཅིང་། དབང་སྐྱོན་བྱིས་པའི་བདེ་ཐང་སླར་གསོ་ལས་ཁུངས་ཀྱི་སྨན་བཅོས་དང་བདེ་ཐང་སླར་གསོའི་ཆེད་ལས་མི་སྣའི་གོ་མིང་དཔྱད་འདེམས་འཐུས་ཚང་དུ་གཏང་དགོས། བུད་མེད་དང་བྱིས་པའི་བདེ་ཐང་ཞབས་ཕྱི་ལས་ཁུངས་སོགས་སྨན་བཅོས་ལས་ཁུངས་ལ་མཛུབ་སྟོན་བྱས་ནས་དབང་སྐྱོན་སྔོན་འགོག་བྱེད་པ་དང་ལྷན་སྐྱེས་དབང་སྐྱོན་ཕྲུ་གུ་དང་དབང་སྐྱོན་བྱིས་པའི་སྔ་དུས་ཀྱི་འཚག་བཤེར་དང་ནད་བརྟག ཐེ་གཏོགས་སོགས་ཀྱི་བྱ་བ་སྤེལ་བ་དང་། དབང་པོ་སྐྱོན་ཅན་དུས་ནམ་ཡང་ཞུ་འགོད་བྱེད་ཆོག་པའི་ལམ་ལུགས་འཛུགས་དགོས། དུས་ཐོག་ཏུ་བདེ་ཐང་སླར་གསོའི་དགོས་མཁོ་ཡོད་པའི་དབང་སྐྱོན་བྱིས་པ་བདེ་ཐང་སླར་གསོ་ལས་ཁུངས་ལ་སྤོ་སྦྱོར་བྱས་ནས་བདེ་ཐང་སླར་གསོའི་རོགས་སྐྱོབ་དང་ལེན་བྱེད་དུ་བཅུག་སྟེ། དབང་སྐྱོན་བྱིས་པ་གཅིག་ཡོད་ན་གཅིག་ལ་རོགས་སྐྱོབ་བྱེད་པར་ཁག་ཐེག་བྱ་དགོས། བདེ་ཐང་སླར་གསོའི་སྨན་བཅོས་མཉམ་འབྲེལ་སྒྲིག་གཞི་གྲབས་འཛུགས་བགྱིད་པར་རྩ་འཛུགས་བྱས་ཏེ། སྨན་བཅོས་ལས་ཁུངས་དང་བདེ་ཐང་སླར་གསོའི་གནས་ཁེལ་ལས་ཁུངས་ཀྱིས་ཕན་ཚུན་དུ་གནས་སྤོ་བརྟག་བཅོས་བྱེད་པའི་རྐྱེན་སྲོལ་ཆགས་པར་བྱ་དགོས། ཁྲོམ་ར་ལྟ་སྐུལ་དོ་དམ་སྡེ་ཁག་གིས་དབང་སྐྱོན་བྱིས་པའི་འབྲེལ་ཡོད་ཀྱི་རམ་འདེགས་ཡོ་ཆས་ཚོང་གཉེར་བྱེད་སྒོ་དང་། བདེ་ཐང་སླར་གསོའི་རོགས་སྐྱོབ་ཐོན་རྫས་ཀྱི་ཐོན་སྐྱེད་ཁེ་ལས། འབྲེལ་ཡོད་ཀྱི་སྨན་བཅོས་སྒྲིག་ཆས་དང་ཟས་སྨན་ཐོན་རྫས་བཅས་ལ་ལྟ་སྐུལ་དོ་དམ་བྱེད་པར་ཤུགས་སྣོན་བརྒྱབ་སྟེ། ཁྲོམ་རའི་སྒྲིག་ལམ་སྲུང་སྐྱོང་བྱ་དགོས། འབྲེལ་ཡོད་ཀྱི་འཛད་སྤྱོད་དབང་ཆ་སྲུང་སྐྱོང་བྱ་བར་དུས་ཐོག་ཏུ་མཐུན་སྦྱོར་བྱ་དགོས། དབུལ་སྐྱོར་སྡེ་ཁག་གིས་གནད་ཁེལ་དབུལ་སྐྱོར་དང་གནད་ཁེལ་དབུལ་སྒྲོལ་བྱ་བར་ཟུང་འབྲེལ་བྱས་ཏེ། ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་གི་དབང་སྐྱོན་བྱིས་པའི་བདེ་ཐང་སླར་གསོའི་རོགས་སྐྱོབ་དང་ཆ་འཕྲིན་མཉམ་སྤྱོད་སོགས་ཀྱི་བྱ་བར་རམ་འདེགས་ལེགས་པོ་བགྱི་དགོས། ཡིག་ཚགས་དང་བྱང་བུ་བཟོས་པའི་དབང་སྐྱོན་བྱིས་པའི་ཁྱིམ་ཚང་ལ་དམིགས་བསལ་གྱི་འདེགས་སྐྱོར་བྱས་ཏེ། དབང་པོ་སྐྱོན་པའི་རྐྱེན་གྱིས་སླར་ཡང་དབུལ་པོར་འགྱུར་བ་སྔོན་འགོག་བྱ་དགོས། རྒྱ་གྲམ་དམར་པོ་ཚོགས་པས་སྤྱི་ཚོགས་སྟེང་གི་བྱམས་བརྩེ་ཅན་གྱི་མི་དང་ཚོགས་པ་དང་སྤྱི་ཕན་ཐེབས་རྩའི་རྒྱབ་སྐྱོར་བརྩོན་ལེན་བྱས་ཏེ། དབང་སྐྱོན་བྱིས་པ་དང་དཔལ་འབྱོར་ཐད་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་དབང་སྐྱོན་བྱིས་པའི་བདེ་ཐང་སླར་གསོའི་རོགས་སྐྱོབ་བྱ་བ་ལེགས་པོར་བསྒྲུབ་དགོས། སྤྱི་ཚོགས་ཀྱི་ཞལ་འདེབས་མ་དངུལ་གྱིས་དབང་སྐྱོན་བྱིས་པར་རོགས་དངུལ་སྟེར་བ་བརྩོན་ལེན་བྱས་ཏེ་བདེ་ཐང་སླར་གསོ་བྱ་བ་ལེགས་པོར་བསྒྲུབ་དགོས། དབང་སྐྱོན་མཉམ་འབྲེལ་ལྷན་ཚོགས་ཀྱིས་འབྲེལ་ཡོད་སྡེ་ཁག་དང་ལྷན་དུ་《མཚོ་སྔོན་ཞིང་ཆེན་གྱི་དབང་སྐྱོན་བྱིས་པའི་གནས་ཁེལ་བདེ་ཐང་སླར་གསོ་ལས་ཁུངས་ངོས་འཛིན་དང་དོ་དམ་བྱེད་ཐབས》དང་《མཚོ་སྔོན་ཞིང་ཆེན་གྱི་དབང་སྐྱོན་བྱིས་པའི་བདེ་ཐང་སླར་གསོའི་རོགས་སྐྱོབ་ཞབས་ཕྱིའི་ཚད་གཞི》གཏན་ལ་ཕབ་ནས་སྤེལ་དགོས། འབྲེལ་ཡོད་སྡེ་ཁག་ལ་རྩ་འཛུགས་དང་མཐུན་སྦྱོར་བྱས་ཏེ། དབང་སྐྱོན་བྱིས་པའི་མ་མཐའི་ཁ་གྲངས་དང་བདེ་ཐང་སླར་གསོའི་དགོས་མཁོར་རྒྱུས་མངའ་ལོན་དགོས། རོགས་སྐྱོབ་བྱ་བའི་ཕན་ཕྱོད་དཔྱད་འཇོག་དང་ལྟ་རྟོག་ཞིབ་བཤེར་རྩ་འཛུགས་བྱ་དགོས། མིང་ངོ་མའི་ལམ་ལུགས་ཀྱི་གསོ་སྦྱོང་སྤེལ་བ་དང་། བདེ་ཐང་སླར་གསོའི་འཇོན་མི་སྐྱེད་སྲིང་ལ་ཤུགས་སྣོན་བརྒྱབ་སྟེ། བདེ་ཐང་སླར་གསོའི་ཆེད་ལས་འཇོན་མིའི་མིང་མཛོད་གྱ་ནོམ་ཞིང་འཐུས་ཚང་བར་གཏང་དགོས། འབྲེལ་ཡོད་སྡེ་ཁག་དང་ལྷན་དུ། སྡེ་(སྡོད)དམངས་ཨུ་ཡོན་ལྷན་ཁང་དང་། གཞི་རིམ་སྨན་བཅོས་འཕྲོད་བསྟེན་ལས་ཁུངས། སྤྱི་ཕན་དགེ་སྒྲུབ་རྩ་འཛུགས། དབང་པོ་སྐྱོན་ཅན་གྱི་ལས་འགན་ཆེད་གཉེར་ཨུ་ཡོན། སྤྱི་ཚོགས་ལས་ཀ་སྒྲུབ་མཁན། དང་བླངས་ཞབས་ཕྱི་མི་སྣ་སོགས་སྤྱི་ཚོགས་སྟོབས་ཤུགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། རྙེད་ཅིང་གོ་བར་སྨྲ་བ་དང་། རེ་ཞུའི་རོགས་འདེགས་བགྱིད་པ། དང་བླངས་ཞབས་ཕྱི་སྒྲུབ་པ་སོགས་ཀྱི་བྱ་བ་ལེགས་པོར་བསྒྲུབ་དགོས། འཚག་བཤེར་ཡིག་ཚགས་བཟོས་ཏེ། དབང་སྐྱོན་བྱིས་པའི་བདེ་ཐང་སླར་གསོའི་དགོས་མཁོ་ལ་མིང་ངོ་མའི་ཐོག་ནས་འགུལ་རྣམ་དོ་དམ་བྱ་དགོས།

(དྲུག)དྲིལ་སྒྲོག་སྐུལ་སློང་ལ་ཤུགས་སྣོན་རྒྱག་དགོས། རིམ་པ་སོ་སོའི་མི་དམངས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གིས་སྲོལ་རྒྱུན་སྨྱན་བྱད་དང་སྨྱན་བྱད་གསར་པ་སོགས་ཐབས་ཤེས་སྣ་མང་ཉེར་སྤྱོད་གང་ལེགས་བྱས་ཏེ། དབང་སྐྱོན་བྱིས་པའི་བདེ་ཐང་སླར་གསོའི་རོགས་སྐྱོབ་ལམ་ལུགས་དང་སྲིད་ཇུས་ཀྱི་འགྲེལ་བཤད་དང་དྲིལ་སྒྲོག་ཤུགས་ཆེན་པོས་སྤེལ་ནས། ཏང་དང་སྲིད་གཞུང་གི་དམངས་ལ་བརྩེ་བའི་སེམས་པ་དང་དམངས་ལ་ཕན་པའི་སྤྱོད་པ་རྣམས་སྤྱི་ཚོགས་ཀྱི་ཕྱོགས་སོ་སོར་རྒྱུས་ལོན་དུ་འཇུག་དགོས་པ་དང་། ལྟ་སྐྱོང་པས་དབང་སྐྱོན་བྱིས་པའི་བདེ་ཐང་སླར་གསོའི་རོགས་སྐྱོབ་ལམ་ལུགས་སྐོར་གྱི་ནང་དོན་ཡང་དག་པར་རྟོགས་པ་དང་། གཞི་རྩའི་རེ་ཞུ་གོ་རིམ་དང་བླང་བྱ་རྒྱུས་ལོན་པར་རོགས་རམ་བྱ་དགོས། སྤྱི་ཚོགས་ཡོངས་ཀྱི་དབང་སྐྱོན་སྔོན་འགོག་དང་བདེ་ཐང་སླར་གསོའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བར་ཧུར་ཐག་གིས་སྣེ་ཁྲིད་ཅིང་། དབང་སྐྱོན་བྱིས་པའི་བདེ་ཐང་སླར་གསོ་བྱ་བར་ཐུགས་ཁུར་དང་རྒྱབ་སྐྱོར་གནང་སྟེ། སྤྱི་ཚོགས་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་དགོས།

གྲོང་ཁྱེར་(ཁུལ)སོ་སོའི་སྲིད་གཞུང་གིས2018ལོའི་ཟླ12པའི་ཟླ་མཇུག་གི་སྔོན་ལ་རིམ་པ་དེ་གའི་དབང་སྐྱོན་བྱིས་པའི་བདེ་ཐང་སླར་གསོའི་རོགས་སྐྱོབ་ལམ་ལུགས་ཀྱི་ཆ་འགྲིག་སྲིད་ཇུས་ཐབས་བཀོད་གཏན་འབེབས་བྱས་ནས་དངོས་སུ་འདོན་དགོས། ཞིང་ཆེན་དབང་སྐྱོན་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཞིང་ཆེན་གྱི་འབྲེལ་ཡོད་སྡེ་ཁག་དང་ལྷན་དུ་ས་གནས་སོ་སོས་ལག་བསྟར་དང་དོན་འཁྱོལ་ལེགས་པོར་བྱེད་པར་སྐུལ་འདེབས་དང་མཛུབ་སྟོན་བྱ་དགོས་པ་དང་། བྱ་བའི་ཁྲོད་དུ་མཐོང་བའི་གནད་དོན་ལ་དུས་ཐོག་ཏུ་ཞིབ་འཇུག་བྱས་ཏེ་ཐག་གཅོད་པ་དང་། གནས་ཚུལ་གལ་ཆེན་རྣམས་དུས་ཐོག་ཏུ་ཞིང་ཆེན་སྲིད་གཞུང་ལ་སྙན་སེང་ཞུ་དགོས།

ལག་བསྟར་བསམ་འཆར་འདི2018ལོའའི་ཟླ11པའི་ཚེས22ཉིན་ནས་བཟུང་ལག་ལེན་དུ་བསྟར་རྒྱུ་ཡིན། ལག་བསྟར་བསམ་འཆར་འདི་དང་མི་མཐུན་པ་ཡོད་ན། ལག་བསྟར་བསམ་འཆར་འདི་ལྟར་བསྒྲུབ་དགོས།

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།

2018ལོའི་ཟླ10པའི་ཚེས22ཉིན།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

གོང་མ།:མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིང་གི་གྲོང་གསེབ་ཀྱི་གཞི་རྒྱ་ཆུང་བའི་སློབ་གྲྭ་དང་ཤང་དང་གྲོང་རྡལ་གྱི་བཅའ་སྡོད་ལམ་ལུགས་ཀྱི་སློབ་གྲྭའི་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་ཤུགས་སྣོན་པའི་སྐོར་གྱི་ལག་བསྟར་བསམ་འཆར།

ཞོལ་མ།:༢༠༡༩ལོའི་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོ།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235