མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
སྲིད་ཇུས་ཁྲིམས་སྲོལ།
 

རྩྭ་ཐང་གི་བཅའ་ཁྲིམས་ཁྲིམས་སྲོལ་ཤེས་བྱ།

ཡོང་ཁུངས།:ཁུལ་མི་རིགས་སྐད་ཡིག་གཞུང་སྒྲུབ  སྤེལ་དུས།:2014-11-04  རྩོམ་པ་པོ།:  རྩོམ་སྒྲིག་པ།:    ཀློགས་གྲངས།:

ཡོང་ཁུངས། མཚོ་སྔོན་རླུང་འཕྲིན་དྲ་ཚིགས།

གཏན་འབེབ་དང་འགལ་ཏེ་གནས་སྐབས་སུ་རྩྭ་ས་འཛིན་སྤྱོད་བྱས་ཚེ་ཉེས་འགན་ཇི་ལྟར་ཁུར་དགོས།

གནས་སྐབས་སུ་འཛིན་སྤྱོད་བྱས་པའི་རྩྭ་སའི་སྟེང་ཡུན་བརྟན་རང་བཞིན་གྱི་བཟོ་འགོད་འཛུགས་སྐྲུན་བྱས་ཚེ། རྫོང་རིམ་པ་ཡན་ཆད་ཀྱི་རྩྭ་ས་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་འགན་དབང་གཞིར་བཟུང་སྟེ་དུས་བཅད་ལྟར་ཕྱིར་བཤིག་དགོས་པའི་ཁག་འགན་དཀྲི་དགོས། དུས་ཡུན་བརྒལ་ནས་མ་བཤིག་ཚེ། ཁྲིམས་ལྟར་བཙན་ཤེད་ཀྱིས་བཤིག་ཏུ་བཅུག་སྟེ། དེའི་འགྲོ་གྲོན་ཚང་མ་ཁྲིམས་འགལ་མཁན་གྱིས་འགན་ཁུར་དགོས། གནས་སྐབས་སུ་འཛིན་སྤྱོད་བྱས་པའི་རྩྭ་སའི་འཛིན་སྤྱོད་དུས་ཡུན་ལོངས་རྗེས། ས་ཞིང་སྤྱོད་པའི་ལས་ཁུངས་ཀྱིས་རྩྭ་སའི་སྔོ་ཁེབས་སླར་གསོ་མ་བྱས་ཚེ། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་རྩྭ་ས་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་འགན་དབང་གཞིར་བཟུང་སྟེ་དུས་བཅད་ལྟར་སླར་གསོ་བྱེད་དགོས་པའི་ཁག་འགན་དཀྲི་དགོས། དུས་ཡུན་བརྒལ་ནས་སླར་གསོ་མ་བྱས་ཚེ། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་རྩྭ་ས་གཙོ་གཉེར་སྡེ་ཁག་གིས་ཚབ་བྱས་ནས་སླར་གསོ་བྱས་ཏེ། དེའི་འགྲོ་གྲོན་ཚང་མ་ཁྲིམས་འགལ་མཁན་གྱིས་འགན་འཁུར་དགོས།

རྩྭ་སའི་སྟེང་རྩྭ་ས་སྲུང་སྐྱོབ་དང་ཕྱུགས་ལས་ཐོན་སྐྱེད་ལ་ཐད་ཀར་ཞབས་འདེགས་ཞུ་བའི་བཟོ་འགོད་སྒྲིག་ཆས་འཛུགས་སྐྲུན་བྱེད་དགོས་ཚེ། ལས་ཁུངས་གང་གིས་ཞིབ་བཤེར་ཆོག་མཆན་འགོད་དགོས།

རྩྭ་ས་སྲུང་སྐྱོབ་དང་ཕྱུགས་ལས་ཐོན་སྐྱེད་ལ་ཐད་ཀར་ཞབས་འདེགས་ཞུ་བའི་བཟོ་འགོད་སྒྲིག་ཆས་འཛུགས་སྐྲུན་ནང་དུ། གཅིག རྩྭ་འདེབས་དང་དང་གཟན་རྩྭ་གཟན་ཆས་ཐོན་སྐྱེད་དང་གསོག་ཉར་གྱི་སྒྲིག་ཆས། གཉིས། ཕྱུགས་ཟོག་ལྷས་ར་དང་སྡེབ་སྦྱོར་ས་ཚིགས། བལ་འབྲེག་ས་ཚིགས། སྨན་འཁྲུད་ས། མི་ཕྱུགས་གཉིས་ཀྱི་བཏུང་ཆུའི་སྒྲིག་ཆས། གསུམ། ཚན་ཞིབ་དང་ཚོད་ལྟ། དཔེ་སྟོན་བཅས་ཀྱི་རྟེན་གཞི། བཞི། རྩྭ་སའི་མེ་འགོག་དང་ཆུ་འདྲེན་སྒྲིག་ཆས་བཅས་འདུས་ཡོད། རྩྭ་སའི་སྟེང་རྩྭ་ས་སྲུང་སྐྱོབ་དང་ཕྱུགས་ལས་ཐོན་སྐྱེད་ལ་ཐད་ཀར་ཞབས་འདེགས་ཞུ་བའི་བཟོ་འགོད་སྒྲིག་ཆས་འཛུགས་སྐྲུན་བྱེད་དགོས་ཚེ། བེད་སྤྱོད་རྩྭ་ས་ཀུང་ཆིན་བདུན་ཅུ་ལས་བརྒལ་ན། ཞིང་ལས་པུའུ་ཡིས་ཞིབ་བཤེར་ཆོག་མཆན་འགོད་དགོས། བེད་སྤྱོད་རྩྭ་ས་ཀུང་ཆིན་བདུན་ཅུའི་མན་ལ། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་རྩྭ་ས་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་རང་ཉིད་གནས་སའི་ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱིས་གཏན་འབེབས་བྱས་པའི་ཞིབ་བཤེར་ཆོག་མཆན་གྱི་དབང་ཚད་ལྟར་ཞིབ་བཤེར་ཆོག་མཆན་འགོད་དགོས།

རྒྱལ་ཁབ་ཀྱིས་གཞི་རྩའི་རྩྭ་སར་སྲུང་སྐྱོབ་བྱེད་པའི་ལམ་ལུགས་ལག་བསྟར་བྱེད་དགོས་དོན་ཅི་ཡིན།

རྒྱལ་ཁབ་ཀྱིས་གཞི་རྩའི་རྩྭ་སར་སྲུང་སྐྱོབ་བྱེད་པའི་ལམ་ལུགས་ལག་བསྟར་བྱེད་པ་ནི། བཅའ་ཁྲིམས་ཀྱི་ཐབས་ཤེས་བཀོལ་ཏེ་རྩྭ་ས་གཙོ་བོར་སྲུང་སྐྱོབ་ཆེས་ནན་མོ་བྱས་ཏེ། གང་འདོད་དུ་བརྐོ་འཐུ་དང་བཟུང་སྤྱོད་སོགས་རྩྭ་སར་གཏོར་བརླག་བྱེད་པའི་ཁྲིམས་འགལ་བྱ་སྤྱོད་སྣ་ཚོགས་འབྱུང་བར་སྔོན་འགོག་དང་། རྩྭ་སའི་སྐྱེ་ཁམས་ཁོར་ཡུག་ལ་ད་ནས་བཟུང་གཏོར་བརླག་མི་ཐེབས་པར་འགན་སྲུང་བྱེད་པ། རྩྭ་སའི་ཕྱུགས་ལས་འཕེལ་རྒྱས་དང་རོང་འབྲོག་པའི་ཡོང་སྒོ་འཕར་སྣོན་ལ་ནུས་ཡོད་སྒོས་ཁག་ཐེག་བྱེད་པ་དེ་རེད།

རྩྭ་ས་གང་དག་གཞི་རྩའི་རྩྭ་སར་འབྱེད་དགོས།

«རྩྭ་སའི་བཅའ་ཁྲིམས»གྱི་གཏན་འབེབ་ལྟར་ན། གཤམ་གྱི་རྩྭ་ས་དེ་དག་གཞི་རྩའི་རྩྭ་སར་འབྱེད་དགོས་པ་སྟེ། གཅིག ཕྱུགས་འཚོ་ས་གཙོ་བོ། གཉིས། རྩྭ་འབྲེག་ས། གསུམ། ཕྱུགས་ལས་ཐོན་སྐྱེད་ཀྱི་མིས་འདེབས་རྩྭ་ས་དང་རྨོ་བསྐྱུར་རྩྭ་འདེབས་དང་དེ་མིན་རྩྭ་ས་ལེགས་སྒྱུར་དང་རྩྭ་འདེབས་རྟེན་གཞི། བཞི། གནམ་གཤིས་སྙོམ་སྒྲིག་དང་ཆུ་ཁུངས་གསོ་འཁྱོངས། ས་ཆུ་སྲུང་འཛིན། རླུང་འགོག་བྱེ་འཇགས་བཅས་ལ་ཐུན་མོང་མ་ཡིན་པའི་ནུས་པ་ལྡན་པའི་རྩྭ་ཐང་། ལྔ། རྒྱལ་ཁབ་ཀྱིས་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ལ་གཙོ་གནད་སྒོས་སྲུང་སྐྱོབ་བྱེད་པའི་འཚོ་གནས་ཁོར་ཡུག་དང་རྩྭ་ས། དྲུག རྩྭ་སའི་ཚན་ཞིབ་དང་སློབ་ཁྲིད་ཚོད་ལྟའི་རྟེན་གཞི། བདུན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་འབེབ་བྱས་པའི་གཞི་རྩའི་རྩྭ་སའི་རྩྭ་ས་གཞན་པ་བཅས་སོ།

ཅི་ཞིག་ལ་རྩྭ་སའི་རང་བྱུང་སྲུང་སྐྱོང་ས་ཁུལ་ཟེར།

རྩྭ་སའི་རང་བྱུང་སྲུང་སྐྱོང་ས་ཁུལ་ནི་ཚབ་བྱེད་རང་བཞིན་གྱི་རྩྭ་སའི་རིགས་དང་གལ་འགངས་ཆེ་ཞིང་འཇིག་བྲལ་ཉེ་བའི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གནས་སའི་ས་ཁུལ་དང་སྐྱེ་ཁམས་ཀྱི་རྩོལ་ནུས་དང་དཔལ་འབྱོར་ཚན་ཞིབ་ཀྱི་རིན་ཐང་གལ་ཆེན་ལྡན་པའི་རྩྭ་ས་དེ་ཉིད་རང་བྱུང་སྲུང་སྐྱོང་གི་ས་ཁུལ་ཡིན་པ་མ་ཟད། རང་བྱུང་སྲུང་སྐྱོང་ས་ཁུལ་དོ་དམ་གྱི་འབྲེལ་ཡོད་གཏན་འབེབ་ལྟར་སྲུང་སྐྱོང་ནན་མོ་བྱེད་དགོས། རྩྭ་སའི་རང་བྱུང་སྲུང་སྐྱོང་ས་ཁུལ་བཙུགས་ན། རྩྭ་ས་ཞན་འགྱུར་དང་བྱེ་འགྱུར། བ་ཚྭ་ཅན་དང་བུལ་ཏོག་ཅན་ཏུ་འགྱུར་བ་བཅས་སྔོན་འགོག་བྱེད་པར་ཕན་ཐོགས་ལྡན་ལ། རྒྱལ་ཁབ་ཀྱིས་གཙོ་གནད་སྲུང་སྐྱོང་བྱ་ཡུལ་གྱི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་རིགས་ཀྱི་ཐོན་ཁུངས་སྲུང་སྐྱོབ་དང་། རྩྭ་སའི་སྐྱེ་དངོས་ཀྱི་སྣ་མང་རང་བཞིན་སྲུང་སྐྱོབ་བྱེད་པ་ལའང་ཕན་ཐོགས་ལྡན། རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱིས་རང་རྟོགས་ཀྱིས་རང་བྱུང་སྲུང་སྐྱོང་ས་ཁུལ་དོ་དམ་གྱི་འབྲེལ་ཡོད་གཏན་འབེབ་བརྩི་སྲུང་བྱས་ཏེ། རྩྭ་སའི་རང་བྱུང་སྲུང་སྐྱོང་ས་ཁུལ་ནང་ནས་ཤིང་ནགས་གཅོད་པ་དང་། ཕྱུགས་འཚོ་བ། རི་དྭགས་རྔོན་པ། ཉ་འཛིན་པ། སྨན་འཐུ་བ། ས་རྒོད་སློག་པ། རྩྭ་སྦར་བ། གཏེར་འདོན་པ། རྡོ་སློག་པ། བྱེ་མ་བརྐོ་བ། བྱ་འགུལ་སྤེལ་བ་བཅས་གཏན་ནས་བྱེད་མི་ཆོག།

རྒྱལ་ཁབ་ཀྱིས་རྩྭ་ས་སློག་པར་བཀག་འགོག་བྱེད་དགོས་དོན་ཅི་ཡིན།

རྩྭ་ས་སློག་པ་ནི་མི་ཡིས་རྩྭ་ས་གཏོར་བརླག་བྱེད་པའི་རྣམ་པ་ཆེས་གཙོ་བོ་ཞིག་ཡིན། རགས་རྩིས་བྱས་པ་ལྟར་ན། དུས་རབས20ལོ་རབས50ཚུན་དུ། རྒྱལ་ཡོངས་ནས་བསྡོམས་པས་རྩྭ་སའི་ས་རྒོད་ཧ་ལམ་ཀུང་ཆིན་བྱེ་བ་གཉིས་བསློགས་ཡོད། ཐན་པ་ཅུང་མང་བས་ཞིང་ལས་ལོ་ཏོག་འདེབས་འཛུགས་བྱེད་པར་མི་འཕྲོད་པ་དང་། རྩྭ་ས་བསློགས་རྗེས་མང་ཆེ་བ་ཐང་རྒོད་དུ་ལུས་ཏེ། ས་ཞིང་བྱེ་མར་འགྱུར་བ་དང་མཉམ་དུ་དུས་ཚོད་ཐུང་ངུའི་ནང་སླར་གསོ་བྱེད་མི་ཐུབ་པ་རེད།“ལོ་གཅིག་ལོ་གཉིས་རིང་ལ་འབྲུ་རྡོག་རེ་གཉིས་སྡུད། ལོ་གསུམ་ལོ་བཞིའི་རྗེས་ལ་བྱེ་བའི་ཐང་དུ་འགྱུར”ཞེས་པ་འདི་ནི་མི་རྣམས་ཀྱིས་རྩྭ་ས་བསློགས་པ་དེས་སྐྱེ་ཁམས་གཏོར་བརླག་བཟོས་པའི་སྣང་ཚུལ་ལ་དཔེར་བཞག་པ་རེད། རྩྭ་ས་བསློགས་པ་དེས་ཐད་ཀར་རྩྭ་སའི་རྒྱ་ཁྱོན་རིམ་བཞིན་ཇེ་ཆུང་དུ་གཏོང་བ་མ་ཟད། ད་རུང་རྩྭ་ཕྱུགས་གཉིས་ཀྱི་འགལ་བ་ཇེ་ཐེར་བཏང་ཐོག རྩྭ་ས་གཞན་པར་ཤོང་ཚད་ལས་བརྒལ་ཏེ་ཕྱུགས་འཚོ་བ་དང་ཞན་འགྱུར་བཅས་ཀྱི་སྣང་ཚུལ་བཟོས་ཕྱིར། སྐྱེ་ཁམས་ཁོར་ཡུག་དང་རྩྭ་སའི་ཕྱུགས་ལས་འཕེལ་རྒྱས་དང་དེ་མིན་རོང་འབྲོག་པའི་ཡོང་སྒོ་འཕར་སྣོན་བཅས་ཚང་མར་ཕན་མེད་ཀྱི་ཤུགས་རྐྱེན་ཧ་ཅང་ཆེན་པོ་ཐེབས་ཡོད། དེར་བརྟེན།«རྩྭ་སའི་བཅའ་ཁྲིམས»ནང་དུ་རྩྭ་ས་སློག་མི་ཆོག་པ་གཏན་འབེབ་གསལ་བོ་བྱས་ཡོད་པ་དེས། རྩྭ་ས་སློག་པའི་བྱ་སྤྱོད་ཐད་ཁུར་དགོས་པའི་བཅའ་ཁྲིམས་འགན་འཁྲིའང་གཏན་འབེབ་ནན་མོ་བྱས་ཡོད།

ཁྲིམས་དང་འགལ་ནས་རྩྭ་ས་བསློགས་ཚེ་བཅའ་ཁྲིམས་ཀྱི་འགན་འཁྲི་གང་དག་ཁུར་དགོས།

«རྩྭ་སའི་བཅའ་ཁྲིམས»ནང་གི་གཏན་འབེབ་ལྟར་ན། ཁྲིམས་འགལ་གྱིས་རྩྭ་ས་བསློགས་ཏེ། ཉེས་བསགས་སུ་གྱུར་ཚེ། ཁྲིམས་ལྟར་ཉེས་དོན་གྱི་འགན་འཁྲི་རྩད་གཅོད་བྱེད་དགོས། ཉེས་དོན་གྱི་ཉེས་ཆད་མ་འདང་ཚེ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་རྩྭ་ས་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་འགན་དབང་གཞིར་བཟུང་སྟེ་ཁྲིམས་འགལ་གྱི་བྱ་སྤྱོད་མཚམས་འཇོག་པའི་ཁག་འགན་དཀྲིས་ཏེ། དུས་བཅད་ལྟར་སྔོ་ཁེབས་སླར་གསོ་བྱེད་པ་དང་། ཁྲིམས་དང་མི་མཐུན་པའི་རྒྱུ་ནོར་དང་ཁྲིམས་འགལ་གྱི་ཐོབ་ཆ་བཅས་གཞུང་བཞེས་བྱེད་པ་མ་ཟད། ཁྲིམས་འགལ་ཐོབ་ཆའི་ལྡབ་གཅིག་ཡན་ཆད་དང་ལྡབ་ལྔ་མན་ཆད་ཀྱི་དངུལ་ཆད་གཅོད་དགོས། ཁྲིམས་འགལ་གྱི་ཐོབ་ཆ་མེད་ཚེ། སྒོར་ཁྲི་ལྔ་མན་ཆད་ཀྱི་དངུལ་ཆད་གཅོད་དགོས། རྩྭ་ས་དབང་མཁན་དང་ཡང་ན་སྤྱོད་མཁན་གྱིས་གྱོང་རྒུད་བཟོས་ཚེ། ཁྲིམས་ལྟར་སྐྱིན་ཚབ་ཀྱི་འགན་འཁྲི་ཁུར་དགོས།

རྩྭ་ས་གང་དག་ལ་ཕྱུགས་འཚོ་མི་ཆོག་པ་དང་ཕྱུགས་འཚོ་མཚམས་འཇོག་པའི་ལམ་ལུགས་ལག་བསྟར་བྱེད་དགོས།

ཕྱུགས་འཚོ་མི་ཆོག་པ་ཟེར་བ་ནི་རྩྭ་སའི་སྟེང་ལོ་གཅིག་ཡན་ཆད་ཕྱུགས་འཚོ་མི་ཆོག་པ་དང་རྩྭ་ས་བེད་མི་སྤྱོད་པ་ལག་བསྟར་བྱེད་པར་བསྟན་པ་ཡིན། ཕྱུགས་འཚོ་མཚམས་འཇོག་པ་ཟེར་བ་ནི་ཕྱུགས་རྩྭ་རྒྱུན་ལྡན་ངང་སྐྱེ་བར་སྲུང་སྐྱོབ་བྱེད་ཆེད། དཔྱིད་དུས་ཕྱུགས་རྩྭ་སྔོ་ལོག་སྐབས་དང་སྟོན་དུས་འབྲས་བུ་སྨིན་སྐབས་རྩྭ་སར་དུས་ཚིགས་རང་བཞིན་གྱི་ཕྱུགས་འཚོ་མི་ཆོག་པར་བསྟན་པ་ཡིན། རྒྱལ་ཁབ་ཀྱིས་ཞན་འགྱུར་དང་བྱེ་འགྱུར། ཚྭ་དང་བུལ་ཏོག་ཅན་དུ་འགྱུར་བ། རྡོ་ཟེགས་དང་ཐང་ནག་ཏུ་འགྱུར་བ་ཚབས་ཆེ་བའི་རྩྭ་ས་དང་སྐྱེ་ཁམས་ཉམས་ཞན་དུ་གྱུར་བའི་རྩྭ་སར་ཕྱུགས་འཚོ་མི་ཆོག་པ་དང་ཕྱུགས་འཚོ་མཚམས་བཞག་པའི་ལམ་ལུགས་གཏན་འབེབ་བྱས་ཡོད།

རྨོ་བསྐྱུར་རྩྭ་འདེབས་ཀྱི་རྩྭ་སར་ཁྲིམས་ལྟར་ས་ཞིང་སྒྱུར་བཅོས་ཀྱི་འགྲོ་ལུགས་ལག་བསྟར་བྱེད་པ་དང་། རྩྭ་སའི་དབང་ཚད་དཔང་ཡིག་འགྲེམ་གཏོང་བྱེད་དགོས་དོན་ཅི་ཡིན།

རྨོ་བསྐྱུར་རྩྭ་འདེབས་ཀྱི་རྩྭ་ས་མང་ཆེ་བ་ནི་དུས་སྐབས་མི་འདྲ་བའི་དུས་སུ་རྩྭ་ས་བསློགས་པ་ལས་བྱུང་བ་ཡིན་ལ། འགའ་ཞིག་ནི་ཐོན་ཚད་འབྲིང་དམའི་ཞིང་ས་ཡིན། བསློགས་ཟིན་པའི་རྩྭ་སར་རྨོ་བསྐྱུར་རྩྭ་འདེབས་ལག་བསྟར་བྱེད་པའི་དམིགས་ཡུལ་ནི། ས་ཆུ་ཤོར་བར་སྔོན་འགོག་དང་སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་བྱེད་པའི་ཆབས་ཅིག་ཏུ། རྩྭ་སའི་ཕྱུགས་ལས་ཐོན་སྐྱེད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཆེད་དུ་ཡིན། དེར་བརྟེན།«རྩྭ་སའི་བཅའ་ཁྲིམས»ནང་གི་གཏན་འབེབ་ལྟར་ན། རྨོ་བསྐྱུར་རྩྭ་འདེབས་ཀྱི་ལས་འགན་འགྲུབ་རྗེས། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་རྩྭ་ས་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་ཞིབ་བཤེར་ཐོ་འགོད་བྱས་ཏེ། ཁྲིམས་ལྟར་ས་ཞིང་སྤྱོད་སྒོ་སྒྱུར་བཅོས་ཀྱི་འགྲོ་ལུགས་ལག་བསྟར་བྱེད་པ་དང་། རྩྭ་སའི་དབང་ཚད་མཐའ་གཅིག་ཏུ་ངོས་འཛིན་པ། རྩྭ་སའི་དབང་ཚད་དཔང་ཡིག་འགྲེམ་གཏོང་བཅས་བྱེད་དགོས།

གོང་མ།:བྱ་བའི་དུས་ཚོད་རིང་དུ་གཏོང་བར་ངལ་རྩོལ་བཅའ་ཁྲིམས་ཀྱིས་ཇི་ལྟར་ཐག་བཅད་ཡོད་པ།

ཞོལ་མ།:ནུས་མེད་གཉེན་སྒྲིག་ཁྲོད་ཀྱི་རྒྱུ་ནོར་ཇི་ལྟར་ཐག་གཅོད་བྱ་དགོས།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235