མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
སྲིད་ཇུས་ཁྲིམས་སྲོལ།
 

གྲོགས་པོར་མི་གཞན་གྱིས་གཅར་རྡུང་བྱེད་པའི་སྐབས་སུ་རོགས་རམ་བྱས་ན་ལྷན་དུ་ཉེས་བསགས་གྲུབ་ཡོད་དམ།

ཡོང་ཁུངས།:ཁུལ་མི་རིགས་སྐད་ཡིག་གཞུང་སྒྲུབ  སྤེལ་དུས།:2011-12-01  རྩོམ་པ་པོ།:  རྩོམ་སྒྲིག་པ།:    ཀློགས་གྲངས།:

དཔེ་མཚོན།

འབྲུག་བྱམས་ཀྱིས་རླངས་འཁོར་བསྐོར་ཏེ་གྲོགས་པོ་ཀླུ་རྒྱལ་ཚེ་རིང་དང་གཡང་འབུམ་གཉིས་ཡུལ་སྐྱེལ་བའི་ལམ་བར་དུ་ཁ་པར་ཞིག་ལ་ཉན་རྗེས་མགྲོན་ཁང་ཞིག་གི་ནང་དུ་བུད་སོང་།ཅང་མ་འགོར་བར།ཀླུ་རྒྱལ་ཚེ་རིང་དང་གཡང་འབུམ་གཉིས་ཀྱིས་འབྲུག་བྱམས་དང་ཏིང་འཛིན་ཐར་གཉིས་ཏིང་འཛིན་ཐར་གྱིས་ཕྱེ་བའི་མགྲོན་ཁང་གི་ཕྱི་རོལ་དུ་རྡུང་རེས་རྒྱག་བཞིན་པ་མཐོང་ཞིང་།ཏིང་འཛིན་ཐར་གྱི་གླས་པའི་མི་འགའ་ཡིས་ཀྱང་ཏིང་འཛིན་ཐར་ལ་རོགས་བྱེད་བཞིན་ཡོད།གཡང་འབུམ་གྱིས་གནས་ཚུལ་དེ་མཐོང་རྗེས་ཏིང་འཛིན་ཐར་གྱི་གླས་མི་དེ་དག་ལ་རྒྱག་རེས་བྱས་པ་དང་།ཀླུ་རྒྱལ་ཚེ་རིང་གིས་ཀྱང་ཏིང་འཛིན་ཐར་གྱིས་འབྲུག་བྱམས་མར་མནན་ཏེ་འབྲུག་བྱམས་ལ་གྱོང་རེག་བཞིན་པ་མཐོང་བས།ལག་ཞོར་དུ་བླངས་པའི་ཕུ་མདའ་ཡིས་ཏིང་འཛིན་ཐར་ལ་བརྒྱབ་རྗེས།ཁོ་ཚོ་གསུམ་པོ་མྱུར་དུ་གནས་དེ་དང་ཁ་བྲལ།རྗེས་སུ་ཏིང་འཛིན་ཐར་གྱི་མིག་གཡས་པའི་མིག་འབྲས་ལེན་དགོས་བྱུང་བ་དང་།གསལ་འབྱེད་བྱས་པ་ལྟར་ན་རྨས་ལྗིད་མོ་ཕོག་པའི་ཁོངས་སུ་གཏོགས་ལ།དོན་དངོས་སུ་ཏིང་འཛིན་ཐར་གྱི་མིག་གཡས་པར་སུ་ཞིག་གིས་བརྒྱབ་པ་མི་ཤེས་པ་རེད།

བསམ་འཆར་མི་མཐུན་པ།

བསམ་འཆར་དང་པོ་ལྟར་ན།འབྲུག་བྱམས་དང་ཀླུ་རྒྱལ་ཚེ་རིང་གཉིས་ལ་ལྷན་དུ་ཉེས་བསགས་གྲུབ་ཡོད་པས།ཁོ་གཉིས་ཀྱིས་མཉམ་དུ་ཏིང་འཛིན་ཐར་གྱི་རྨས་ཕོག་མཇུག་འབྲས་ལ་འགན་འཁུར་དགོས་པར་འདོད་ཀྱིན་ཡོད།རྒྱུ་མཚན་ནི་གཡང་འབུམ་དང་ཏིང་འཛིན་ཐར་གཉིས་ལག་འཛིང་བྱུང་མ་མྱོང་བ་ད་ལྟ་བདེན་དཔང་བྱེད་ཐུབ་པས།གཡང་འབུམ་ལ་འགན་འཁྲི་གང་ཡང་མེད་ལ།ཏིང་འཛིན་ཐར་གྱི་མིག་གཡས་པའི་རྨས་སྐྱོན་དེ་འབྲུག་བྱམས་དང་ཀླུ་རྒྱལ་ཚེ་རིང་གཉིས་ཀྱི་སུ་ཞིག་གིས་བཟོས་པ་མི་ཤེས་པའི་གནས་ཚུལ་འོག།ཁོ་གཉིས་ཀ་ཏིང་འཛིན་ཐར་ལ་ལག་འཛིང་བྱས་མྱོང་བའི་དབང་གིས་གཉིས་ཀས་མཉམ་དུ་ཏིང་འཛིན་ཐར་གྱི་རྨས་སྐྱོན་ལ་འགན་འཁུར་དགོས་པ་རེད།

བསམ་འཆར་གཉིས་པ་ལྟར་ན།ཏིང་འཛིན་ཐར་གྱི་རྨས་སྐྱོན་སུ་ཞིག་གི་བཟོས་པ་གསལ་བོ་མི་ཤེས་པའི་གནས་ཚུལ་འོག།འབྲུག་བྱམས་དང་ཀླུ་རྒྱལ་ཚེ་རིང་གཉིས་ལ་ལྷན་དུ་ཉེས་བསགས་གྲུབ་ཡོད་པར་ངོས་འཛིན་བྱེད་མི་རུང་བར་འདོད་ཀྱིན་ཡོད།རྒྱུ་མཚན་ནི་གྱོད་གཞི་འདིའི་ཁྲོད།འབྲུག་བྱམས་དང་ཀླུ་རྒྱལ་ཚེ་རིང་གཉིས་ཀྱིས་ངན་ཇུས་སྔོན་བཀོད་བྱས་མེད་པ་དང་།ཏིང་འཛིན་ཐར་ལ་རྨས་སྐྱོན་བཟོ་བའི་གོ་རིམ་ཁྲོད་དུའང་འབྲུག་བྱམས་ཀྱིས་ཀླུ་རྒྱལ་ཚེ་རིང་ལ་རོགས་རམ་བྱེད་རྒྱུའི་རེ་བ་བཏོན་མེད་པས།མཉམ་དུ་ཁ་གཏད་རྒྱུའི་བསམ་ཚུལ་མེད་པ་དང་།ཀླུ་རྒྱལ་ཚེ་རིང་གིས་འབྲུག་བྱམས་ཀྱིས་གྱོང་རེག་བཞིན་པ་མཐོང་རྗེས་རང་འགུལ་གྱིས་ཕུ་མདའ་བཟུང་ནས་ཏིང་འཛིན་ཐར་ལ་བརྒྱབ་པ་ཡིན་པས།ལྷན་དུ་བསམ་བཞིན་དུ་བཟོས་པའི་བྱ་སྤྱོད་མེད་པ་དང་མཉམ་དུ་ཉེས་པ་བསགས་པའི་རང་ངོས་ཀྱི་ཆ་རྐྱེན་གལ་ཆེན་དེ་མི་ཚང་བ་རེད།ལྷན་དུ་ཉེས་པ་བསགས་པའི་ཆ་རྐྱེན་མི་ཚང་བའི་གནས་ཚུལ་འོགའབྲུག་བྱམས་དང་ཀླུ་རྒྱལ་ཚེ་རིང་གཉིས་ཀྱི་བྱ་སྤྱོད་སོ་སོར་བཀར་ཏེ་ངོས་འཛིན་བྱེད་དགོས་ལ།སུཞིག་གིས་ཏིང་འཛིན་ཐར་གྱི་མིག་གཡས་པར་རྨས་སྐྱོན་བཟོས་པ་གཏིང་ཐག་གཅོད་མི་ཐུབ་པའི་གནས་ཚུལ་འོགསུ་ཞིག་གིས་ཏིང་འཛིན་ཐར་གྱི་མིག་གཡས་པར་རྨས་སྐྱོན་བཟོས་ན་དེས་འགན་འཁུར་དགོས་པ་རེད།གྱོད་གཞི་འདིའི་ད་ལྟའི་བདེན་དཔང་ལས་སུ་ཞིག་གིས་ཏིང་འཛིན་ཐར་ལ་རྨས་སྐྱོན་བཟོས་པ་གཏིང་ཐག་གཅོད་མི་ཐུབ་པའི་གནས་ཚུལ་འོགད་ཡོད་ཀྱི་བདེན་དཔང་ལ་བརྩི་འཇོག་བྱེད་དགོས་པ་ལས་གཞན་ངོས་ནས་དེ་ལ་ཉེས་ཁག་འགེལ་མི་རུང་།

བསམ་འཆར་གསུམ་པ་ལྟར་ན།འབྲུག་བྱམས་སོགས་མི་གསུམ་ཀར་ལྷན་དུ་ཉེས་བསགས་གྲུབ་ཡོད་པར་འདོད་ཀྱིན་ཡོད་པ་བཅས་རེད།

དབྱེ་ཞིབ།

ང་རང་བསམ་འཆར་གསུམ་པར་འཐད་པ་ཡིན་པས།འབྲུག་བྱམས་སོགས་མི་གསུམ་པོས་མཉམ་དུ་ཉེས་དོན་འགན་འཁྲི་འཁུར་དགོས་པར་འདོད་ཀྱིན་ཡོད།

འབྲུག་བྱམས་སོགས་མི་གསུམ་པར་འཐད་པ་ཡིན་པས།འབྲུག་བྱམས་སོགས་མི་གསུམ་པོས་མཉམ་་དུ་ཉེས་དོན་འགན་འཁྲི་འཁུར་དགོས་པར་འདོད་ཀྱིན་ཡོད་པ་བཅས་རེད།

འབྲུག་བྱམས་སོགས་མི་གསུམ་པོ་ལྷན་དུ་བསམ་བཞིན་དུ་ཉེས་པ་བསགས་པའི་ཁོངས་སུ་གཏོགས་པ་སྟེ།རང་རྒྱལ《ཉེས་ཁྲིམས》ཀྱི་ཆོད་དོན་ལྟར་ན།ལྷན་དུ་ཉེས་བསགས་ཞེས་པ་དེ་ནི་མི་གཉིས་ཡན་གྱིས་ལྷན་དུ་བསམ་བཞིན་དུ་ཉེས་པ་བསགས་པར་གོ་མོད།འོན་ཀྱང་ཐུན་མོང་ཉེས་བསགས་ཁྲོད་ཀྱི་བསམ་བཞིན་དུ་ཞེས་པ་དེའི་དུས་ཚོད་ནི་ཉེས་བསགས་ལག་བསྟར་མ་བྱས་པའི་སྔོན་ཁོ་ན་མ་ཡིན་པར་ཉེས་བསགས་ལག་བསྟར་བྱེད་པའི་གོ་རིམ་ཁྲོད་དུ་གྲུབ་ཆོག གལ་ཏེ་བྱ་སྤྱོད་སྔོན་མ་དེས་བྱ་སྤྱོད་ཁ་ཤས་ཤིག་ལག་བསྟར་བྱས་རྗེས།བྱ་སྤྱོད་རྗེས་མའི་མི་དེས་མཉམ་དུ་ཉེས་པ་བསགས་པའི་བསམ་ཚུལ་གྱིས་དེའི་ནང་དུ་ཞུགས་པའམ་ཡང་ན་རོགས་རམ་བྱས་ན།དེ་ལ་ཚབ་བྱེད་ཀྱི་ལྷན་དུ་ཉེས་བསགས་ཟེར་བ་དང་།བྱ་སྤྱོད་མི་རྗེས་མ་དེའི་བྱ་སྤྱོད་དང་བྱ་སྤྱོད་མི་སྔོན་མའི་བྱ་སྤྱོད་གཉིས་ཀྱིས་ལྷན་དུ་ཉེས་བསགས་གྲུབ་ཡོད་པ་རེད།གྱོད་གཞིའི་འདིའི་ཁྲོད་ཀྱི་འབྲུག་བྱམས་དང་བཅས་པའི་མི་གསུམ་པོས་ངན་ཇུས་སྔོན་བཀོད་མ་བྱས་ལ།འབྲུག་བྱམས་དང་ཏིང་འཛིན་ཐར་སོགས་རྡུང་རེས་རྒྱག་བཞིན་པའི་སྐབས་སུ་གཡང་འབུམ་དང་ཀླུ་རྒྱལ་ཚེ་རིང་གཉིས་ལ་རོགས་བྱེད་དགོས་པའི་རེ་བའང་མ་བཏོན་མོད།ཡིན་ན་ཡང་ཀླུ་རྒྱལ་ཚེ་རིང་དང་གཡང་འབུམ་གཉིས་ཀྱི་བྱ་སྤྱོད་དེ་ནི་ལྷན་དུ་ཉེས་བསགས་ཀྱི་བསམ་ཚུལ་ལྡན་པའི་སྒོ་ནས་དེའི་ནང་དུ་ཞུགས་པའི་ཁོངས་གཏོགས་པས།ངན་ཇུས་སྔོན་བཀོད་མ་བྱས་པའི་ལྷན་དུ་ཉེས་བསགས་ཀྱི་ཁོངས་སུ་གཏོགས།

གྱོད་གཞི་འདིའི་ཁྲོད་དུ་འབྲུག་བྱམས་སྔོན་ལ་རྡུང་རེས་ལ་ཞུགས་པ་དང་།ཀླུ་རྒྱལ་ཚེ་རིང་དང་གཡང་འབུམ་གཉིས་རྗེས་སུ་ཞུགས་པ་ཡིན་ལ།འབྲུག་བྱམས་ཀྱིས་ཀླུ་རྒྱལ་ཚེ་རིང་དང་གཡང་འབུམ་གཉིས་དེ་ལ་ཞུགས་པར་བཀག་འགོག་མ་བྱས་པ་རེད།དེའི་རྐྱེན་གྱིས་ཀླུ་རྒྱལ་ཚེ་རིང་དང་གཡང་འབུམ་གཉིས་དེར་ཞུགས་པའི་དུས་དེ་ནས་བཟུང་ཁོ་གསུམ་གྱི་བྱ་སྤྱོད་དེར་ལྷན་དུ་རང་བཞིན་ལྡན།གྱོད་གཞི་འདིའི་གནས་ཚུལ་ལྟར་ན།ཏིང་འཛིན་ཐར་གྱི་རྨས་སྐྱོན་དེ་ཀླུ་རྒྱལ་ཚེ་རིང་དང་གཡང་འབུམ་གཉིས་མ་ཞུགས་པའི་སྔོན་ལ་བཟོས་པའམ་ཡང་ན་ཞུགས་པའི་རྗེས་སུ་བཟོས་པ་མི་ཤེས་པས།དེར་ལྷན་དུ་ཉེས་བསགས་པའི་གོ་རིམ་ཁྲོད་ཀྱི་འགན་འཁྲི་མཉམ་བསྲེས་ཀྱི་གནད་དོན་ལྡན་པ་དང་།འགན་འཁྲི་མཉམ་བསྲེས་ཀྱི་གནད་དོན་དེ་ལྟ་བུ་ལ་རང་རྒྱལ་གྱི《ཉེས་ཁྲིམས》ནང་དུ་ཁོ་གསུམ་ཀས་མཉམ་དུ་འགན་འཁུར་དགོས་པར་བཤད་ཡོད།

2009ལོའི་ཟླ5བའི་ཚེས8ཉིན་གྱི་མཚོ་སྔོན་བོད་ཡིག་གསར་འགྱུར་ཚགས་པར་ལས་བཤུས།

གོང་མ།:སློབ་མར་སློབ་གྲྭའི་ནང་དུ་མི་གཞན་གྱིས་གཅར་རྡུང་བྱས་ན་སློབ་གྲྭའི་འགན་འཁུར་དགོས་སམ།

ཞོལ་མ།:གཉེན་འཐོར་སྐབས་འདི་ལྟ་བུའི་ཁང་བ་ཇི་ལྟར་བགོ་དགོས།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235