མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
ཤེས་བྱའི་ཟེགས་མ།
 

གླུ་ཁ་མཚར་ཕར་ལེན་ཚུར་ལེན་བྱེད་པ།

ཡོང་ཁུངས།:  སྤེལ་དུས།:2018-10-23  རྩོམ་པ་པོ།:  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློགས་གྲངས།:

གླུ།

    བོད་རིགས་ནི་མདོ་དབུས་མཐོ་སྒང་དུ་སྔ་མོ་ནས་འཚོ་སྡོད་བྱེད་ཅིང་ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པ།  ཞི་ཞིང་དུལ་ལ།  ཤེས་རབ་ཆེ་ཞིང་བློ་གྲོས་ལྡན་པས་འཇིག་རྟེན་ཁམས་ལ་འཐབ་རྩོད་བྱས་ཏེ་འོད་སྟོང་འབར་བའི་རིག་གནས་སྒྱུ་རྩལ་མང་བོ་བསུབ་ཐབས་མེད་པའི་རྡོ་བརྐོས་རི་མོ་བཞིན་མངོན་པར་དོད། རང་རེའི་གླུ་དང་མགུར་ནི་གདོད་མའི་དུས་སྐབས་སུ་དར་བ་མཁས་པ་དག་གིས་རྩོད་མེད་ཀྱི་མགྲིན་པ་གཅིག་ཏུ་བརྗོད་ནའང་ལོ་ཚིགས་ལ་ཚད་འཇོག་མེད་པར་པུ་དེ་གུང་རྒྱལ་རིང་ལ་དར་བར་ངོས་འཛིན་བྱེད་བཞིན་ཡོད། 《ལ་དྭགས་རྒྱལ་རབས》སོགས་སུ་སྤུ་རྒྱལ་བཙན་པོའི་གདུང་རབས་བཅུ་གཅིག་པ་དེ་ཤོ་ལེགས་ཀྱི་རིང་ལ་གླུ་དང་བྲོ་དར་བར་བཤད་ཡོད་མོད། བཙན་པོ་དགུ་བ་སྤུ་དེ་གུང་རྒྱལ་གྱིས་བླངས་པའི་མགུར་ནི།  
            འ་བ་ཉི་ཉེ་བ་ཉིད། །
            བྱ་རོ་རོ་ན་མདུང་གི་རྩེ་ནིག །  
            ཡོས་རོ་རོ་ལྷམ་གྱི་གོང་ར་ནིག །
            བརླའ་བརྡུངས། །
            སྤུར་བཏབ། །
            འྭོ་དེ་མྱེད་སྤུ་དེ་མྱེད། །ཅེས་པ་ནི་ལོ་ངམ་འཁོར་བཅས་ཚར་བཅད་དེ་རང་གི་ཕ་བསད་པའི་ཤ་འཁོན་གླན་རྗེས་སྙིང་ནད་སངས་པའི་མགུར་ནི་གླུའི་ཐོག་མ་ཡིན་པ་ཤེས་ཐུབ།
    གླུ་དང་མགུར་ནི་སྤྱིར་བཏང་དུ་གཅིག་ལ་ངོས་འཛིན་གྱིན་ཡོད།  གང་ལྟར་ཀྱང་མིའི་རིགས་འཕེལ་བའི་ལོ་རྒྱུས་ནང་ནར་སོན་པ་ནི་ཁ་ཚ་དགོས་གཏུག་གི་དོན་དག་དངོས་མ་ཞིག་ཡིན།  ངལ་རྩོལ་གྱི་འགྲོས་རིམ་ལས་གར་བྱུང་ལ།  ངག་གི་འགྲོས་རིམ་ལས་གླུ་བྱུང་བ་རེད། མིའི་ཆེས་ཐོག་མའི་སྐད་ཆའི་སྐད་གསེང་མཐོ་བའི་ཀི་ངག་གི་བཞད་སྒྲ་དེ་ཉིད་མིའི་རིགས་ཀྱི་ཆེས་ཐོག་མའི་སྒྲ་དབྱངས་ལ་ངོས་འཛིན་གྱིན་ཡོད།《མའོ་ཧྲི་གླེང་གཞི》ལསསྙན་ངག་བློ་ཡི་ཁྱབ་ཕྱོགས་ཏེ། །སེམས་ལ་ངེས་པ་ཀུན་སློང་ཡིན། །ཀུན་སློང་གཡོས་ནས་ངག་ཕྱུང་བ། །དེ་ནི་སྙན་ངག་དག་ཏུ་འདོད། །ངག་གིས་བརྡ་བཞིན་མ་འཕྲོད་པས། །རང་དབང་མེད་པར་སྨྲེ་ངག་ཐོན། །དེས་ཀྱང་ཇི་བཞིན་མ་འཕྲོད་པས། །དབང་མེད་གླུ་དབྱངས་ཐོན་གྱུར། །དེས་ཀྱང་ཇི་བཞིན་མི་ནུས་པས། །རྐང་ལག་གཉིས་ཀྱི་སྟངས་སྟབས།  བྲོ་གར་དེ་དག་འབྱུང་བར་གྱུར། །ཅེས་དང་། དབྱིན་ཇིའི་མཁས་དབང་ཆའོ་ཀྲི་ཐང་མུའུ་སིན་གྱིས་གདོད་མའི་དུས་རབས་སུ་མི་རྣམས་ཀྱི་ཐུན་མོང་གི་ངལ་རྩོལ་ཁྲོད་དུ་བྱུང་བའི་འགྲོས་སྟབས་དང་ལྡན་པའི་བྱ་བ་དེར་གྲུབ་ཆ་གཉིས་ཡོད་དེ། ལུས་པོའི་གྲུབ་ཆ་དང་ངག་གི་གྲུབ་ཆ་གཉིས་ཡིན་ཞིང་། སྔ་མ་འཕེལ་རྒྱས་བྱུང་བ་ལས་བྲོ་གར་དང་ཕྱི་མ་འཕེལ་རྒྱས་བྱུང་བ་ལས་སྐད་ཆ་དང་གླུ་སྙན་ངག་བྱུང་བ་རེད།ཅེས་པ་ལྟར་སྒྱུ་རྩལ་ནི་ངལ་རྩོལ་གྱི་བརྒྱུད་རིམ་ནང་འཕེལ་རྒྱས་དང་ནར་སོན་པ་ཡིན་པས་སྤྱི་ཚོགས་འཕེལ་བའི་ལོ་རྒྱུས་ངལ་རྩོལ་དང་འབྲལ་ཐབས་མེད་པ་གསལ་བོར་ཤེས།
    སྤྱི་ཚོགས་འཕེལ་རིམ་གྱི་འཚོ་བ་ངེས་ཅན་ཞིག་གི་ནང་གླུ་དང་ལ་གཞས་སོགས་ཚུར་སྣང་བྱུང་བས་རྩོམ་རིག་རྣམ་པ་གྲུབ།  བོད་རིགས་མང་ཚོགས་ཀྱི་འཚོ་བ་དངོས་ཀྱི་ནང་གསོག་ཉར་བྱེད་པའི་ཐོན་དངོས་རིན་ཐང་བྲལ་བ་དང་འོད་སྟོང་འབར་བའི་གླུ་ནི་སྲིད་པ་ཆགས་གླུ། སྲིད་པའི་བ་ཆུང་བཤའ་བའི་གླུ། བྱིས་པའི་གཉིད་གླུ། གཞས་གླུ།  སྒོར་གླུ། ཆོས་གླུ། མགུར་གླུ། རི་གླུ། རྨོ་འདེབས་པའི་གླུ།  གྱང་གླུ། ཞིང་འབྲེག་པའི་གླུ། ཡུར་མ་ཡུར་བའི་གླུ། གཡུལ་གཅོག་གི་གླུ། ས་འཚིག་བསྲེག་པའི་གླུ། སྤོ་ཐོ་རྡུང་བའི་གླུ། གདུང་མ་འགྱོགས་པའི་གླུ། ཕྱུགས་འཚོ་བའི་གླུ། བལ་འབྲེག་པའི་གླུ། ཐགས་འཐག་པའི་གླུ། ཕྱིང་འཇོག་པའི་གླུ། ཕང་འཁེལ་བའི་གླུ། ནོར་འགུག་པའི་གླུ། འོ་མ་བཞོ་བའི་གླུ། འོ་མ་དཀྲོག་པའི་གླུ། རྟ་རྒྱུག་པའི་གླུ། རྟ་འདེད་པའི་གླུ། མདའ་གླུ། གཡང་གླུ་སོགས་ནི་རྣམ་པ་རྒྱ་ཆེ་ཞིང་རོ་ཉམས་ཕུན་སུམ་ཚོགས་པ། བརྗོད་བྱ་གཏིང་ཟབ་ཅིང་རྗོད་བྱེད་རྣ་བར་འཇེབས་ལ་ཡིད་དུ་འོང་བའི་རིག་གནས་སྒྱུ་རྩལ་བང་མཛོད་ནང་གི་རིན་ཆེན་ནོར་བུ་ཞིག་ཡིན།  
    འཛམ་གླིང་ལོ་རྒྱུས་ཐོག་ཏུའང་མི་རིགས་ཁྱད་ཆོས་འབུར་དུ་དོད་པའི་དངོས་པོ་མ་ཡིན་པའི་ཤུལ་བཞག་རིག་གནས་ཕུན་སུམ་ཚོགས་པའམ་མཛད་མཐའ་མེད་པ་བསྐྲུན་ཡོད། བོད་རིགས་ནི་གླུ་གར་གྱི་རྒྱ་མཚོ་ཡིནཞེས་དང་ཁ་གྲག་ཤེས་པ་ཙམ་གྱིས་གླུ་ལེན་ཤེས། འགྲོ་ཤེས་པ་ཙམ་གྱིས་བྲོ་འཁྲབ་ཤེསཞེས་པ་ལྟར་གླུ་དང་གར་ནི་དུས་སྟོན་གང་འདྲ་ཞིག་སྟེང་མེད་དུ་མི་རུང་བའི་བྱེད་སྒོ་གལ་ཆེན་ཞིག་ཡིན།  གླུ་དང་གར་མེད་ན་ཟས་ལ་ཚྭ་མེད་པ་ཇི་བཞིན་རོ་བཅུད་མེད་པ་ཞིག་ཡིན། གླུ་གར་ནི་མང་ཚོགས་ཀྱི་ཉམས་སུ་མྱོང་བའི་སྒྱུ་རྩལ་གསོན་ཉམས་ཕུན་སུམ་ཚོགས་པ་ཞིག་ཡིན་ཕྱིར་ཚེག་བར་བརྒྱད་མ་ཤས་ཆེ་ལ་སྤྱིར་བཏང་དུ་ཤོ་ལོ་ཀ་གསུམ་ཡོད་པ་དེར་གླུ་འགོ་རྩོམ་པ། བསྟོད་གླུ། ཁ་མཚར། སྨྲེང་གླུ། ཤགས་གླུ། འདྲི་གླུ། བར་བྱོལ་གླུ།  བཀྲ་ཤིས་གླུ་སོགས་ཕན་ཚུན་ལེན་རེས་བྱེད་པ་ཡིན།

གླུ་འགོ་རྩོམ་པ།

    ཆོས་ཀྱི་འགོ་མ་སྐྱབས་འགྲོ་ཡིན། སྐྱབས་འགྲོ་མ་བཏོན་འདོན་སྲོལ་མེད། ཟས་ཀྱི་འགོ་མ་མཆོད་ཁ་ཡིན། མཆོད་ཁ་མ་འཕང་ཟ་སྲོལ་མེད། གཏམ་གྱི་འགོ་མ་ཀུ་རེ་ཡིན། ཀུ་རེ་མ་རྩེ་བཤད་སྲོལ་མེད། གླུ་ཡི་འགོ་མ་ཁ་མཚར་ཡིན། ཁ་མཚར་མ་བླངས་ལེན་སྲོལ་མེད།ཞེས་པ་ལྟར་གླུ་འགོ་མ་ནི་རྟེན་འབྲེལ་བསུ་བའི་ཚུལ་དུ་དབྱངས་རྟ་སྙན་མོ་ངག་ལ་དྲངས་ནས་ངག་སྒོ་ཡངས་པོར་འབྱེད་དེ་ལེན་པ་ཡིན།  དཔེར་ན།  
ཕོས།
            ངའི་ལོ་ཆང་ཁམ་པའི་ཉིང་ཁུ་འདི། །
            སྟེང་གོང་མ་ལྷ་ཡི་བདུད་རྩི་ཡིན། །
            ཕ་ཨ་ཁུས་འཐུངས་ན་དབུ་འཕང་མཐོ། །
            ལྕེ་དར་མའི་རྒྱུད་ནས་གཏམ་སྒོ་འབྱེད། །
            ངའི་ཟླ་ཆང་བསིལ་མའི་ཉིང་ཁུ་འདི། །
            འཆི་མེད་ལྷ་ཡི་ཚེ་ཆང་ཡིན། །
            སྤུན་ན་ཟླས་འཐུངས་ན་དཔལ་རྩལ་རྒྱས། །
            གླུ་ཁ་མཚར་ངག་སྒོ་འདི་ཡིས་འབྱེད། །
            མོས། དགུང་སྔོན་པོ་འདྲ་བའི་གནས་ཁང་ཞིག །
            འབྲུག་ཕོ་སྐྱོང་འདྲ་བའི་མགྲོན་པོ་ཞིག །  
            ཆར་ཟིལ་མ་འདྲ་བའི་བསུ་མ་ཞིག །
            ཡང་ཡང་བསུ་བའི་སྨོན་ལམ་འདེབས། །
            རྫ་ཁྲ་ཡག་འདྲ་བའི་གནས་ཁང་ཞིག །
            འབྲོང་བྲེ་སེར་འདྲ་བའི་མགྲོན་པོ་ཞིག །
            རྩྭ་རྩི་ཏོག་འདྲ་བའི་བསུ་མ་ཞིག །
            ཡང་ཡང་བསུ་བའི་སྨོན་ལམ་འདེབས། །
            མཁར་གཡུང་དྲུང་འདྲ་བའི་གནས་ཁང་ཞིག །
            སྤུན་ན་ཟླ་འདྲ་བའི་མགྲོན་པོ་ཞིག །
            ཁ་ཇ་ཆང་འདྲ་བའི་བསུ་མ་ཞིག །
            ཡང་ཡང་བསུ་བའི་སྨོན་ལམ་འདེབས། །

གོང་མ།:སྨན་བསྟེན་སྐབས་ཀྱི་འཛེམ་བྱ་བཅུ།

ཞོལ་མ།:མིའི་རིགས་མཁའ་དབྱིངས་སུ་ཐེངས་དང་པོར་སྐྱོད་དུས་ཀྱི་ཉེན་ཁའི་སྣང་ཚུལ་འགའ།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235