མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
ཤེས་བྱའི་ཟེགས་མ།
 

ཆགས་སྲིད་འབྲེལ་ཚེ་རྩ་ཡི་གོ་དོན།

ཡོང་ཁུངས།:ཀྲུང་གོ་བོད་ཀྱི་དྲ་བ།  སྤེལ་དུས།:2018-09-11  རྩོམ་པ་པོ།:ཀྲུང་གོ་བོད་ཀྱི་དྲ་བ།  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློགས་གྲངས།:

微信图片_20180118162203.jpg

རྔོག་བུ་བདུད་མགོན་ཚེ་རིང་།

བོད་ཀྱི་གསོ་རིག་ལས་ཆགས་པའི་རྩ་ཞེས་པའི་གོ་དོན།

བོད་ཀྱི་གསོ་བ་རིག་པའི་རྩ་བ་དཔལ་ལྡན་རྒྱུད་བཞིའི་དགོངས་པ་ལྟར་ན་རྒྱུན་ལྡན་ནད་མེད་ཐ་མལ་གྱི་མིའི་ལུས་ཁམས་འདི་ཐོག་མ་མའི་མངལ་དུ་ཆགས་པ་ནས་འགོ་ཚུགས་ཏེ་རྩའི་གཟུགས་ཀྱང་དེ་མཉམ་ཆགས་ནས་རྩའི་བྱེད་ནུས་ལ་བརྟེན་ཏེ་མངལ་དུ་ཆགས་པའི་སེམས་ཅན་དེར་ཟས་བཅུད་དང་རླུང་ཁམས་སོགས་གང་དགོས་གང་མཁོ་འདོན་སྤྲོད་བྱས་པས།  བདུན་ཕྲག་སོ་བརྒྱད་ཀྱི་རིང་ལ་ནང་གི་སེམས་ཅན་དེའི་ཤ་རུས་རྩ་རྒྱུས་སོགས་རིམ་པར་གསོས་ཤིང་འཕེལ་བས་མིའི་ལུས་འདི་ཉིད་ཡོངས་སུ་རྫོགས་པར་གྲུབ་པ་ཡིན་པར་འདོད།

དེ་ཡང་མའི་མངལ་དུ་ཆགས་པའི་ཐོག་མ་དེར་ཆགས་ཤིང་འཕེལ་བའི་རྩ་ལྟེ་བའི་གཟུགས་དོད་པ་དང་སྦྲགས་རྩ་དེའང་ལྟེ་བའི་དབུས་ནས་རྩེ་མོ་མི་འདྲ་བ་གསུམ་དུ་གྱེས་པ་སྟེ། ཆུའམ་ཟླ་བའི་ཁམས་ཤས་ཆེར་རྒྱུ་བའི་རྩ་གཅིག་གྱེན་ལ་སོང་བས་གཞི་དེ་ལ་བརྟེན་ནས་ཀླད་པ་གཙོ་བོར་གྱུར་པའི་མགོ་བོའི་ཆ་ཤས་རྣམས་ཆགས་ཤིང་གྲུབ་པ་ཡིན། ཉོན་མོངས་གཏི་མུག་ཀྱང་ཀླད་ལ་དེ་ལ་བརྟེན་ནས་གནས་པ་དང་། དེ་ལས་ལུས་ཀྱི་གྲང་བའི་རང་བཞིན་བད་ཀན་སྐྱེད་པ་སྟོད་ན་གནས་པས་རྒྱུ་འབྲས་རྟེན་བཅས་སྟོད་ན་གནས་པས་རྨོངས་ཤིང་ལྕི་འཐིབ་སོགས་མགོ་བོ་ལས་འབྱུང་།  མེའམ་ཉི་མའི་ཁམས་རྒྱུ་བའི་རྩ་གཅིག་བར་དུ་ཟུག་ཅིང་དེ་ལ་བརྟེན་ནས་སྲོག་པ་རྩ་ཆགས་ཤིང་ཁྲག་མཁྲིས་ཚ་བའི་རྒྱུར་གྱུར་པའི་ཞེ་སྡང་ཡང་སྲོག་རྩའི་ཁྲག་ལ་བརྟེན་ནས་གནས་པ་སྟེ། རྒྱུ་དེ་ལས་མཁྲིས་པ་ཚ་བའི་རང་བཞིན་སྐྱེད་པས་བར་ན་གནས་པར་རྒྱུ་འབྲས་རྟེན་བཅས་བར་ན་གནས་པས་ཁོང་ཁྲོ་དྲག་པོ་སོགས་ལྡང་བའི་ཚེ་ཤས་ཆེར་ལུས་ཀྱི་བར་མཚམས་སྙིང་ཐད་ནས་འབྱུང་།  ཟུང་འཇུག་རླུང་གི་ཁམས་རྒྱུ་བའི་རྩ་གཅིག་ཐུར་དུ་ཟུག་པས་དེའི་རྩེ་མོར་བརྟེན་པའི་གསང་བ་ཆགས་ཤིང་། ཟུང་འཇུག་རླུང་གི་རྒྱུར་གྱུར་པའི་འདོད་ཆགས་ནི་ཕོ་མོའི་གསང་བར་གནས་པ་སྟེ། དེ་ལས་ཚ་གྲང་གཉིས་ཀྱི་རང་བཞིན་རླུང་སྐྱེད་ནས་སྨད་ན་གནས་པ་ཡིན་པས་རྒྱུ་འབྲས་རྟེན་བཅས་སྨད་ན་གནས་པས་འདོད་སྲེད་ཤས་ཆེར་སྨད་ནས་འབྱུང་།

ཡང་དང་པོ་ཆགས་པའི་རྩ་ཞེས་ཐོག་མར་བསྟན་དགོས་དོན་ཀྱང་བོད་ཀྱི་གསོ་བ་རིག་པའི་ཐུན་མིན་གྱི་ཁྱད་ཆོས་ལ་མིའི་ལུས་ཁམས་ཀྱི་གནས་ལུགས་འདི་བཤད་སྐབས་སྐྱེ་རྒ་ན་འཆིའི་གོ་རིམ་ལྟར་དང་པོ་མའི་མངལ་དུ་སེམས་ཅན་ཆགས་བྱེད་ཀྱི་རྩའི་རྩ་བ་ལྟེ་བ་དང་ལྷན་དུ་ཆགས་ནས་དེ་ལས་སྡོང་བོ་ལྟ་བུ་སྟོད་སྨད་བར་གསུམ་དུ་གྱེས་བའི་ཚུལ་དུ་ཆགས་པའི་རྩ་ཞེས་བཏགས་པ་ལས།  འོག་གི་སྲིད་རྩ་དང་འབྲེལ་རྩ། ཚེ་རྩ་བཅས་ལ་འབྲེལ་བ་མེད་པར་ཡན་གར་དུ་ཆགས་རྩ་རིགས་ཤིག་བསྟན་པ་མིན་པ་ཤེས་པར་བྱ།

བོད་ཀྱི་གསོ་རིག་ལས་སྲིད་པའི་རྩ་ཞེས་པའི་གོ་དོན།

རྒྱུན་ལྡན་ནད་མེད་ཐ་མལ་གྱི་དར་མའི་ལུས་ཁམས་འདིར་སྲིད་པའམ་གནས་ཤིང་དབང་བོ་སོགས་ཀྱི་་རྟེན་པ་གཙོ་ཆེ་བའི་རྩ་བཞི་ཡོད་པ་ཡིན།  དེ་ལས་དང་པོ་དབང་པོ་མིག་རྣ་བ་སྣ་ལྕེ་ལུས་བཅས་རང་རང་གི་ཡུལ་གཟུགས་སྒྲ་དྲི་རོ་རེག་བྱ་འཆར་ཞིང་ཚོར་བ་བྱེད་པའི་རྩ་རླུང་ལྔའི་རྟེན་གཙོ་བོར་གྱུར་པ་ཀླད་པར་རྩ་ཡི་རྒྱ་མཚོ་ཆེན་པོར་འཁྱིལ་བ་ཞེས་བྱ་བའི་རྩ་ལ་སྲིད་ཅིང་གནས་པ་དེ་ཉིད་ལས་འཁོར་རྩ་ཕྲན་དང་། དེ་ལས་ཡང་ཕྲན། དེ་ལས་དྲ་བ་ལྟར་གྱི་རྩ་ཕྲན་ལྔ་བརྒྱས་བསྐོར། གཉིས་པ་དྲན་པའི་དབང་པོའམ་ཡིད་ཀྱི་དབང་པོ་དང་། དབང་པོ་དེ་དག་ལ་བརྟེན་པའི་རྣམ་ཤེས་ཚོགས་དྲུག་གསལ་བར་བྱེད་པའི་རྩ་གཙོ་བོ་སྙིང་གར་ཡིད་བཟང་མ་ཞེས་བྱ་བའི་རྩ་དེ་ལ་སྲིད་ཅིང་གནས་པ་དེ་ཉིད་ལས་འཁོར་རྩ་ཕྲན་དང་དེ་ལས་ཡང་ཕྲན། དེ་ལས་དྲ་བ་ལྟར་གྱི་རྩ་ཕྲན་ལྔ་བརྒྱས་བསྐོར། གསུམ་པ་ལུས་ཀྱི་ཕུང་པོ་སྤྱི་དང་དེའི་རྩ་རྣམས་ཀྱི་སྡོང་པོ་གསུམ་ཐོག་མར་ཁོ་ནར་ཆགས་པར་བྱེད་པའི་རྩ་གཙོ་བོ་ཇི་སྲིད་སྐྱེད་པའི་བྱ་བ་ཡོངས་སུ་མ་རྫོགས་པའི་བར་དེ་སྲིད་དུ་ལྟེ་བ་ལ་སྲིད་ཅིང་གནས་པ་དེ་ཉིད་ལས་འཁོར་རྩ་ཕྲན་དང་། དེ་ལས་ཡང་ཕྲན། དེ་ལས་དྲ་བ་ལྟར་གྱི་རྩ་ཕྲན་ལྔ་བརྒྱས་བསྐོར། བཞི་བ་བུ་ཚ་རིགས་རྒྱུད་མི་ཆད་པར་བསྐྱེད་ཅིང་འཕེལ་བར་བྱེད་པའི་རྩ་གཙོ་བོ་འདོད་ཆགས་ཕོ་མོའི་མཚན་མའམ་གསང་བར་སྲིད་ཅིང་གནས་པ་དེ་ཉིད་ལས་རྩ་ཕྲན་དང་། དེ་ལས་ཡང་ཕྲན། དེ་ལས་དྲ་བ་ལྟར་གྱི་རྩ་ཕྲན་ལྔ་བརྒྱས་བསྐོར། དེ་ལྟར་སྲིད་ཅིང་རྟེན་པའི་རྩ་བོ་དེ་དག་ལུས་ཀྱི་སྟེང་དང་འོག་དང་ཐད་ཀར་སོགས་ཀུན་ལ་གྱེས་པས་ལུས་ཀྱི་ཕུང་པོ་འདི་རྩ་ཡི་དྲ་བས་རྗེས་སུ་འཛིན་ཅིང་མི་འཇིགས་པར་རིང་དུ་འཚོ་བར་བྱེད་པ་ཡིན།  དེ་ཡང་གོང་དུ་བཤད་པའི་ཆགས་པའི་རྩ་རིགས་དེ་དག་མིའི་ལུས་ཁམས་ཀྱི་སྐྱེད་རྫོགས་པ་དང་མཉམ་དུ་ལུས་ཟུངས་དབང་བོ་སོགས་དར་ལ་བབས་ཅིང་ནད་མེད་ཀྱི་དབང་དུ་བྱས་ན་རྩའི་ཆགས་ལུགས་འདི་ལྟར་སྲིད་པའི་དོན་གྱིས་ན་སྲིད་རྩ་ཞེས་སུ་བཤད་དོ།

བོད་ཀྱི་གསོ་རིག་ལས་འབྲེལ་བའི་རྩ་ཞེས་པའི་གོ་དོན།

ཆགས་ཤིང་སྲིད་པའི་རྩ་དེ་དག་ལུས་ཀྱི་ཕྱི་ནང་སྟོད་སྨད་ཀུན་ཏུ་འབྲེལ་བའི་ཚུལ་ཇི་ལྟར་ཡིན་སྙམ་ན་རླུང་ཤས་ཆེར་རྒྱུ་བ་སྲོག་རྩ་དཀར་པོ་དང་།ཁྲག་ཤས་ཆེར་རྒྱུ་བ་སྲོག་རྩ་ནག་པོ་བཅས་རྩ་ཡི་རིགས་ཆེན་པོ་གཉིས་སུ་བསྟན་ཡོད་པ་ཡིན།

དང་པོ་རྩ་ནག་གི་འབྲེལ་ཚུལ་དེ་ལ་ཡང་སྲོག་རྩ་ནག་པོ་ཞེས་བྱ་བ་ངོ་བོ་ཁྲག་འབའ་ཞིག་གིས་གང་བ་ཁ་དོག་ནག་པོ་སྦོམ་ཕྲ་མདའ་སྨྱུག་ཙམ་སྟེ་དེ་ལའང་སྙིང་དང་འབྲེལ་བ་རླུང་ཁྲག་གཉིས་འདོམས་ཀྱི་འཕར་རྩ་དང་། མཆིན་པ་དང་འབྲེལ་བ་མི་འཕར་བ་ཁྲག་རྩའི་སྡོང་པོ་དེ་གཉིས་ནི་ཚིགས་པ་བཅུ་གསུམ་པའི་ཐད་སྒལ་པའི་ནང་གཞུང་དུ་ཐང་ཤིང་བསླངས་པ་དང་འདྲ་བར་གཤིབས་ནས་གྱེས། དེ་ལས་ཡལ་གའི་ཚུལ་དུ་ཤ་ཁྲག་འཕེལ་ཞིང་རྒྱས་པར་བྱེད་པའི་རྩ་དོན་སྣོད་ནང་དུ་སྦས་པའི་རྩ་ཆེན་བརྒྱད་དང་། ཡན་ལག་ཕྱིར་འབྲེལ་ཞིང་མངོན་པའི་རྩ་བཅུ་དྲུག་བཅས་ཉི་ཤུ་རྩ་བཞི་པོ་དེ་རྣམས་མང་ཆེ་བ་རླུང་ཁྲག་གཉིས་འདོམས་ཀྱི་འཕར་རྩ་ལས་གྱེས་ཤིང་ཉུང་ཤས་ནི་ཁྲག་རྩ་ལས་གྱེས་པ་ཡིན། ཇི་ལྟར་གྱེས་པ་ཡིན་ནམ་ཞེ་ན་སྦས་པའི་རྩ་ཆེན་བརྒྱད་ནི་སྡོང་པོ་དེ་ལས་ཚིགས་པ་གསུམ་པའི་ཐད་ནས་སྙིང་དང་འབྲེལ་བའི་རྩ་གཅིག་གྱེས་པ་དང་། ཡང་གློ་བུ་གཡས་གཡོན་གཉིས་ལ་འབྲེལ་བའི་རྩ་གཉིས་གྱེས། ཚིགས་པ་དགུ་པའི་ཐད་ནས་མཆིན་པར་འབྲེལ་བའི་རྩ་གཅིག་གྱེས། ཚིགས་པ་བཅུ་གཅིག་པ་ནས་མཆེར་པར་འབྲེལ་བའི་རྩ་གཅིག་གྱེས། ཚིགས་པ་བཅུ་གསུམ་པ་ནས་བསམ་སེའུར་འབྲེལ་བའི་རྩ་གཅིག་གྱེས། ཚིགས་པ་བཅུ་བཞི་པ་ནས་མཁལ་མ་གཡས་གཡོན་དུ་འབྲེལ་བའི་རྩ་གཉིས་གྱེས་པ་བཅས་བརྒྱད་དང་། ཡན་ལག་ཕྱིར་འབྲེལ་མངོན་པའི་རྩ་བཅུ་དྲུག་ནི་སྐེ་ལ་སྙིང་ལས་གྱེས་པ་གཉིད་ལོག་གཉིས་དང་། རྩེ་ནག་གཉིས་བཅས་བཞི། མཆིན་པ་ལས་གྱེས་པ་རྩེ་འདྲ་གཉིས། ཡན་ལག་བཞི་ལ་སྙིང་ལས་གྱེས་པ་རླུང་ཁྲག་གཉིས་འདོམས་ཀྱི་འཕར་རྩའི་རྩ་ཕོ་ཆེ་རེ་རེ་དང་། མཆིན་པ་ལས་གྱེས་པ་ཁྲག་རྩའི་རྩ་བོ་ཆེ་རེ་རེ་སྟེ་བརྒྱད། མཚན་མ་ལ་སྙིང་ལས་གྱེས་པའི་རླུང་ཁྲག་གཉིས་འདོམས་ཀྱི་འཕར་རྩ་གཉིས་བཅས་བཅུ་དྲུག་སྟེ་དེ་ལྟར་དྲིལ་བས་ཤ་ཁྲག་འཕེལ་བྱེད་ཀྱི་རྩ་ཆེན་ཉི་ཤུ་རྩ་བཞི། དེ་ལས་གྱེས་པ་སྟེ་སྲོག་རྩ་ནག་པོ་ཁྱད་པར་དུ་ཁྲག་རྩ་ལས་ཕལ་ཆེ་བ་གྱེས་པའི་གཏར་རྩ་བདུན་ཅུ་དོན་བདུན་ནི་ལུས་ཀྱི་ཕྱི་ཤ་པགས་ངོས་སུ་གཙོ་ཆེར་འབྲེལ་ཞིང་ཁྲག་གཏར་དུ་རུང་བའི་རྩ་དམིགས་མགོ་ལ་ཉེར་གཅིག་དང་། ལག་པར་སུམ་ཅུ་རྩ་བཞི། རྐང་པར་བཅོ་བརྒྱད། སྦུབས་ལ་བཞི་བཅས་ཟུར་མཁར་བའི་སྡོམས་ཚིག་ལྟར་དུ་མཚོག་གསང་དང་། སྣ་ཡི་རྩེ།ཐོང་རྩ་བཅས་གསུམ་དང་། རྣ་བ་གཡས་གཡོན་གྱི་ཕྱི་ནང་ལ་རེ་རེ་སྟེ་ལྗོན་ཤིང་བཞི། ལྟག་རྩ་གཉིས། སྟག་རལ་གཉིས། གསེར་མདུང་གཉིས། ལྕེ་རྩ་གཉིས། མིག་རྩ་གཉིས། སོ་རྩ་གཉིས་ལྕེ་ཆུང་གཉིས་བཅས་མགོ་སྐེ་ལ་ཉེར་གཅིག་དང་། དཔུང་རྩ་གཉིས། སྒང་རྩ་གཉིས། དྲུག་འགོ་གཉིས། སྣོད་ཀ་གཉིས། རུ་ཐུང་གཉིས། གློ་སྙིང་འདོམས་རྩ་གཉིས། གློ་མཆིན་འདོམས་རྩ་གཉིས། མཆིན་མཁྲིས་འདོམས་རྩ་གཉིས། བད་ཀན་གཤའ་རིངས་གཉིས། མཁྲིས་པ་བཤའ་རིངས་གཉིས། ཆུ་སེར་གཤའ་རིངས་གཉིས། དྲུག་འདུས་གཉིས། སྐྱོར་གོང་གཉིས། སྲིན་ལག་གི་རྒྱབ་རྩ་གཉིས། མཛུབ་མོའི་བར་རྩ་གསུམ་རེ་སྟེ་དྲུག་བཅས་ལག་པར་སོ་བཞི་དང་། རྩ་བོ་ཆེ་གཉིས། སྒབ་རྩ་གཉིས། རྟ་མཐུར་གཉིས། བྱིན་གཞུག་གཉིས། བྱིན་སྐྱོག་གཉིས། གདོང་རྩ་གཉིས། ལོང་རྩ་གཉིས། ཡོབ་གོང་གཉིས། རྒྱུ་རྩ་གཉིས་བཅས་རྐང་པར་བཅོ་བརྒྱད། སྦུབས་ལ་ཕོ་བའི་རྭ་རྩ་གཉིས་དང་། ཕོ་མཚན་འགྲམས་རྩ་གཉིས་བཅས་བཞི་དེ་ལྟར་བསྒྲིལ་བས་གཏར་རྩ་དོན་བདུན་ནོ།།

གཏར་རྩ་དེ་དག་ལས་སྲོག་ལ་གཉན་ཞིང་ཁྲག་ཀྱང་གཏར་དུ་མི་རུང་བ་གཙོ་ཆེ་བ་རླུང་ཁྲག་གཉིས་འདོམས་ཀྱི་འཕར་རྩ་ལས་གྱེས་པ་རྩ་གནད་བརྒྱ་དང་བཅུ་གཉིས་ཡོད་པ་ཡིན་ཏེ། སྤྱི་བོའི་གཙུག་གི་རེ་ཐག་ཅེས་བྱ་བ་བཞི་ཀླད་པའི་དར་སྟེང་ཤིང་ལོའི་རྩ་རིས་ལྟར་གནས་པ་དང་། ཕྱི་ནང་ཀུན་ཏུ་རྒྱུག་པའི་རྩ་ཀུན་རྒྱུག་ཅེས་བྱ་བ་གཉིས། ཤ་རུས་ཀླད་པ་གསུམ་ག་འདུས་པའི་རྩའམ་ཚངས་པའི་བུ་གའི་ཕྱོགས་སུ་ཉེ་བ་ན་ཚངས་པའི་སྐུད་པ་ཞེས་བྱ་བ་གཅིག་བཅས་ཀླད་པའི་འཚོ་བྱེད་དར་རྩ་བདུན་དང་། སྤྱི་གཙུག་གི་སྒོ་རྩ་གཅིག་དང་། མཚོག་མའི་སྒོ་རྩ་གཅིག ལྟག་པའི་སྒོ་རྩ་གཅིག ལྟག་པ་གཡས་གཡོན་གྱི་རྩ་གཉིས། སྨིན་དཀྱིལ་གྱི་རྩ་གཉིས།མཁུར་ཚོས་ཀྱི་རྩ་གཉིས། རྣ་བའི་སྟེང་གཡས་གཡོན་སོར་བཞི་ན་འཕྲེད་ཉལ་ཞེས་བྱ་བ་གཉིས་བཅས་མགོའི་རུས་སྲུབས་ན་ཤས་ཆེར་འབྲེལ་བ་རུས་རྩ་བཅུ་གཅིག་དང་།  དོན་སྙིང་དང་སྣོད་རྒྱུ་མ་གཉིས་འདོམས་པའི་རྩ་གཅིག  མཆིན་པ་དང་མཁྲིས་པ་གཉིས་འདོམས་པའི་རྩ་གཅིག མཁལ་མ་དང་ལྒང་པ་གཉིས་འདོམས་པའི་རྩ་གཅིག བསམ་སེའུ་དང་མཁལ་གཡོན་གཉིས་འདོམས་པའི་རྩ་གཅིག་དབང་པོའི་སྒོ་ཁ་ཡི་རྩ་གཅིག  སྣ་ཡི་རྩ་གཅིག  རྣ་བའི་རྩ་གཅིག  མིག་གི་རྩ་གཅིག་བཅས་མ་ངེས་པའི་ཤ་རྩ་བཅུ་བསྡོམས་པས་མགོ་བོར་རྩ་གནད་ཉི་ཤུ་རྩ་བརྒྱད་དང་། བྱང་ཁོག་སྟོད་སྨད་ལ་ནུ་མ་གཉིས་ནས་མདུན་དུ་ཚོན་དོའི་ས་ན་སྙིང་རྩ་ཕྲ་ཁབ་བྱ་བ་གཉིས། སྒྲོག་རུས་དཀྱིལ་ནས་ཐུར་དུ་ཚོན་གང་ན་སྙིང་རྩ་དངུལ་གྱི་འབུ་རུ་བྱ་བ་གཉིས། ནུ་མའི་སྟེང་འོག་ཚོན་རེའི་ས་ན་ནུ་རྩ་ཨ་ལོང་བསྐོར་འདྲ་གཉིས་བཅས་ཕྲ་ཁབ་གཉིས་དང་། དངུལ་གྱི་འབུ་རུ་གཉིས། ནུ་རྩ་ཨ་ལོང་གཉིས་ཏེ་སྙིང་གི་རྩ་གནད་དྲུག་དང་། གློ་བ་མ་བུའི་ཕྱི་རྩ་ཉེར་བཞི་སྟེ། ཚིགས་འགྲམ་ལས་གྱེས་པ་མགོ་ལ་འགྲོ་བ་གཉིས། ལྒང་པར་འབྲེལ་བ་གཉིས། གཞུག་ཐུང་དང་བརླའི་ཕྱི་སུལ་རྒྱུ་བ་གཉིས་ཏེ་དྲུག ནང་རྒྱུགས་གཉིས། གྲོག་སྐེད་གཉིས། སྒེ་དོར་གཉིས། འགྲེང་བུ་གཉིས། ཕྱིར་རྒྱུགས་གཉིས། བསྣོལ་མ་གཉིས། སྔོན་པོ་གཉིས། ཁུག་མ་གཉིས། དུང་འབུད་གཉིས་ཏེ་ཉེར་བཞིའོ།། མཆིན་རྩ་ཤ་རུ་མོན་རུ་བྱ་བ་གཉིས་ཏེ་ལྷེན་སྣ་ལས་བྱུང་ནུ་མདུན་ཚོན་དོ་ཡར་ལ་ཆག་གང་ས་ནས་གཉིས་སུ་གྱེས་པ་དང་མཆེར་རྩ་བྱ་རྐང་བྱ་བ་གཉིས་སོག་གཞུག་སྟ་ཤའི་གསེབ་ན་གནས་པ་དང་མཁྲིས་རྩ་གསེར་གྱི་ཀ་བ་གཉིས་དཔུང་སོག་གི་བར་ན་གནས་པ་དང་ཕོ་བའི་རྩ་སྦྲུལ་མིག་ཀ་བ་བོང་རྨེད་གསུམ་སྟེ་དེ་ཡང་སྦྲུལ་མིག་ལྷེན་སྣའི་གཡས་གཡོན་ཚོན་རེའི་ས་དང་། ཀ་བ་ཕོ་དཀྱིལ་གཡས་གཡོན་སོར་གསུམ་ས་ན་གནས་པ། བོང་རྨེད་ལྟེ་བ་ནས་གྱེན་ཚོན་གང་གི་ས་ན་གནས་པ། ལྟེ་ཟུར་གཡས་གཡོན་ནས་ཚོན་རེའི་ས་ན་ལོང་རྩ་གཉིས་དང་། དེ་ཡི་འོག་ཚོན་རེ་ན་རྒྱུ་རྩ་གཉིས་དང་བསམ་སེའུ་རྩ་གཉིས་ནི་དཔྱི་ནས་སྣེ་ས་རྒྱུད་ཕྱིར་དོན་པའོ།། ལྒང་པའི་རྩ་སྲོག་རྩ་དང་སྲིད་རྩ་ཆུ་རྩ་གསུམ་སྟེ་རིམ་བཞིན་མཚན་དབྲག་བར་གྱི་དབུས་དང་། གཡས་གཡོན་ན་གནས། དེ་ལྟར་བྱང་ཁོག་ལ་གཉན་པའི་རྩ་གནད་ཞེ་བརྒྱད། གོང་དུ་བྱང་ཁོག་དཔུང་སོག་བར་ན་གནས་པའི་མཁྲིས་རྩ་གསེར་གྱི་ཀ་བ་དེའི་རྩ་མཇུག་དཔུང་པའི་སྐྱོགས་རའི་ཚིགས་མཚམས་ནས་དོན་པའི་རྩ་གཉིས་དང་། གནག་ཆེན་གཉེར་རིང་གི་མཁྲིས་རྩ་གཤའ་རིང་བྱ་བ་གཉིས། དཔྱི་ཡི་ཁ་གཟར་གྱི་སྟེང་ན་མཁལ་རྩ་ན་གུ་བྱ་བ་གཉིས། བརླ་རྐང་གི་སྟེང་ན་མཁལ་རྩ་རུས་ཞེན་བྱ་བ་གཉིས། བརླ་ཡི་ཕྱི་སུལ་ན་མཁལ་རྩ་རྐང་འདེགས་བྱ་བ་གཉིས། བརླའི་ཕྱི་ཟུར་ན་མཆེར་བའི་རྩ་ནག་གཉིས། རྐང་པའི་མཐིལ་ན་བཞག་འདྲ་མཐིལ་འཕྲོག་གི་རྩ་གཉིས། བོལ་གོང་སྟེང་ན་འགུལ་ཞིང་འཕར་བའི་འགུལ་རྩ་ནག་པོ་གཉིས། ནང་ལོང་ནང་ཁུད་ན་ལྕགས་ཀྱི་སྲན་མ་གཉིས། ངར་གདོང་ཐུར་བར་གནས་པ་གསེར་གྱི་ཀ་གདུང་གཉིས། སྒྱིད་ཁུང་ནང་ན་སྒབ་རྩ་ནག་པོ་གཉིས། བརླ་ནང་སྣེ་ཁུད་ན་སྙིང་རྩ་མིག་དམར་གཉིས། ལག་མཐིལ་སྲིན་ལག་འོག་ན་མྱུར་བ་གཉིས། མཛུབ་མོ་ཆུང་གི་ཁུད་ན་འཕར་རྩ་གཉིས། མཁྲིག་མའི་རུས་པ་འབུར་པོའི་ལྡེབས་ན་བལྟ་རྩ་གཉིས། དེ་ཡི་མར་ཟུར་ཆུ་རྒྱུས་གསེབ་ན་བླ་རྩ་གཉིས། གྲུ་མོའི་ནང་ཁུད་ཨ་སོ་ལི་ཀ་གཉིས། མཆན་ཁུང་ནང་ན་སྙིང་རྩ་རྔུལ་འདུ་གཉིས་བཅས་དེ་ལྟར་ཡན་ལག་ལ་གཉན་པའི་རྩ་གནད་སུམ་ཅུ་རྩ་དྲུག་སྟེ་ཡོངས་སུ་བསྒྲིལ་བས་གཉན་པའི་རྩ་གནད་བརྒྱད་དང་བཅུ་གཉིས་ཡོད་པ་ཡིན་ནོ།། ཇི་སྐད་བསྟན་པའི་གཏར་རྩ་དོན་བདུན་དང་གཉན་པའི་རྩ་གནད་བརྒྱ་དང་བཅུ་གཉིས་པོ་རྣམས་བསྡོམས་པས་བརྒྱ་དང་བརྒྱད་ཅུ་རྩ་དགུ་པོ་ནི་ལུས་ཀྱི་ཕྱི་ནང་སྟོད་སྨད་བར་གསུམ་ཀུན་ལ་འདྲེས་པའི་རྩ་ཕྲན་དང་དེ་ལས་གྱེས་པ་ལུས་ཕྱིར་མངོན་པ་བརྒྱ་དང་ཉི་ཤུ་ནང་དོན་སྣོད་དུ་གྱེས་པ་བརྒྱ་དང་ཉི་ཤུ། བར་ཤ་རུས་ལ་བརྒྱ་དང་ཉི་ཤུ་སྟེ་རྩ་ཕྲན་སུམ་བརྒྱ་དྲུག་ཅུ་གྱེས་ཤིང་རྒྱས་པ་དང་། དེ་ལས་རྩ་ཕྲན་ཕྱི་ཤ་པགས་ལ་ཉིས་བརྒྱ་སོ་བཞི་དང་། ནང་དོན་སྣོད་ལ་ཉིས་བརྒྱ་སོ་གསུམ། བར་རུས་རྐང་ལ་ཉིས་བརྒྱ་སོ་གསུམ་བཅས་བདུན་བརྒྱ་དག་ཏུ་གྱེས་པ་དང་། དེ་ལས་ཡང་ཕྲན་ལུས་ལ་དྲྭ་བར་འབྲེལ་བའི་ཕྱིར་ན་ལུས་ཀྱི་ཕུང་པོ་འདི་ནི་རྩ་ཡི་ཕུང་པོ་འབའ་ཞིག་ཏུ་གྲུབ་པར་བཤད་པའོ།

གཉིས་པ་རྩ་དཀར་གྱི་འབྲེལ་ཚུལ་དེ་ལ་ཡང་ཀླད་པ་ནི་རྩ་དཀར་ཐམས་ཅད་འདུས་པའི་གཞི་རྒྱ་མཚོ་ཆེན་པོ་དང་འདྲ་ལ་དེ་ལས་ཤིང་གི་རྩ་བ་ལྟ་བུར་སྐེ་ཚིགས་དང་སྒལ་ཚིགས་ཀྱི་ཁུང་བུའི་ནང་ན་སྦོམ་ཕྲ་མདའ་སྨྱུག་ཙམ་ལ་ངོ་བོ་རླུང་འབའ་ཞིག་རྒྱུ་བ་ཁ་དོག་དཀར་ལ་དེ་ལས་རྩ་ཕྲན་དང་། ཡང་ཕྲན་དྲྭ་བ་ལྟར་དུ་ལུས་ཀྱི་སྟོད་སྨད་ཕྱི་ནང་ཀུན་ཏུ་འབྲེལ་ཞིང་ཁྱབ་ལ་དེ་དག་ལས་གྱེས་པ་གཙོ་ཆེ་བ་ནི་ལུས་འགུལ་བསྐྱོད་སོགས་བྱ་བ་བྱེད་པའི་ཆུ་རྩ་བཅུ་དགུ་སྟེ། དེ་ཡང་དོན་སྣོད་ནང་དུ་འབྲེལ་བ་དར་གྱི་དཔྱང་ཐག་ལྟ་བུ་ཕྱིར་མི་མངོན་པར་སྦས་པའི་ཚུལ་དུ་གནས་པའི་རྩ་ནི་བཅུ་གསུམ་སྟེ། ཀླད་པའི་རྗེ་ཞབས་ལས་བྱུང་སྐེའི་ནང་དུ་བརྒྱུད་རླུང་གི་རྩ་བཞི་སྙིང་དང་རྒྱུ་མར་འབྲེལ་བ་དང་། མཁྲིས་པའི་རྩ་བཞི་གློ་ལོང་མཆིན་མཁྲིས་ལ་འབྲེལ་བ་དང་། བད་ཀན་གྱི་རྩ་བཞི་ཕོ་མཆེར་མཁལ་ལྒང་དུ་འབྲེལ་བ་དང་། འདུས་པའི་རྩ་གཅིག་བསམ་སེའུར་འབྲེལ་བ་བཅས་བཅུ་གསུམ་དང་། ཡན་ལག་ཕྱིར་འབྲེལ་ཞིང་མངོན་པའི་རྩ་དཀར་གཙོ་ཆེ་བ་དྲུག་སྟེ། ལྟག་པའི་མཚམས་ནས་དོན་ཏེ་རྐང་པ་གཡས་གཡོན་མཐིལ་དུ་རྒྱུ་བ་ཆུ་ཡི་ཁམས་ཤས་ཆེར་རྒྱུ་བ་ཆུ་རྩ་སྦུ་གུ་ཅན་ཞེས་བྱ་བ་གཉིས་དང་། ལྟག་ཟུར་སྤུ་འཁྱིལ་ནས་ཕྱིར་ཐོན་ཏེ་ལག་པའི་མཐེབ་མོར་འབྲེལ་བ་ཆུ་རྩ་འཇའ་བྱེད་ཅེས་བྱ་བ་གཉིས་དང་། རྣ་ཤལ་ཐད་ནས་ཕྱིར་ཐོན་ནས་ལག་པའི་སྲིན་མཐེབ་ཏུ་འབྲེལ་བ་ཆུ་རྩ་རཏྣ་ཞེས་བྱ་བ་གཉིས་བཅས་དྲུག་སྟེ་དེ་ལྟར་ལུས་ཀྱི་ནང་དོན་སྣོད་དང་ཕྱི་ཡན་ལག་ཏུ་གྱེས་པའི་ཆུ་རྩ་གཙོ་ཆེ་བ་བཅུ་དགུའོ།། ཡན་ལག་ཕྱིར་མངོན་པའི་ཆུ་རྩ་དྲུག་པོ་དེ་ལས་གྱེས་པ་ཆུ་རྩ་ཕྲན་བུ་བཅུ་དྲུག་སྟེ་མགོ་ལ་མུར་འགྲམ་གྱི་ཆུ་རྩ་སོ་རྩ་ལྡད་བྱེད་ཅེས་བྱ་བ་གཉིས་དང་། ལག་པར་གྲུ་མོའི་ཆུ་རྩ་གཉིས། མཁྲིག་མའི་ཆུ་རྩ་གཉིས། རྐང་པར་པུས་མོའི་གཉན་གོང་ཆུ་རྩ་སྦལ་མགོ་བྱ་བ་གཉིས། སྒྱུད་ཁུང་ཆུ་རྩ་གཉིས།སྲེ་ལོང་ཕྱི་ལོང་བར་ན་ཆུ་རྩ་རྒྱུངས་རྩ་བྱ་བ་གཉིས། རྟིང་པའི་ཆུ་རྩ་གཉིས། རྐང་པའི་མཐེ་བོང་སྤུ་སྐྱེས་མཚམས་ན་ཆུ་རྩ་པིར་འགོ་བྱ་བ་གཉིས་བཅས་ཆུ་རྩ་ཕྲན་བུ་བཅུ་དྲུག་ཏུ་གྱེས་པ་ཡིན་ལ་དེ་ལས་རྩ་ཕྲན་དང་ཡང་ཕྲན་དྲ་བ་ལྟར་གྱི་སྲོག་རྩ་དཀར་པོའི་ཡན་ལག་ཤིན་ཏུ་རྒྱས་པ་ཁྱབ་པར་འབྲེལ་བ་ཡིན་ནོ།།

བོད་ཀྱི་གསོ་རིག་ལས་ཚེ་ཡི་རྩ་ཞེས་པའི་གོ་དོན།

ཚེ་ཡུན་རིང་དུ་གནས་ཤིང་སྲོག་འཚོ་བའི་རྩ་རིགས་གཙོ་བོ་གསུམ་སྟེ་གཅིག་ནི་གོང་དུ་བཤད་པའི་མཆིན་པ་དང་གཙོ་ཆེར་འབྲེལ་ཞིང་དེ་ལས་གྱེས་པའི་ཁྲག་རྩའི་སྡོང་པོ་ཨ་མ་དེ་ཡིན་ཞིང་། དེའི་ཡན་ལག་རྩ་ཕྲན་རྣམས་ལུས་ཐམས་ཅད་ལ་ཁྱབ་པར་གནས་པ་དང་། གཅིག་ནི་སྙིང་ལས་གྱེས་པའི་རླུང་ཁྲག་གཉིས་འདོམས་ཀྱི་རྩ་ཡི་ཨ་མ་དེ་ཡིན་ཞིང་དེ་ཡི་ཡན་ལག་རྩ་ཕྲན་དང་བཅས་པ་རྣམས་དབུགས་དང་འགྲོགས་ནས་འཕར་བ་སྟེ་ལུས་ཐ་མལ་བ་སྐྱེས་བུ་དར་ལ་བབ་པའི་ཕྱི་ནང་དབུགས་ལ་ལན་ལྔ་རེ་འཕར་ཞིང་རྒྱུ་བ་ཡིན། གཅིག་ནི་ཀླད་པ་རྩ་ཡི་རྒྱ་མཚོ་ཆེན་པོ་ལས་གྱེས་པའི་ཆུ་རྩའམ་རྩ་དཀར་གྱི་སྡོང་པོ་ཨ་མ་དེ་ཡིན་ཞིང་། དེའི་ཡན་ལག་རྩ་ཕྲན་རྣམས་འཇིག་རྟེན་ལ་ཡོངས་སུ་གྲགས་པའི་བླ་དང་འདྲ་ཞིང་ལུས་ཐམས་ཅད་ལ་འཁྱམས་པའི་ཚུལ་དུ་གནས་པ་སྟེ་དེ་གསུམ་ལ་ཚེ་ཡི་རྩ་གསུམ་ཞེས་བཤད་དོ།།

གོང་མ།:རྒྱུད་བཞིའི་འབྱུང་ཁུངས་ཀྱི་སྐོར།

ཞོལ་མ།:ཚོ་དྲགས་པ་ལས་བྱུང་བའི་སྙིང་ཤའི་ནད།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235