མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
ཤེས་བྱའི་ཟེགས་མ།
 

རྒྱུད་བཞིའི་འབྱུང་ཁུངས་ཀྱི་སྐོར།

ཡོང་ཁུངས།:ཀྲུང་གོ་བོད་ཀྱི་དྲ་བ།  སྤེལ་དུས།:2018-09-11  རྩོམ་པ་པོ།:ཀྲུང་གོ་བོད་ཀྱི་དྲ་བ།  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློགས་གྲངས།:

微信图片_20180118162207.jpg

རྔོག་བུ་བདུད་མགོན་ཚེ་རིང་།

      འདི་ལ་མཁན་ཆེན་ཁྲོ་རུ་ཚེ་རྣམ་གྱིས།  འདིར་གསོ་དཔྱད་ཀུན་གྱི་རྒྱལ་བོ་དཔལ་ལྡན་རྒྱུད་བཞི་ཞེས་སུ་གྲགས་པ་འདིའི་བྱུང་བ་ཅུང་ཟད་ཙམ་ཞིག་རང་གི་འདོད་ཚུལ་ལྟར་བརྗོད་ན།  དེ་ཡང་བོད་ཀྱི་རྒྱལ་རབས་སོ་བརྒྱད་པ་ཆོས་སྐྱོང་བའི་རྒྱལ་བོ་ཆེན་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་དུས་སུ།  གངས་ཅན་སྨན་པའི་རྒྱལ་བོ་གཡུ་ཐོག་ཡོན་ཏན་མགོན་པོ་དེ་ཉིད་ཐུགས་བསྐྱེད་དུས་སུ་སྨིན་ནས་མཁས་པའི་སྙན་གྲགས་ཆེ་ཆེར་རྒྱས། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་བླ་ཡི་སྨན་པ་རུ་དབང་བསྒྱུར།  སྐབས་དེར་རྗེ་བཙུན་གཡུ་ཐོག་ཆེན་པོས།  སྔ་དར་བོད་ཀྱི་གསོ་བ་རིག་པའི་གཞུང་གདམས་རྣམས་རྩ་བ་རུ་བཟུང་།  དེའི་ཁར་ཁ་ཆེ་ཟླ་བ་མངོན་པར་དགའ་བ་སོགས་ནས་ཞུས་པའི་མན་ངག་རྣམས་དང་།  རྗེ་ཉིད་ཀྱི་ཐུན་མོང་མ་ཡིན་པའི་མྱོང་བྱང་རྣམས་ཀྱིས་བསྣན་ཁ་ཅི་རིགས་པར་མཛད་ནས་(བདུད་རྩི་སྙིང་བོ་གསང་བ་མན་ངག་གི་རྒྱུད)ཅེས་བྱ་བའི་གཞུང་འདི་ཉིད་བརྩམས་པར་མཛད། ཅེས་གསུངས་སོ།

དེ་ལྟར་གསོ་རིག་དཔལ་ལྡན་རྒྱུད་བཞིའི་མ་ཡིག་བརྩམས་ནའང་གནས་སྐབས་རྒྱུད་འདི་སྤེལ་བའི་དུས་ལ་མ་བབས་པར་མཁྱེན་ནས།  བསམ་ཡས་ཀ་བ་བུམ་པ་ཅན་ལ་གཏེར་དུ་སྦས་བར་གྲགས།

དེ་ནས་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོ་དགུང་ལོ་ལྔ་བཅུར་ཕེབས་པའི་སྐབས་སུ་སྐུ་འཁོར་བུ་སློབ་དང་བཅས་པ་གོང་དུ་བཤད་པ་ལྟར་ཀོང་པོ་སྨན་ལུང་དུ་ཕེབས།  དེར་སྨན་གྱི་གྲོང་ཁྱེར་ལྟ་ན་སྡུག་ཅེས་པའི་སྨན་གྱི་སློབ་གྲྭ་ཞིག་གསར་དུ་ཕྱག་བཏབ།  སྣོད་ལྡན་གྱི་སློབ་མ་རྣམས་ལ་(བུ་དོན་མ)ཞེས་བྱ་བའི་བཤད་ཁྲིད་བསྐྱངས། བུ་དོན་མ་དེ་ཉིད་ཀྱང་གོང་སྨོས་བདུད་རྩི་སྙིང་བོ་གསང་བ་མན་ངག་གི་རྒྱུད་ལ་གཞི་རུ་མཛད་ནས་སློབ་བུ་རྣམས་ཀྱི་དོན་དུ་མཛད་པ་ཡིན་པས་མཚན་ཡང་བུ་དོན་མ་ཞེས་སུ་གྲགས།

དེ་ནས་བསྟན་པ་ཕྱི་དར་གྱི་སྐབས་སུ་གཏེར་སྟོན་གྲྭ་མངོན་དབང་ཕྱུག་འབར་བས་(བདུད་རྩི་སྙིང་བོ་གསང་བ་མན་ངག་གི་རྒྱུད་)གཏེར་ནས་བཞེས། གནས་བརྟན་དར་མ་གྲགས།  སྟོད་སྟོན་དཀོན་མཆོག་སྐྱབས། གཡུ་ཐོག་གསར་མ་ཡོན་ཏན་མགོན་པོའི་བར་དུ་ཆིག་བརྒྱུད་ཀྱིས་སྤེལ།

གཡུ་ཐོག་གསར་མ་ཡོན་ཏན་མགོན་པོ་ལ་བཤད་སྲོལ་ཐམས་ཅད་ཀྱི་གཞུང་ལག་ལེན་དང་བཅས་པའི་གདམས་ངག་ཡོངས་རྫོགས་ཀྱི་བཀའ་བབས།  (བདུད་རྩི་སྙིང་བོ་གསང་བ་མན་ངག་གི་རྒྱུད)ཉིད་རྩ་བར་བཟུང་ནས།  དེའི་སྟེང་སྙིང་བོ་བསྡུས་བ་རྩ་འགྲེལ་དང་།  དེ་མིན་སྔར་ཡོད་བོད་ཀྱི་སྨན་གཞུང་ལག་ལེན་དང་བཅས་པའི་ཁ་བསྐང་།  གཡུ་ཐོག་རྙིང་མ་ནས་བཟུང་མི་རབས་བཅུ་གསུམ་བར་བརྒྱུད་པའི་ལག་ལེན་མན་ངག་གིས་ཟུར་བརྒྱན།  བདེ་གཤེགས་སྨན་གྱི་བླ་མ་དངོས་སུ་ཞལ་གཟིགས། ལུང་བསྟན།  དབུགས་དབྱུང་།  སྤྲུལ་བའི་དྲང་སྲོང་རིག་པའི་ཡེ་ཤེས་དང་།  ཡིད་ལས་སྐྱེས་གཉིས་ཀྱིས་ཞུ་པ་དང་ཞུ་ལན་གྱི་ཚུལ་དུ་རྒྱུད་བཞི་ཡོངས་རྫོགས་གསུངས་བ་དག་པའི་གཟིགས་པ་ཉིད་གཞིར་བཞག་སྟེ།  བཀའ་དངོས་དང་ཁྱད་པར་མ་མཆིས་པའི་གཞུང་(བདུད་རྩི་སྙིང་བོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད)དམ་པ་དཔལ་ལྡན(རྒྱུད་བཞི)ཞེས་སུ་གྲགས་པའི་གསོ་དཔྱད་ཀུན་གྱི་རྒྱལ་བོ་འདི་ཉིད་རྩོམ་སྒྲིག་གནང་བ་ཡིན་ནོ།།

གཡུ་ཐོག་རྣམ་ཐར་སྐུ་ལྔ་ལྷུན་འགྲུབ་མ་ལས།  རིག་པའི་ཡེ་ཤེས་གཡུ་ཐོག་མགོན་པོ་ལགས།། ཡིད་ལས་སྐྱེས་ནི་སློབ་དཔོན་ལྷ་རྗེ་ལགས།།དངོས་རང་འཚོ་བྱེད་གཞོན་ནུ་ཡེ་ཤེས་ལགས།། ཚེ་རབས་ཐོག་མ་མེད་པའི་སློབ་དཔོན་ལགས།།ཞེས་པའི་དོན་ལྟར་རྒྱུད་བཞི་གསུངས་པ་པོ་རིག་པའི་ཡེ་ཤེས་སམ་གཡུ་ཐོག་ཡོན་ཏན་མགོན་པོ་(སྨན་པའི་རྒྱལ་བོས་སྤྲུལ་བ་རྣམ་པར་སྣང་མཛད )ཉིད་ཡིན་པ་དང་། ཞུ་བ་བོ་ནི་ཡིད་ལས་སྐྱེས་སམ་སུམ་སྟོན་ཡེ་ཤེས་གཟུངས་(སྨན་པའི་རྒྱལ་བོས་སྤྲུལ་བ་སྣང་བ་མཐའ་ཡས་)ཡིན། ང་རང་ཉིད་ནི་སུམ་སྟོན་པའི་དངོས་སློབ་འཚོ་བྱེད་གཞོན་ནུ་ཡེ་ཤེས་ཡིན། དེ་ཡང་ཚེ་རབས་ཐོག་མ་མེད་པ་ནས་བསགས་པའི་བསོད་ནམས་ཀྱི་སྟོབས་ཀྱིས་བསྩལ་བའི་སློབ་དཔོན་ཡིན་ཞེས་རང་ཉིད་ཀྱི་དག་སྣང་ལ་དེ་ལྟར་འཆར་བ་དེ་བཞིན་གསུངས་སོ།

དེ་ཡང་འདི་ལ་བོད་སྤྱིའི་ལོ་རྒྱུས་བརྒལ་རིམ་དང་བསྟུན་ནས་གསོ་རིག་རྒྱུད་བཞིའི་ལོ་རྒྱུས་ལའང་དེ་འཚམ་གྱིས་སྒྲིག་བཟོ་དང་བབས་བསྟུན་བྱས་ཡོད།

དང་པོ་དམངས་ཁྲོད་ན་དར་ཞིང་ནར་སོན་པའི་མར་ཁུས་རྨ་ཁ་སྡོམ་ཚུལ། དུག་ཡོད་ན་སྨན་ཡོད་པའི་ལྟ་ཚུལ་དང་ལག་ལེན་རྣམས་ཕྱོགས་གཅིག་ཏུ་བསྡུས་ནས་གསོ་བ་རིག་པ་དཔལ་ལྡན་རྒྱུད་བཞིའི་རྨང་གཞི་དང་པོ་བོད་རང་གི་ས་གནས་དམངས་ཁྲོད་ཀྱི་རིག་གནས་འདི་དག་ཕྱི་ལྟར་ན་སངས་རྒྱས་ཀྱི་བཀའ་རུ་འཆད་པ་ནི་གསོ་བ་རིག་པའི་གཞུང་དང་ལོ་རྒྱུས་ཁུངས་བཙུན་ལ་ཡང་དག་པ། ཀུན་གྱིས་དང་དུ་ལེན་པ། རྩོད་པ་མེད་པར་བྱ་བའི་ཕྱིར་བཅོས་པ།

གཉིས་པ་གསོ་རིག་རྒྱུད་བཞི་འདི་ཉིད་རྒྱ་གར་ནག་དང་བོད་ཀྱི་རྒྱལ་ཕྲན་དག་ནས་གསོ་བ་རིག་པའི་ལག་ལེན་དང་ཆོ་ག་སྣ་ཚོགས་གཅིག་ཏུ་བསྡུས་ནས་བསགས་པའི་ནོར་ལྟ་བུ་ཡིན་པ་ལ་དེ་རྒྱ་གར་གྱི་པཎྚིས་མཛད་པར་བྱས་པ་ནི་དང་པོ་བོད་རང་ནང་ནས་ཁ་མ་འཆམ་པར་བན་བོན་དང་གྲུབ་མཐའ་གསར་རྙིང་དང་། ཕྱོགས་རིས་ཀྱིས་འཐེན་ཁྱེར་ལ་དོགས་ནས་གསོ་བ་རིག་པའི་འབྱུང་ཁུངས་རྒྱ་གར་ནས་ཡིན་པར་གཞི་བཅོལ་ཞིང་བཅོས་པ།

གསུམ་པ་ཕྱོགས་ཀྱི་ལུགས་ཐམས་ཅད་བསྡུས་ནས་བོད་མཁས་པས་ནང་བ་སངས་རྒྱས་ཀྱི་ཆོས་དང་གང་འགྲིག་གང་འཚམ་གྱིས་མཐུན་པར་སྦྱོར་བཟོ་སྒྲིག་བཅོས་མཛད་པར་བྱས་པ་ནི་བོད་ཀྱི་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་དང་རྒྱལ་ཁམས་གཅིག་གྱུར་ཡོང་བ་བྱ་བའི་ཆོས་སྲིད་ལུགས་གཉིས་ཀྱི་སྤྱིའི་དམིགས་འབེན་ལ་དགོངས་ནས་བཅོས་པ་སོགས་བོད་བོན་གྱི་ལོ་རྒྱུས་དག་ལས་རྟོགས་ནུས་སོ།   །

གོང་མ།:ཟས་ཚོད་རན་པར་བཟའ་བའི་དགེ་མཚན་གླེང་བ།

ཞོལ་མ།:ཆགས་སྲིད་འབྲེལ་ཚེ་རྩ་ཡི་གོ་དོན།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235