མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
ཤེས་བྱའི་ཟེགས་མ།
 

གློ་ཚད་རིམས་ནད་དང་འབྲེལ་བའི་ཉེས་གསོག་བདུན།

ཡོང་ཁུངས།:ཀྲུང་གོ་བོད་ཀྱི་དྲ་བ།  སྤེལ་དུས།:2020-02-17  རྩོམ་པ་པོ།:  རྩོམ་སྒྲིག་པ།:    ཀློགས་གྲངས།:

“ཏོག་དབྱིབས་ནད་དུག་གསར་པ”འགོས་པའི་མི་གྲངས་ཇེ་མང་དུ་སོང་བ་དང་བསྟུན་ནས། ཟླ་1པའི་ཚེས་20ཉིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་སྤྱི་བསྒྲགས་སྤེལ་ནས(2020ལོའི་ཨང་དང་པོ)ཏོག་དབྱིབས་ནད་དུག་གསར་པ་འགོས་པའི་གློ་ཚད་དེ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགོས་ནད་འགོག་བཅོས་བཅའ་ཁྲིམས》ནང་གཏན་འཁེལ་བྱས་པའི་འགོ་ནད་ཁ་པའི་གྲས་སུ་བཅུག་པར་མ་ཟད། རིམས་ནད་རིགས་ཀ་པའི་སྔོན་འགོག་དང་ཚོད་འཛིན་བྱེད་ཐབས་སྤྱད་ཡོད།

མིག་སྔར་དམངས་ཡོངས་ཀྱིས“ཏོག་དབྱིབས་ནད་དུག་གསར་པར”འགོག་རྒོལ་བྱེད་བཞིན་ཡོད། འགོག་བཅོས་བྱེད་རིང་སྤྱི་དམངས་ཀྱིས་ངེས་པར་དུ་ཁྲིམས་སྦྱོང་བ་དང་། ཁྲིམས་ཤེས་པ། ཁྲིམས་ལ་རྟོན་པ། ཁྲིམས་སྲུང་བ་བཅས་བྱས་ནས། “ཏོག་དབྱིབས་ནད་དུག་གསར་པ”འགོག་བཅོས་བྱ་བར་ཁྲིམས་སྐྱོང་གི་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས།

གཅིག རིམས་ནད་འགོག་བཅོས་བྱེད་པར་འགོག་རྐྱེན་བཟོ་བའི་བྱས་ཉེས།

“ཏོག་དབྱིབས་ནད་དུག་གསར་པ”འགོས་ཟིན་པའམ་ཡང་ན་འདྲ་མཚུངས་ཀྱི་ནད་པ་ཞིག་ཡིན་པའི་ངོས་ནས་ཆ་རྐྱེན་མེད་པར་རིམས་འགོག་འཕྲོད་བསྟེན་ལས་ཁུངས་ཀྱིས་འགོས་ནད་འགོག་བཅོས་བཅའ་ཁྲིམས་ནང་བཏོན་པའི་སྔོན་འགོག་དང་ཚོད་འཛིན་བྱ་ཐབས་གཞིར་བཟུང་ནས་ཟུར་འཇོག་སྨན་བཅོས་བྱ་རྒྱུར་གཞོགས་འདེགས་བྱེད་དགོས། གལ་ཏེ་གཞོགས་འདེགས་དང་ལེན་མ་བྱས་ཚེ《ཉེས་ཁྲིམས》ཀྱི་དོན་ཚན་སུམ་བརྒྱ་སུམ་ཅུའི་གཏན་འབེབས་དང་འགལ་སྲིད་པས“འགོས་ནད་འགོག་བཅོས་ལ་འགོག་རྐྱེན་བཟོ་བའི་ནག་ཉེས”དང་འགལ་ན་ཁྲིམས་ཆད་མཐོ་ཤོས་ལོ་བདུན་གཅོད་དགོས།

《ཉེས་ཁྲིམས》ཀྱི་དོན་ཚན་སུམ་བརྒྱ་སུམ་ཅུ་པ། འགོས་ནད་འགོག་བཅོས་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས་སུ་འཁོད་པའི་གཏན་འབེབས་དང་འགལ་ནས་གཤམ་གསལ་གྱི་གནས་ཚུལ་ལས་རིགས་གཅིག་ཡོད་པས་འགོས་ནད་ཀ་རིགས་མཆེད་པར་བཟོས་པའམ་ཡང་ན་མཆེད་པའི་ཉེན་ཁ་ཚབས་ཆེན་ཡོད་རིགས་ལ་དུས་བཙོན་ལོ་གསུམ་མན་ནམ་བཙན་ཉར་ལས་བསྐུལ་གྱི་ཉེས་ཆད་གཅོད་རྒྱུ་དང་། ངན་འབྲས་ཚབས་ཆེན་བཟོས་རིགས་ལ་དུས་བཙོན་ལོ་གསུམ་ཡན་ནས་ལོ་བདུན་མན་བར་གྱི་ཉེས་ཆད་གཅོད་རྒྱུ་སྟེ། (བཞི།)རིམས་ནད་སྔོན་འགོག་ཚོད་འཛིན་ལས་ཁུངས་ཀྱིས་འགོས་ནད་འགོག་བཅོས་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས་ལྟར་བཏོན་པའི་སྔོན་འགོག་དང་ཚོད་འཛིན་བྱེད་ཐབས་ལག་ལེན་དུ་མི་བསྟར་བའི་གནས་ཚུལ།

གཉིས། སྤྱིའི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་བྱས་ཉེས།

གལ་སྲིད་རང་ཉིད་ལ“ཏོག་དབྱིབས་ནད་དུག་གསར་པ”འགོས་པ་ཤེས་བཞིན་དུ་མི་མང་འདུ་འཛོམས་བྱ་ཡུལ་དུ་ཆེད་མངགས་ཧབ་སྦྲིད་རྒྱག་པ་དང་འབྲེལ་རྐང་བཙུགས་ནས་ནད་དུག་ཁྱབ་སྤེལ་གཏོང་བའམ་ཡང་ན་བྱ་ཐབས་གཞན་སྤྱད་དེ་རྐང་བཙུགས་ནས་ནད་དུག་བཏང་སྟེ་མི་མང་པོར“ཏོག་དབྱིབས་ནད་དུག་གསར་པ”འགོས་ཚེ《ཉེས་ཁྲིམས》ཀྱི་དོན་ཚན་བརྒྱ་དང་བཅོ་ལྔ་པའི་གཏན་འབེབས་ལས་འགལ་སྲིད་པས་ཉེན་ཁའི་བྱེད་ཐབས་ལ་བརྟེན་ནས་སྤྱིའི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་ཉེས་པ་གྲུབ་སྟེ་སྲོག་ཁྲིམས་གཅོད་ཀྱི་ཡོད།

《ཉེས་ཁྲིམས》ཀྱི་དོན་ཚན་བརྒྱ་དང་བཅོ་ལྔ་པ། མེ་བརྒྱབ་པ་དང་། ཆུ་རགས་གཏོར་བ། གས་གཏོར་བཏང་བ། དེ་བཞིན་དུག་སྐྱོན་རང་བཞིན་དང་། འཕྲོ་བའི་རང་བཞིན། རིམས་ནད་ནད་གཞི་སོགས་ལྡན་པའི་དངོས་པོ་བཏང་བའམ་ཡང་ན་ཉེན་ཁ་ཆེ་བའི་བྱེད་ཐབས་གཞན་དག་ལ་བརྟེན་ནས་མི་ལ་རྨས་སྐྱོན་ཚབས་ཆེན་བཟོས་པ་དང་ཤི་བའམ་ཡང་ན་གཞུང་སྒེར་གྱི་རྒྱུ་ནོར་ལ་གྱོང་གུན་ཚབས་ཆེན་བཟོས་པའི་རིགས་ལ་དུས་བཙོན་ལོ་བཅུ་ཡན་ནམ་ཚེ་བཙོན་ནམ་སྲོག་ཁྲིམས་ཀྱི་ཉེས་ཆད་གཅོད་པ།

གསུམ། གཞུང་དོན་སྒྲུབ་པར་འགོག་རྐྱེན་བཟོ་བའི་བྱས་ཉེས།

“ཏོག་དབྱིབས་ནད་དུག་གསར་པ་འགོས་ཟིན་པའི”ནད་པ་དང་དེ་བཞིན་འབྲེལ་བ་དམ་ཟབ་ཡོད་མཁན་གྱིས་ཆ་རྐྱེན་གང་ཡང་མེད་པའི་སྒོ་ནས་འབྲེལ་ཡོད་རྩ་འཛུགས་ལ་གཞོགས་འདེགས་བྱས་ཏེ། ལོགས་སུ་བཀར་ནས་སྨན་བཅོས་བྱེད་པའི་བརྒྱུད་རིམ་ནང་དྲག་ཤུགས་དང་འཇིགས་སྐུལ་གྱི་བྱ་ཐབས་སྤྱད་ནས་ལོགས་སུ་བཀར་རྒྱུར་འགོག་རྒོལ་བྱས་ཚེ《ཉེས་ཁྲིམས》ཀྱི་དོན་ཚན་ཉིས་བརྒྱ་དོན་བདུན་པའི་གཏན་འབེབས་དང་འགལ་སྲིད་པས་“གཞུང་དོན་ལ་འགོག་རྐྱེན་བཟོ་བའི་ཉེས་པ”དང་འབྲེལ་བ་ཡོད་ཚེ་ལོ་གསུམ་གྱི་ཁྲིམས་ཆད་ཕོག་གི་ཡོད།

བཞི། རྐང་བཙུགས་ནས་མིར་རྨས་སྐྱོན་བཏང་བའི་ཉེས་པ།

“ཏོག་དབྱིབས་ནད་དུག་གསར་པ་འགོས་པའི”ནད་པ་དང་དེ་བཞིན་འབྲེལ་གཏུག་དམ་ཟབ་བྱེད་མཁན་གྱིས་ཆ་རྐྱེན་གང་ཡང་མེད་པའི་སྒོ་ནས་འབྲེལ་ཡོད་རྩ་འཛུགས་ལ་གཞོགས་འདེགས་བྱས་ཏེ་ལོགས་སུ་བཀར་ནས་སྨན་བཅོས་བྱེད་པའི་བརྒྱུད་རིམ་ནང་དྲག་ཤུགས་ལ་བརྟེན་ནས་ལོགས་སུ་བཀར་རྒྱུར་འགོག་རྒོལ་བྱས་ཚེ་འབྲེལ་ཡོད་གཞུང་ལས་པའི་གཟུགས་པོར་གནོད་འཚེ་ཕོག་ཚེ《ཉེས་ཁྲིམས》ཀྱི་དོན་ཚན་ཉིས་བརྒྱ་སོ་བཞི་པའི་གཏན་འབེབས་ལས་འགལ་སྲིད་པས“རྐང་བཙུགས་ནས་རྨས་སྐྱོན་བཏང་བའི་ནག་ཉེས”ལ་དོགས་པ་ཡོད་པས་སྲོག་ཁྲིམས་བཅད་ཆོག

《ཉེས་ཁྲིམས》ཀྱི་དོན་ཚན་ཉིས་བརྒྱ་སོ་བཞི་པ། ཤེས་བཞིན་དུ་མི་གཞན་གྱི་ལུས་ཁམས་ལ་གནོད་འཚེ་བཏང་རིགས་ལ་དུས་བཙོན་ལོ་གསུམ་མན་ནམ་བཙན་ཉར་ལས་སྐུལ་ལམ་རྩིས་སྤྲོད་དོ་དམ་གྱི་ཉེས་ཆད་གཅོད་རྒྱུ། གོང་འཁོད་ནང་གསེས་དོན་ཚན་གྱི་བྱས་ཉེས་བསགས་ནས་མི་ལ་རྨས་སྐྱོན་ཚབས་ཆེན་བཟོས་རིགས་ལ་དུས་བཙོན་ལོ་གསུམ་ཡན་ནས་ལོ་བཅུ་མན་བར་གྱི་ཉེས་ཆད་གཅོད་རྒྱུ་དང་། མི་ཤི་བའམ་གདུག་རྩུབ་ཤིན་ཏུ་ཆེ་བའི་བྱེད་ཐབས་ལ་བརྟེན་ནས་མི་ལ་རྨས་སྐྱོན་ཚབས་ཆེན་བཟོས་ནས་དབང་པོ་སྐྱོན་ཅན་ཚབས་ཆེན་བཟོས་རིགས་ལ་དུས་བཙོན་ལོ་བཅུ་ཡན་ནམ་ཚེ་བཙོན་ནམ་སྲོག་ཁྲིམས་ཀྱི་ཉེས་ཆད་གཅོད་རྒྱུ། ཉེས་ཁྲིམས་འདིར་ལོགས་སུ་གཏན་འབེབས་བྱས་ཡོད་ན། གཏན་འབེབས་ལྟར་བྱ་རྒྱུ།

ལྔ། རིམས་ནད་འགོག་བཅོས་ཀྱི་འགན་འཛོལ་བྱས་ཉེས།

“ཏོག་དབྱིབས་ནད་དུག་གསར་པ”ཁྱབ་པའམ་ཡང་ན་མཆེད་པ་དེས་མི་དམངས་ཀྱི་ལུས་ཁམས་བདེ་ཐང་ལ་གནོད་འཚེ་ཚབས་ཆེན་བཟོས་པ་མ་ཟད། ད་དུང་འགོས་ནད་ཁྱབ་ཁུལ་གྱི་མི་དམངས་ཀྱི་རྒྱུན་ལྡན་གྱི་ཐོན་སྐྱེད་དང་འཚོ་བར་ཤུགས་རྐྱེན་ཚབས་ཆེན་ཐེབས་པ་རེད། འགོས་ནད་འགོག་བཅོས་བྱེད་མཁན་སྲིད་གཞུང་གི་འཕྲོད་བསྟེན་སྲིད་འཛིན་སྡེ་ཚན་གྱི་ལས་དོན་མི་སྣས་འགན་འཁྲི་ནན་པོ་མ་ཁུར་བར་འགོས་ནད་མཆེད་པའམ་ཁྱབ་དུ་བཅུག་ན《ཉེས་ཁྲིམས》ཀྱི་དོན་ཚན་བཞི་བརྒྱ་དང་དགུ་པའི་གཏན་འབེབས་དང་འགལ་ནས་འགོས་ནད་འགོག་བཅོས་ཀྱི་འགན་འཛོལ་བྱས་ཉེས་ཀྱི་དོགས་གཞི་ཆེ་ཤོས་ལ་དུས་བཙོན་ལོ་གསུམ་གྱི་ཉེས་ཆད་བཅད་ཆོག

《ཉེས་ཁྲིམས》ཀྱི་དོན་ཚན་བཞི་བརྒྱ་དང་དགུ་པ། འགོས་ནད་འགོག་བཅོས་བྱེད་མཁན་སྲིད་གཞུང་གི་འཕྲོད་བསྟེན་སྲིད་འཛིན་སྡེ་ཁག་གི་ལས་བྱེད་མི་སྣས་འགན་འཁྲི་ནན་པོ་གཏན་ནས་མ་ཁུར་བའི་དབང་གིས་རིམས་ནད་མཆེད་པའམ་ཁྱབ་ནས་ཉེས་ཚབས་ཆེ་བའི་རིགས་ལ་དུས་བཙོན་ལོ་གསུམ་མན་ནམ་བཙན་ཉར་ལས་སྐུལ་གྱི་ཉེས་ཆད་གཅོད་རྒྱུ།

དྲུག འགན་འཛོལ་གྱི་ཉེས་གསོག

“ཏོག་དབྱིབས་ནད་དུག་གསར་པ”འགོག་བཅོས་བྱེད་པའི་ལས་དོན་ཁྲོད་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བས་འགོ་ཁྲིད་དང་། སྒྲིག་འཛུགས། ལག་བསྟར་བཅས་ཀྱི་འགན་འཁྲི་ལྕི་པོ་འཁུར་ཡོད། གལ་ཏེ་འགན་འཁྲི་ནན་པོ་མི་འཁུར་བ་དང་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་མི་སྤྱོད་པའམ་ཡང་ན་ཡང་དག་མི་སྤྱོད་པ། ཡང་ན་རིམས་ནད་སྦས་སྐུང་དང་རྫུན་ཞུ་བྱས་པའམ་ཡང་ན་མི་གཞན་ལ་རིམས་ནད་སྦས་སྐུང་དང་རྫུན་ཞུ་བྱེད་དུ་བཅུག་པ་སོགས་འགན་འཛོལ་གྱི་བྱ་སྤྱོད་སྤེལ་ནས“ཏོག་དབྱིབས་ནད་དུག་གསར་པ”ཁྱབ་པའམ་ཡང་ན་དར་ཁྱབ་བྱུང་ནས་སྤྱིའི་རྒྱུ་ནོར་དང་། རྒྱལ་ཁབ་དང་མི་དམངས་ཀྱི་ཁེ་ཕན་ལ་གྱོང་གུན་ཚབས་ཆེན་བཟོས་ཚེ《ཉེས་ཁྲིམས》ཀྱི་དོན་ཚན་སུམ་བརྒྱ་གོ་བདུན་པའི་གཏན་འབེབས་ལས་འགལ་ནས་འགན་འཛོལ་གྱི་ཉེས་པ་བསགས་པ་དང་། མཐོ་ཤོས་ལ་དུས་བཙོན་ལོ་བདུན་གྱི་ཁྲིམས་ཆད་ཡོད།

《ཉེས་ཁྲིམས》ཀྱི་དོན་ཚན་སུམ་བརྒྱ་གོ་བདུན་པ། རྒྱལ་ཁབ་ལས་ཁུངས་ཀྱི་ལས་བྱེད་མི་སྣས་འགན་དབང་གང་བྱུང་དུ་སྤྱད་པའམ་རང་འཁྲིའི་ལས་འགན་སྣང་མེད་དུ་བཞག་པའི་དབང་གིས་སྤྱིའི་རྒྱུ་ནོར་དང་རྒྱལ་ཁབ་དང་མི་དམངས་ཀྱི་ཁེ་ཕན་ལ་གྱོང་གུན་ཚབས་ཆེན་བཟོས་རིགས་ལ་དུས་བཙོན་ལོ་གསུམ་མན་ནམ་བཙན་ཉར་ལས་བསྐུལ་གྱི་ཉེས་ཆད་གཅོད་རྒྱུ་དང་། ཉེས་ཚབས་ཆེ་ཤོས་ལ་དུས་བཙོན་ལོ་གསུམ་ཡན་ནས་ལོ་བདུན་མན་བར་གྱི་ཉེས་ཆད་གཅོད་རྒྱུ། ཉེས་ཁྲིམས་འདིར་ལོགས་སུ་གཏན་འབེབས་བྱས་ཡོད་ན། གཏན་འབེབས་ལྟར་བྱ་རྒྱུ།

བདུན། འཇིགས་སྐུལ་གྱི་ཆ་འཕྲིན་རྫུན་མ་བཟོ་བ་དང་རྐང་བཙུགས་ནས་ཁྱབ་སྤེལ་བྱེད་པའི་བྱས་ཉེས།

“ཏོག་དབྱིབས་ནད་དུག་གསར་པའི”ཆ་འཕྲིན་རྫུན་མ་བཟོ་བ་དང་བསྒྲགས་པ། སྤྱི་ཚོགས་ཀྱི་སྒྲིག་ལམ་དཀྲུགས་པའི་བྱ་སྤྱོད་ཀྱིས《ཉེས་ཁྲིམས་》ཀྱི་དོན་ཚན་ཉིས་བརྒྱ་གོ་གཅིག་པའི་ནང་གསེས་དོན་ཚན་ཞིག་གི་གཏན་འབེབས་དང་འགལ་ནས་ཆ་འཕྲིན་རྫུན་མ་བཟོ་བ་དང་རྐང་བཙུགས་ནས་ཁྱབ་སྤེལ་བྱེད་པའི་བྱས་ཉེས་བསགས་ཡོད་པས། དུས་བཙོན་ལོ་བདུན་གྱི་ཉེས་ཆད་བཅད་ཆོག

《ཉེས་ཁྲིམས》ཀྱི་དོན་ཚན་ཉིས་བརྒྱ་གོ་གཅིག་པའི་ནང་གསེས་དོན་ཚན་དང་པོ། ཉེན་ཁའི་གནས་ཚུལ་དང་། རིམས་ནད་བྱུང་ཚུལ། གནོད་སྐྱོན་བྱུང་ཚུལ། ཉེན་ཟོན་གནས་ཚུལ་བཅས་རྫུན་མ་བཟོས་ནས་ཆ་འཕྲིན་དྲ་བའམ་ཡང་ན་སྨྱན་སྦྱོར་གཞན་དག་གི་ཐོག་ཁྱབ་སྤེལ་བྱས་པའམ་ཡང་ན་གོང་གསལ་ཆ་འཕྲིན་རྫུན་མ་ཡིན་པ་ཤེས་བཞིན་དུ་ཆ་འཕྲིན་དྲ་རྒྱ་དང་ཡང་ན་སྨྱན་སྦྱོར་གཞན་དག་ཐོག་རྐང་བཙུགས་ནས་ཁྱབ་སྤེལ་བྱས་ནས་སྤྱི་ཚོགས་ཀྱི་སྒྲིག་ལམ་དཀྲུག་རིགས་ལ་དུས་བཙོན་ལོ་གསུམ་མན་ནམ་བཙན་ཉར་ལས་སྐུལ་ལམ་རྩིས་སྤྲོད་དོ་དམ་གྱི་ཉེས་ཆད་གཅོད་རྒྱུ་དང་། ངན་འབྲས་ཚབས་ཆེན་བཟོས་རིགས་ལ་དུས་བཙོན་ལོ་གསུམ་ཡན་ནས་ལོ་བདུན་མན་བར་གྱི་ཉེས་ཆད་གཅོད་རྒྱུ། །


གོང་མ།:བོད་ཀྱི་བརྡ་དག་བྱིས་པའི་ལམ་མཁན་ཞེས་བྱ་བ་བཞུགས་སོ།།

ཞོལ་མ།:ཟ་མ་མ་ཟོས་གོང་ཞོ་བཏུངས་ན་ཁྲག་ཤེད་ཇེ་དམའ་རུ་གཏོང་ཐུབ།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235