མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
བོད་ཀྱི་རིག་གནས།
 

བོད་ཀྱི་བྲིས་གཟུགས་སྒྱུ་རྩལ་པ་དགེ་རྒན་དཔག་བསམ་དོན་འགྲུབ་ལགས་ཀྱི་ངོ་སྤྲོད་རགས་བསྡུས།

ཡོང་ཁུངས།:མཚོ་སྔོན་པོ་དྲྭ་བ།  སྤེལ་དུས།:2017-06-08  རྩོམ་པ་པོ།:མཚོ་སྔོན་པོ་དྲྭ་བ།  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློགས་གྲངས།:

བོད་ཀྱི་བྲིས་གཟུགས་སྒྱུ་རྩལ་པ་དགེ་རྒན་དཔག་བསམ་དོན་འགྲུབ་ལགས་ཀྱི་ངོ་སྤྲོད་རགས་བསྡུས།
བོད་ཀྱི་བྲིས་གཟུགས་སྒྱུ་རྩལ་པ་དགེ་རྒན་དཔག་བསམ་དོན་འགྲུབ།

སོར་མོའི་འདེགས་འཇོག་འཕྲུལ་གྱི་བྲིས་རྩལ་ལས།། ཡིག་རིས་གསེར་གྱི་མེ་ཏོག་ལེགས་པར་འཁྲུངས། །

   བསིལ་ལྡན་བོད་ཀྱི་ལྗོངས་ཞེས་གྲགས་པའི་ཡུལ་ཁམས་འདིར་སྔོན་བྱོན་གྱི་ཡིག་མཁན་ཁྲི་མ་འབུམ་མུ་ཏིག་བསྟར་ལ་བརྒྱུས་པ་བཞིན་བྱུང་སྟེ་སྟག་གཟིག་སྤུངས་ཡིག་དང་།ཀོང་ཙེ་འཕྲུལ་ཡིག་སོགས་བོད་རང་གི་ཡི་གེ་བྲིས་གཟུགས་སུ་ཕབ་ནས་བྲིས་རྒྱུན་གྱི་སྲོལ་བྱུང་ཡོད་ལ།དེ་ནས་རིམ་བཞིན་བོད་ཆེན་པོའི་སྐབས་སུ་ཡིག་གཟུགས་ལ་འགྱུར་བ་ཆེན་པོ་བརྒྱད་བཏང་བ་དང་བསྟན་པ་ཕྱི་དར་ཀྱི་སྐབས་སུ་རྗེ་ས་པཎ་དང་འགྲོ་མགོན་ཆོས་འཕགས།ཁྱུང་པོ་གཡུ་ཁྲི་སོགས་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་དམ་པ་གསེར་གནག་གི་ཕ་བོང་ལྟ་བུ་དེ་དག་གིས་ཕྱག་སོར་གྱིས་བོད་ཀྱི་ཡིག་གཟུགས་ཀྱི་རྒྱུད་ལེགས་པར་མཐུད་དེ་དུས་རབས་འདིར་བསླེབས།ཉེ་རབས་ཀྱི་བྲིས་པ་པཎ་ཆེན་ཆོས་ཀྱི་རྒྱལ་མཚན་དང་། ཨ་མདོའི་བྲིས་པ་སྨོན་ལམ་རྒྱ་མཚོ།ཁམས་ཀྱི་བྲིས་པ་བསོད་ནམས་རྒྱ་མཚོ་སོགས་དུས་རབས་འདིའི་ཁུག་སོ་ནས་བོད་མདོ་དབུས་ཁམས་གསུམ་དུ་ཕྱག་སོར་གྱི་སྨྱུ་གུས་ལྡེམ་མྱུར་གྱི་འཁྱུག་རྩལ་ངོམ་པའི་ཡིག་མཁན་གང་མང་མང་ཞིག་གཅིག་རྗེས་གཉིས་མཐུད་ཀྱིས་བྱུང་ཡོད་པར་མ་ཟད།རྩོམ་པ་ལེགས་ཀྱང་སུག་བྲིས་མི་འཇོན་ན། །དཔའ་རྩལ་ཆེ་བའི་དཔའ་བོ་ལག་རྡུམ་འདྲ་ཞེས་བྲིས་གཟུགས་ལག་རྩལ་ལ་དཔེ་མི་སྲིད་པའི་མཐོང་ཆེན་གནང་སྟེ་བོད་རང་གི་བྲིས་གཟུགས་ཀྱི་རྒྱུན་ལེགས་པར་མུ་རུ་བསྲིངས་ཤིང་སྔར་མེད་ཀྱི་བྲིས་གཟུགས་མང་པོ་གསར་དུ་གཏོད་ལ།བྲིས་དཔེ་ཡི་དཔེ་པོ་ཏི་མང་པོ་ཕྱི་རབས་གངས་ཅན་ཕོ་མོའི་བགོ་སྐལ་དུ་བཞག་ཡོད་པ་ནི་གྲངས་ཀྱིས་ག་ལ་ཟིན།།
   དུས་རབས་འདིའི་དུས་མགོ་ནས་བྱུང་བའི་བོད་ཀྱི་བྲིས་གཟུགས་སྒྱུ་རྩལ་པ་དག་ལས་མཛུབ་མོ་ནང་འགུག་གིས་བགྲང་དུ་རུང་བ་ནི་བོད་ཀྱི་བྲིས་གཟུགས་སྒྱུ་རྩལ་པ་རུ་གྲགས་པའི་ཁམས་དཀར་མཛེས་རྫོང་མི་རིགས་སློབ་འབྲིང་གི་དགེ་རྒན་དཔག་བསམ་དོན་འགྲུབ་མཆོག་རེད།ཁོང་ནི་སྔར་ཏྲེ་ཧོར་ཤོག་ཆེན་བཅོ་བརྒྱད་དུ་གྲགས་པའི་ནང་ཚན་ཁམས་དཀར་མཛེས་རྫོང་དཀར་མཛེས་གྲོང་རྡལ་ཡུལ་པ་ཁག་ཅེས་པའི་ས་ཆར་སྤྱི་ལོ1972ལོར་ཕ་མགོན་པོ་སངས་རྒྱས་དང་མ་དངོས་གྲུབ་ཆོས་མཚོ་གཉིས་ཀྱི་བུའི་ལུས་ཐོབ་བླངས་ཏེ་མི་ཡུལ་གྱི་ཞིང་ཁམས་འགྲིམ།ཆུང་བྱིས་པའི་རྩེད་ར་འགྲིམ་དུས་ནས་རྫོང་དེའི་མདའ་མདོ་ཤང་ཆུ་ཁ་གྲོང་གི་ལྕགས་ལེབ་ཚང་སྟེ་མ་དྲིན་མོ་ཆེའི་ཁྱིམ་ཚང་དེར་སོང་བས་ཞང་པོ་དྲིན་ཆེན་བསྟན་བཟང་པོ་དང་།ཨ་ཕྱི་ཚངས་དབང་ལྷ་མོ། ཨ་ཕྱི་སྒྲོལ་མ་ལྷ་མོ་སོགས་ཀྱིས་གཉོར་སྐྱོང་གི་བསོད་ནམས་ལོངས་སུ་སྤྱད་ཅིང་བྱིས་དུས་ཀྱི་རྨི་ལམ་ཐོག་མ་ཁྱིམ་རྒྱུད་དེ་ག་ནས་རྨིས།ཁྱིམ་རྒྱུད་དེ་ནི་མི་རབས་དུ་མར་མཁས་གྲུབ་གཉིས་ལྡན་གྱིས་སྐྱེས་བུ་དམ་པ་དུ་མ་ཟིམ་མ་ཆད་པར་བྱུང་མྱོང་བའི་ཁྱིམ་རྒྱུད་ཁྱད་པར་བ་ཞིག་ཡིན་སྟབས། ཁྱིམ་མི་སྐྱེས་ཕོ་མོ་མེད་པར་བོད་རང་གི་ཡི་གེའི་སྦྱོར་ཀློག་ལ་ཐོགས་པ་མེད་ལ།ལྷག་ཏུ་མཁས་གྲུབ་གཉིས་ལྡན་གྱི་ཞང་པོ་བསྟན་བཟང་པོས་ཆུང་དུས་ནས་དབྱངས་གསལ་གྱི་འབྲི་ཀློག་ནས་མགོ་བཟུང་ཞིང་ལེགས་པར་བསླབས་པས་བྱིས་དུས་ཀྱི་གོམ་འགྲོས་དབྱངས་གསལ་དང་འགྲོགས་ནས་ནར་སོན་ཡོད་སྟབས།རྩེད་ར་ཆུང་ཆུང་ནས་རང་ལོ་དྲུག་གི་དུས་ལ་བསླེབས་སྐབས་སམ་ཊའི་ངོས་སུ་བྲིས་གཟུགས་སྦྱངས་ཤིང་།དཔེ་རིང་དཔེ་ཐུང་གི་འདོན་ཆའི་ངོས་ནས་ཡི་གེ་སྦྱོར་ཀློག་གི་ལས་ལ་ཞུགས་ཏེ་ཆུང་བྱིས་པའི་དུས་ནས་མི་སྙིང་རུས་ཅན་ཞིག་ཏུ་གྱུར་པས་མ་ཚད།བྱིས་པ་གཞན་དག་དང་མི་འདྲ་བར་བོད་ཀྱི་བྲིས་གཟུགས་སྒྱུ་རྩལ་ལ་དམིགས་བསལ་གྱིས་བརྩེ་བ་དང་དུངས་ཞེན་ཞིག་ཆགས།
   སློབ་ལོ་རན་པའི་དུས་སྐབས་དང་བསྟུན་ཏེ་རྫོང་སློབ་ཆུང་དང་པོའི་སྒོ་ཐེམ་དུ་ཤེས་རིག་ལ་འཇུག་པའི་གོམ་ཆུང་ཐོག་མ་དེ་སྤོས་ཤིང་།རྒྱ་བོད་ཡིག་རིགས་ཀྱི་རྨང་གཞིའི་སྦྱོར་ཀློག་ནས་མགོ་བཟུང་ཞིང་བརྩོན་པའི་སྙིང་སྟོབས་ལ་ཞུམ་མེད་ཀྱི་སྤོབས་པས་རིང་དུ་བསྲིངས་པས་རང་ལོ་བཅུ་གཅིག་གི་གཞོན་ནུའི་བློ་སྤོབས་ཀུན་ནས་རྒྱས་པའི་ལོ་དེར་དཀར་མཛེས་རྫོང་མི་རིགས་སློབ་འབྲིང་དུ་རྒྱུགས་འཕྲོད།སློབ་གྲྭ་དེ་ག་ནས་སྔར་བཞིན་ནངས་སྔ་ལངས་དང་དགུང་ཕྱི་ཉལ་གྱིས་བརྩོན་པའི་དད་འདུན་ཕྱིར་མི་ལྡོག་པའི་དམ་ཚིག་གིས་ཀུན་ནས་སྲུང་བས་སྤྱི་ལོ1987ལོའི་དབྱར་ཟླ་འབྲིང་པོའི་དུས་ཚིགས་ཤིག་ཏུ་དཀར་མཛེས་མི་རིགས་དགེ་ཐོན་སློབ་གྲྭའི་བསྡུ་ལེན་བརྡ་ཐོ་ཁོའི་ལག་ཏུ་འབྱོར།དེ་ནི་ཁོང་རང་གིས་ཡུན་རིང་ཕུགས་སུ་ཉལ་བའི་འདུན་པའི་རྨི་ལམ་བཟང་པོ་མངོན་དུ་འགྱུར་བ་ཅི་ལ་མིན།དུས་དེ་ནས་བཟུང་ཁོས་མི་ཚེའི་གོམ་འགྲོས་རིང་མོའི་དམིགས་འབེན་ཤེས་རིག་ལ་ཕྱོགས་པའི་འཚོལ་སྙེགས་ཀྱི་གོམས་སྟབས་མ་ལྷོད་པར་ཉིན་མཚན་དུས་དྲུག་ཀུན་ཏུ་བརྩོན་པའི་གཤོག་ཟུང་རབ་ཏུ་བརྐྱངས་ཤིང་སློབ་གྲྭ་དེ་ག་ནས་རྒྱ་བོད་ཡིག་རིགས་ཀུན་གྱི་སྦྱངས་བྱའི་ལེ་ཚན་ཀུན་ལ་ཆགས་མེད་དུ་འཇུག་སྟེ།ཞོར་ནས་རང་ཉིད་ཀྱི་དགའ་མོས་ལྟར་བོད་ཡིག་བྲིས་གཟུགས་སྦྱོང་བརྡར་གྱི་ལས་ཀར་བརྩོན་པས་སློབ་གྲྭ་དེ་གའི་དགེ་རྒན་གླང་སྣ་དགོན་པའི་དགེ་བའི་བཤེས་གཉེན་བཀྲ་ཤིས་དོན་འགྲུབ་མཆོག་དང་ཞང་པོ་བསོད་ནམས་དབང་རྒྱལ།དགེ་བའི་བཤེས་གཉེན་བསོད་ནམས་རྒྱ་མཚོ་སོགས་ཀྱིས་དངོས་ཤུགས་གང་རུང་བརྒྱུད་ནས་མཛུབ་སྟོན་དང་སྐུལ་ལྕག་གནང་བའི་ཐུགས་རྗེའི་འོག་ནས་བྲིས་གཟུགས་སྦྱོང་བརྡར་གྱི་མཐུན་རྐྱེན་ཡོངས་སུ་ཚང་བས་མ་ཚད། ཉིན་ཞིག་ལ་སློབ་གྲོགས་བུ་མོ་ཞིག་གིས་བྲིས་དཔེ་རྙིང་བ་ཞིག་ཁོ་བོའི་ལག་ཏུ་བཞག་ནས་འདི་ནི་ཁོ་མོའི་ཞང་བོའི་བྲིས་དཔེ་ཞིག་ཡིན་ལ་ཁྱོད་ནི་བོད་ཡིག་བྲིས་གཟུགས་ལ་དགའ་མོས་ཅན་ཞིག་ཡིན་པས་འདིས་ཁྱོད་ལ་ཕན་རེ་ཐོགས་ན་སྲིད་ཅེས་ཟེར་བཞིན་བྲིས་གཟུགས་འབྲི་དེབ་རྙིང་བ་ཞིག་ཁོའི་ལག་ཏུ་བཞགཡུལ་ཁམས་དེར་མཚོན་ན་སྐབས་དེ་དུས་བོད་ཡིག་གི་དཔེ་དེབ་ཅིག་ལག་སོན་བྱུང་དགོས་ན་ཅི་འདྲའི་དཀའ་ཆེ་བ་ཞིག་ཅི་ལ་མིན།བྲིས་དཔེ་རྙིང་བ་དེ་ནི་བོད་ཡིག་བྲིས་གཟུགས་གྲགས་ཅན་དགེ་རྒན་བསོད་ནམས་རྒྱ་མཚོ་མཆོག་གི་ཕྱག་བྲིས་འབྲི་དེབ་རྙིང་བ་ཞིག་ཡིན་པས་ཁོ་ལ་མཚོན་ན་དུས་ཐོག་ཆར་བར་གྱུར་བ་རེད།ཁོས་དགའ་བ་འབུམ་གྱིས་མྱོས་ཤིང་བརྩོན་པའི་དད་འདུན་ལ་སྔར་བྱུང་མ་མྱོང་བའི་སྤོབས་པས་ཀུན་ནས་བརྟས་ཏེ་དེར་དཔེར་བལྟས་ནས་འདྲ་བཤུ་སོགས་ཀྱིས་སྦྱོང་བརྡར་བརྒྱུད་པས་བྲིས་གཟུགས་སྒྱུ་རྩལ་ལ་སྔར་མེད་ཀྱི་ཡར་རྒྱས་ཆེན་པོ་བྱུང་།
    སྤྱི་ལོ1991ལོར་སྦྱངས་བའི་འབྲས་བུས་བསམ་བློའི་རྒྱགས་ཕྱེ་རུ་བལྟམས་ནས་དཀར་མཛེས་མི་རིགས་དགེ་འོས་སློབ་གྲྭ་ནས་མཐར་ཕྱིན་པ་དང་དཀར་མཛེས་རྫོང་གསེར་ཆུ་ཤང་མཐའ་སྨད་གྲོང་གི་སྡེ་བའི་སློབ་ཆུང་དུ་དགེ་རྒན་གྱི་བྱ་བ་རླབས་པོ་ཆེ་ཕྲག་ཏུ་བཞེས།སློབ་ཆུང་དེ་ག་ནས་བགྲང་བྱ་གསུམ་ལྷག་གི་རིང་ལ་སློབ་ཁྲིད་དགེ་རྒན་དང་སློབ་གཙོ་སོགས་ཀྱི་བྱ་བའི་ལས་འགན་ལྕི་མོ་གཅིག་ལྕོགས་སུ་བཞེས་པས་སྡེ་བ་དེ་གར་བོད་ཡིག་གི་བསྟན་པ་དར་དུ་བཅུག་སོང་ཞེས་གཟུར་གནས་ཀྱི་མི་སྣ་མང་པོས་བསྟོད་པའི་མཐེ་བོང་བསྒྲེངས་ཏེ་བསྔགས་བརྗོད་ཀྱི་མེ་ཏོག་གཏོར།སྤྱི་ལོ1994ལོ་ནས་ཀ་བྲག་ལྟེ་གནས་སློབ་ཆུང་དང་གསེར་ཆུ་ཤང་ལྟེ་གནས་སློབ་ཆུང་གཉིས་ནས་ལོ་ཧྲིལ་པོ་བཅུ་ཡི་རིང་ལ་སློབ་དོན་ཁང་གི་ཀྲུའུ་རེན་དང་སློབ་གཙོ་སོགས་ཀྱི་བྱ་བའི་འགན་བཞེས་ཤིང་ལུས་སེམས་གཉིས་ཀྱི་མི་རིགས་སློབ་གསོའི་ཐད་ལ་བྱ་གཞག་དང་མཛད་རྗེས་གསུབ་ཏུ་མེད་པ་བཞགསྤྱི་ལོ2004ལོ་ནས་དཀར་མཛེས་བོད་ཡིག་སློབ་འབྲིང་དུ་ལས་གནས་སྤོར་ཏེ་སྔར་བཞིན་དགེ་རྒན་གྱི་མཛད་འཕྲིན་བསྐྱངས་བས་མ་ཚད་སློབ་གྲྭ་དེ་གའི་སློབ་དཔོན་རྒན་རབས་དག་དགེ་རྒན་དུ་བསྟེན་ཏེ་རང་ཉིད་ཀྱི་སྔར་ཡོད་ཤེས་བྱའི་ཆུ་ཚད་འཐུས་ཚང་དུ་གཏོང་བར་བརྩོན་པའི་རྒྱུན་མུ་རུ་བསྲིངས་བས་རང་ཉིད་ཀྱི་རྒྱུད་ལ་སྔར་མེད་པའི་ཤེས་བྱ་གང་མང་འབྱོར།སྤྱི་ལོ2008ལོར་བོད་ཡིག་སློབ་འབྲིང་དེ་མི་རིགས་སློབ་འབྲིང་དུ་བསྡུས་བ་ན་སྔར་བཞིན་སློབ་གྲྭ་རང་མལ་ནས་དགེ་རྒན་གྱི་མཛད་བཟང་གཉེར་ཏེ་སྔ་ཕྱིར་སློབ་མ་སྟོང་ལ་ཉེ་བ་ལེགས་པའི་ལམ་ནས་གསོ་སྐྱོང་གནང་སྟེ་སློབ་ཆེན་གྱི་སྒོ་ཐེམ་དུ་བསྐྱལ།
   སྔ་ཕྱིར་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོ་དང་དར་མདོ་མི་རིགས་དགེ་འོས་སློབ་གྲྭསི་ཁྲོན་དགེ་འོས་སློབ་གྲྭ་ཆེན་མོ།དཀར་མཛེས་ལས་བྱེད་སློབ་གྲྭ་སོགས་སུ་ཐེངས་གང་མང་ལ་ཟབ་སྦྱོང་དང་ཆེད་སྦྱོང་སོགས་ཀྱི་གོ་སྐབས་རྙེད་དེ་བོད་ཀྱི་སློབ་གསོ་བ་ཆེན་མོ་དགེ་རྒན་དཔལ་ལྡན་ཉི་མ་དང་དགེ་རྒན་སྐལ་བཟང་ཆོས་འཕེལ།དགེ་རྒན་ཚེ་རིང་དབང་རྒྱལ།དགེ་རྒན་སྐལ་ལོ་ཉི་མ་སོགས་སློབ་དཔོན་དུ་བསྟེན་ནས་ཤེས་བྱའི་བདུད་རྩིས་རང་རྒྱུད་ཀྱི་བུམ་བཟང་ཡོངས་སུ་བལྟམས་བས་གཞོན་རབས་ཁྲོད་ཀྱི་དགེ་རྒན་རེ་བ་ཅན་ཞིག་ཏུ་གྱུར།སྤྱི་ལོ2014ལོར་དཀར་མཛེས་ཁུལ་གྱི་སློབ་འབྲིང་དགེ་རྒན་གྱི་སློབ་ཁྲིད་འགྲན་བསྡུར་ཁྲོད་ཨང་དང་པོའི་བྱ་དགའ་བླངས་པར་མ་ཟད།ཞིང་ཆེན་དང་རྫོང་རིམ་པའི་ཡིག་གཟུགས་འགྲན་བསྡུར་ཁྲོད་ཐེངས་གང་མང་ལ་བྱ་དགའ་བླངས་བ་དང་སྤྱི་ལོ2015ལོའི་ཟླ7པར་དཀར་མཛེས་ཁུལ་བོད་ཡིག་བྲིས་གཟུགས་མཐུན་ཚོགས་ཀྱིས་བོད་ཡིག་བྲིས་གཟུགས་སྒྱུ་རྩལ་པ་དང་དཀར་མཛེས་ཁུལ་ཡིག་གཟུགས་མཐུན་ཚོགས་ཀྱི་བོད་ཡིག་བྲིས་གཟུགས་གསར་རྩོམ་མི་སྣའི་མཚན་སྙན་གྱི་གཟི་བརྗིད་དཔང་ཡིག་ཐོབ་ཡོད་ལ།ཁོང་གི་བྲིས་གཟུགས་ཀྱི་བརྩམས་ཆོས་རྣམས་སྔ་རྗེས་སུ་དར་མདོ་དང་།ར་རྔ་ཁ།བརྒྱད་ཟིལ་རྫོང་དང་།ཙི་དབྱང་དང་ཁྲེང་ཏུའུ་གྲོང་ཁྱེར་སོགས་སུ་བཤམ་སྟོན་བྱས་པས་བོད་ཀྱི་བྲིས་གཟུགས་སྒྱུ་རྩལ་གྱི་ཆེད་མཁས་པ་གང་མང་གིས་གདེང་འཇོག་ཚད་མཐོན་པོ་གནང་།སྔ་ཕྱིར་ཁམས་ཕྱོགས་ཀྱི་ཆེས་ཐོག་མའིལྕགས་སྨྱུག་གིས་བོད་ཡིག་དབུ་ཅན་འབྲི་ཐབས་ཀྱི་དཔེ་གཞིདང་།ཆུང་འབྲིང་སློབ་མའི་བོད་ཡིག་བསྐྱར་སྦྱོང་གནད་བསྡུསཞེས་པའི་གསུང་རྩོམ་དེབ་གཉིས་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་དང་།སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་སོ་སོས་དཔར་བསྐྲུན་བྱས་པས་བོད་ཀྱི་རིག་གནས་ལ་འཇུག་པའི་དགེ་སློབ་དག་ལ་ཕན་ཐོགས་བླ་ན་མེད་པ་བྱུང་།དེ་བཞིན་དུ་བོད་ཀྱི་ཐང་གའི་སྒྱུ་རྩལ་གྱིས་མཐའ་རྒྱན་སྤྲས་པའི་བྲིས་གཟུགས་རྣམས་ལ་རྒྱ་ཆེའི་ཤེས་ཡོན་པས་ལེགས་བསྟོད་ཀྱི་གདེང་འཇོག་ཚད་མཐོན་པོར་བྱས་ཤིང་།བོད་ཀྱི་ཕུལ་བྱུང་རིག་གནས་ཉམས་པ་སོར་ཆུད་དང་།མི་ཉམས་གོང་འཕེལ་ཡོང་བ་ལ་སྲི་ཞུ་གང་མང་སྒྲུབ།ཁོང་གིས་བགྲང་བྱ་མང་པོའི་རིང་ལ་བོད་ཀྱི་བྲིས་གཟུགས་ཀྱི་སྒྱུ་རྩལ་ལ་སློབ་སྦྱོང་དང་ཉམས་ཞིབ་བྱས་པ་དང་།ཁྱད་པར་དུ་བོད་ཀྱི་སྨྱུག་ཐོགས་པ་གྲགས་ཅན་ས་སྐྱ་གླང་སྣ་དགོན་པའི་དགེ་བའི་བཤེས་གཉེན་ཆེན་མོ་བཀྲ་ཤིས་དོན་འགྲུབ་ཀྱི་ཡིག་ཚུགས་སྒྱུ་རྩལ་གྱི་མན་ངག་བུམ་པ་གང་བྱོའི་ཚུལ་དུ་ལེགས་པོར་ཐོབ་ཡོད་པས་མན་ངག་དེའི་རྒྱུན་ལེགས་པར་མཐུད།དཀར་མཛེས་མི་རིགས་སློབ་འབྲིང་ནས་ཡིག་གཟུགས་དགའ་མོས་ལྷན་ཚོགས་ཞེས་པ་ཡིག་གཟུགས་ལ་རང་མོས་ཀྱིས་སྦྱོང་བརྩོན་ཅན་སློབ་མ་ཉི་ཤུ་ལྷག་བསྡུས་ཏེ་བོད་ཡིག་གི་བྲིས་གཟུགས་ཀྱི་རྒྱུན་ཕྱི་རབས་སྐལ་ལྡན་ཕོ་མོའི་རྒྱུད་དུ་བསྩལ་དང་སྩོལ་བཞིན་པ་དང་།རྫོང་རིག་གནས་ཁང་དུ་ཁམས་རིས་ལས་དོན་ཁང་ཞེས་པ་གསར་འཛུགས་བྱས་ནས་བྲིས་གཟུགས་སྒྱུ་རྩལ་བཤམས་སྟོན་དང་ཁྱབ་སྒྲོགངོ་སྤྲོད་སོགས་ཀྱི་ལས་ཀ་གཙོ་བོར་བྱས་ནས་བོད་ཡིག་བྲིས་གཟུགས་ཀྱིས་མི་གང་མང་ལ་ཤུགས་རྐྱེན་ཐེབས་སུ་བཅུགདར་མདོ་དྭ་ཕྲུག་སློབ་གྲྭ་དང་དཀར་མཛེས་རྫོང་མི་རིགས་སློབ་འབྲིང་།ཁམས་བྱང་ཕན་བདེ་ཁང་སོགས་སུ་རང་ཉིད་ཀྱི་བརྩམས་ཆོས་དཔེ་ཆ་གཉིས་པོ་ཚར་སྟོང་ལ་ཉེ་བ་ཞིག་རིན་མེད་ཀྱི་ངང་ནས་གཟིགས་འབུལ་དུ་ཕུལ།དཔག་བསམ་སློབ་ཞུགས་རོགས་དངུལ་བྱ་དགའ་ཞེས་པ་གསར་འཛུགས་མཛད་ནས་དབུལ་ཕོངས་ཉམ་ཐག་གི་སློབ་མ་མང་པོ་ལ་སློབ་སྐུལ་གྱི་བྱ་དགའ་དང་སློབ་ཞུགས་ཀྱི་གོ་སྐབས་སྤྲད།
   ད་ལྟར་དཀར་མཛེས་ཁུལ་བགྲེས་པོ་བྲིས་གཟུགས་མཐུན་ཚོགས་ཀྱི་ཚོགས་མི་དང་།དཀར་མཛེས་ཁུལ་བྲིས་གཟུགས་མཐུན་ཚོགས་ཀྱི་ཚོགས་མི།དཀར་མཛེས་ཁུལ་བོད་ཡིག་གི་བྲིས་གཟུགས་མཐུན་ཚོགས་ཀྱི་ཚོགས་མི།དཀར་མཛེས་ཁུལ་བྲིས་གཟུགས་མཐུན་ཚོགས་ཀྱི་བོད་ཡིག་བྲིས་གཟུགས་གསར་རྩོམ་མི་སྣ་བཅས་ཀྱི་འགན་གཅིག་ལྕོགས་སུ་བཞེས་ཤིང་དཀར་མཛེས་རྫོང་མི་རིགས་སློབ་འབྲིང་དུ་བོད་ཀྱི་སྐད་ཡིག་སློབ་ཁྲིད་ཀྱི་ཕྱག་ལས་གནང་གིན་སྐལ་ལྡན་སློབ་མ་མང་པོར་ཤེས་བྱའི་བགོ་སྐལ་ཕངས་མེད་དུ་སྩོལ་བཞིན་བཞུགས་ཡོད་ལ།བྱ་བའི་འགན་འཁྲི་ལྕི་མོ་དེ་དག་གི་ཞོར་དུ་དགེ་རྟག་གཞས་དེ་ནང་དོན་བྱས་པའི་བོད་ཡིག་བྲིས་གཟུགས་ཞལ་ཐང་རིང་མོ་ཞེས་པ་གསར་གཏོད་གནང་སྟེ་དངོས་སུ་ཕྱག་བྲིས་ཀྱི་མགོ་བརྩམས་ཡོད་པ་དང་།སྤྱི་ལོ2016ལོར་ཡོངས་སུ་ལེགས་འགྲུབ་བྱས་ཏེ་ཁམས་པའི་སྒྱུ་རྩལ་དུས་ཆེན་སྟེང་དུ་བཤམ་སྟོན་གྱི་འཆར་འགོད་གནང་གི་ཡོད་པས་འདི་ནས་དགེ་རྒན་དཔག་བསམ་དོན་འགྲུབ་ཁོང་གི་ཕྱག་སོར་ཀྱི་འཕྲུལ་འཁོར་ལས་སྔར་མེད་ཀྱི་བརྩམས་ཆོས་གང་མང་ལེགས་པར་འཁྲུངས་ཤིང་ཕུགས་ཀྱི་འདུན་མར་གེགས་མེད་ལྷུན་གྱིས་འགྲུབ་པའི་སྨོན་འདུན་གང་མང་ཞུས་པ་ཡིན་ནོ།།

གོང་མ།:ལྷ་རིས་པ་ཆོས་འཁོར་བསྟན་འཛིན།

ཞོལ་མ།:བསེ་ཚང་བློ་བཟང་དཔལ་ལྡན་ཆོས་ཀྱི་རྡོ་རྗེ་མཆོག་གི་ངོ་སྤྲོད་མདོར་བསྡུས།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235