མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
བོད་ཀྱི་རིག་གནས།
 

ཁྲི་ཀ་དང་འབྲེལ་བའི་ས་མིང་གི་སྐོར་ལ་དཔྱད་པ།

ཡོང་ཁུངས།:ཁྲི་ཀའི་རིག་གནས།  སྤེལ་དུས།:2018-08-14  རྩོམ་པ་པོ།:འཇམ་རྐང་གསང་བདག་ཚེ་རིང་།  རྩོམ་སྒྲིག་པ།:    ཀློགས་གྲངས།:

ཏུན་ཧོང་ཡིག་ཚགསP.T.996པར་བྱུང་བའི་ཁྲི་ཀ་དང་འབྲེལ་བའི་ས་མིང་གི་སྐོར་ལ་དཔྱད་པ།

ནང་དོན་གནད་བསྡུས།  དཔྱད་རྩོམ་འདིར་ཏུན་ཧོང་ཡིག་ཚགསP.T.996པར་བྱུང་བའི་ས་མིང་ལས། ཁྲྀ་ག་དང་ཁྲྀ་ག་ཞོང་པོང་། ཁྲྀ་ག་མཁར་གོང་དང་ཁྲྀ་ག་མོང་ཡོག སྲྀན་པོ་རི་དང་ཨན་ཆུང་དབེན་ས། ཙོང་ཀ་སོགས་གཙོ་གནད་དུ་བཟུང་སྟེ་དཔྱད་པ་བཏང་ཡོད་ལ། དེ་དག་དེང་གི་སྲིད་འཛིན་གྱི་ས་ཁོངས་དབྱེ་སྟངས་ལྟར་རེ་རེ་ཇི་བཞིན་ངོས་འཛིན་བྱས་ཏེ་དཔྱད་པ་བགྱིས་ཡོད།

བརྡ་ཆད་གཙོ་བོ།  P.T.996 ས་མིང་། ཁྲི་ཀ

        གླེང་གཞི།

ཏུན་ཧོང་ཡིག་ཚགསP.T.996པ་ནི་མདོ་སྨད་ཙོང་ཁའི་གནས་ཚུལ་སོགས་བཀོད་ཡོད་པའི་ཡིག་ཆ་རྩ་ཆེན་ཞིག་ཡིན་ཏེ། དེར་མཁན་པོ་ནམ་མཁའི་སྙིང་པོ་དང་དགེ་སློང་སྤུག་ཡེ་ཤེས་དབྱངས་གཉིས་དང་འབྲེལ་བའི་མདོ་སྨད་ཕྱོགས་ཀྱི་ཙོང་ཁ་དང་ཁྲི་ཀ བྱང་ཕྱོགས་ཀྱི་ཤ་ཅུ་སོགས་དང་འདབས་འབྲེལ་བའི་ས་མིང་སྐོར་ཞིག་བྱུང་ཡོད་ལ། དེ་དག་གིས་མཁན་པོ་ནམ་མཁའི་སྙིང་པོ་དང་དགེ་སློང་སྤུག་ཡེ་ཤེས་དབྱངས་གཉིས་ཀྱི་མི་ཚེའི་ལོ་རྒྱུས་དང་སྒོས་སུ་བཙན་པོའི་རྒྱལ་རབས་དུས་མཇུག་གི་མདོ་སྨད་ཀྱི་གནས་ཚུལ་ཞིབ་འཇུག་ལ་རྒྱུ་ཆ་ཁུངས་བཙུན་ཞིག་སྤྲད་འདུག ཡིན་ནའང་མིག་སྔའི་བར་ཡིག་ཆ་དེར་དཔྱད་པ་བཏང་མྱོང་མཁན་ཉུང་ལ། སྒོས་སུ་ཡིག་ཆར་བྱུང་བའི་ས་མིང་གི་སྐོར་ལ་དཔྱད་ཡོད་པ་མེད་པས་སྟོང་ཆ་ལྟ་བུར་ལུས་འདུག་སྟེ། ཡིག་ཆར་བྱུང་བའི་ཁྲི་ཀ་གོང་འོག་དང་འབྲེལ་བའི་ས་མིང་དེ་དག་དེང་སྐབས་ཀྱང་ཇི་བཞིན་ངོས་འཛིན་བྱེད་ཐུབ་པས།ཞིབ་འཇུག་གི་རིན་ཐང་ཆེ་བར་འདོད།

གཅིག  ཁྲི་ཀ་དང་འབྲེལ་བའི་ས་མིང་གི་སྐོར་བཤད་པ།

ཏུན་ཧོང་ཡིག་ཚགསP.T.996པར་མཁན་པོ་ནམ་མཁའི་སྙིང་པོ་དང་སྤུག་ཡེ་ཤེས་དབྱངས་གཉིས་ཀྱིས་སྐུ་ཚེ་སྨད་དུ་ཁྲི་ཀ་ལྟེ་བ་བྱས་པའི་འདབས་འབྲེལ་གྱི་ས་ཆ་ནས་ཆོས་སྤེལ་བ་དང་། མཐའ་མར་ཡང་ཁྲི་ཀ་ནས་སྐུ་གཤེགས་ཚུལ་གསལ་ལ། དེའི་གོ་རིམ་ཁྲོད་ཁྲི་ཀ་དང་འབྲེལ་བའི་ས་མིང་སྐོར་ཞིག་ཀྱང་བྱུང་ཡོད་པར་མ་ཟད། དེང་སྐབས་ཀྱང་ཇི་བཞིན་ངོས་འཛིན་བྱེད་ཐུབ་པས་འདིར་གླེང་བར་བྱ་སྟེ།

1.སྲྀན་པོ་རི།

ཏུན་ཧོང་ཡིག་ཚགསP.T.996པའི་ཁྲོད་དུ་སྲྀན་པོ་རི་ཞེས་སྔ་ཕྱིར་ཐེངས་གཉིས་བྱུང་ཡོད་ལ། སོ་སོར་མཁན་པོ་ནམ་མཁའི་སྙིང་པོའི་ལོ་རྒྱུས་ཀྱི་སྐབས་དང་དགེ་སློང་སྤུག་ཡེ་ཤེས་དབྱངས་ཀྱི་ལོ་རྒྱུས་ཀྱི་སྐབས་སུ་བྱུང་། དེའི་ཚུལ་མདོར་བསྡུས་ཤིག་ཡིག་ཆར་གསལ་ཏེ་མ་ཡིག་ཇི་བཞིན་བཀོད་ན་འདི་ལྟར།“(མཁན་པོ་ནམ་མཁའི་སྙིང་པོ)ལོ་བདུན་ཅུ་རྩ་གཅྀག་སྟེ།    ཁྱྀ་འྀ་ལོའི་དཕྱིད་སླ་ར་བ་ཚེས་ཉྀ་ཤུ་དགུ་ལ།   ཞོང་པོང་གི་ དགོན་སར་སྐྱྀལ་མོ་གྲུང་མ་གཡོས་། མདངས་མ་གྱུར་པར་དུས་ལས་འདས་སོ། དེའི་ནུབ་མོ་ནམ་གྀ་གུང་ལ་།  དབེན་སའྀ་ལྟ་འོག་གི་ཞོང་པོང་གི་རི་རྒྱུད་ནས། སྲྀན་པོ་རྀའི་བར་གྀ་ནམ་ཀ་ལ་འོད་ཆེན་པོ་གཉྀས་ཆགས་སུ་བྱུང་བས་ཡུལ་ཕྱོགས་༄། །གསལ་བར་གྱུར་ཏེ།   ནུབ་ཕོགས་སུ་འདས་པར་གྱུར” ཞེས་དང་།  “ཨན་ཅུང་འཁོར་དུ་སྤུར་སྐྱེལ་བ། དགེ་སློང་འབྲོ་ཤག་ཀྱ་ལས་སྩོགས་པས་བསྐྱལ་པའྀ་ཚེ།  སྲྀན་པོ་རྀ་འི་རྩེར་ཕྱྀན་པ་དང། ནམ་ཀའྀ་ལས་མཚོན་སྤྲྀན་སྣ་ལྔ་སྨུག་པར་ཆགས་ཏེ། ཨན་ཆུང་དབེན་སར་ཕྱྀན་གྀ་བར་དུ་ནམ་ཀ་ལ་རྀ་རྩེར་ཕྱྀན་ཕྱྀན་གྀ་བར་དུ་གདའ།། །། །།”ཞེས་མཁན་པོ་ནམ་མཁའི་སྙིང་པོ་མཆོག་སྐུ་གཤེགས་པའི་ཉིན་གྱི་ནམ་གུང་ལ་སྲིན་པོ་རི་རྩེ་ནས་འོད་ཆེན་པོ་གཉིས་བྱུང་ནས་ཡུལ་ཕྱོགས་གསལ་བར་བྱས་ཚུལ་དང་། གཞན་དགེ་སློང་སྤུག་ཡེ་ཤེས་དབྱངས་སྐུ་གཤེགས་པའི་རྗེས་སུ་ཁོང་གི་སྤུར་གདུང་དགེ་སློང་འབྲོ་ཤཀྱ་སོགས་ཀྱིས་ཁྲི་ག་ནས་སྲིན་པོ་རི་བརྒྱུད། ཨན་ཆུང་དབེན་སར་སྐྱེལ་ཚུལ་བཀོད་འདུག་ལ། སྲིན་པོ་རི་ནི་སྐབས་དེའི་གནས་རི་འགངས་ཆེན་ཞིག་ཡིན་པའང་ཤུགས་ནས་རྟོགས་ཐུབ།

དེ་ཡང་དེང་གི་ཆར་སྲིན་པོ་རི་ཞེས་ཁྲི་ཀ་རྫོང་མཁར་གྱི་བྱང་ཤར་མཚམས་སུ་ཡོད་ལ་ས་དེ་གའི་ཡུལ་མི་དག་གིས་ཨ་མྱེས་སྲིན་པོའང་སྲིན་པོ་རྫ་རི་ཞེས་འབོད། དེ་ནི“ཁྲི་ཀ་གོང་འོག་གི་ས་མཚམས་སུ་སྲིན་པོ་རི། བྲག་དཀར་སྔགས་རམས་པའི་རྣམ་ཐར་ཏུ། སྟོད་མི་ལ་སྨད་སྦྲུལ་མཇུག་ཏུ་འཁྱིལ་བ་འཇམ་དབྱངས་ན་ག་རཀ་ཤར་འདྲ”ཚུལ་སོགས་ཁྲི་ཀ་གོང་འོག་སྟེ་དེང་གི་གཅན་ཚ་དང་ཁྲི་ཀའི་བར་དུ་ཆགས་པའི་གནས་རི་འགངས་ཆེན་ཞིག་ཡིན་ནོ།།

2.ཁྲྀ་ག་མཁར་གོང་དང་ཁྲྀ་ག་མོང་ཡོག་གི་སྐོར།

ཏུན་ཧོང་ཡིག་ཚགསP.T.996པའི་དོན་ཚན་གཉིས་པའི་ཁྲོད་དུ་ཁྲི་ཀའི་ཡུལ་གྱི་མཁར་གོང་མ་དང་། མོང་ཡོག་སོགས་ས་མིང་སྐོར་ཅིག་བྱུང་ཡོད་ལ། མ་ཡིག་ཇི་བཞིན་བཀོད་ན་འདི་ལྟར།  “འདྀ་བསྡུས་པའྀ་བསམ་གཏན་གྀ་ཾཁན་པོ་། ཁྲྀ་ག་མོང་ཡོག་མདའ་ན། ཚྀག་ཙ་ནམ་ཀའྀ་སྙྀང་པོའྀ་དབེན་སར་། སྔ་དྲོ་མ་ཡོས་བཞྀན་དུ་ཚེ་འདས་ཏེ། སླད་ཀྱྀས་སློབ་མ་རྣམས་ཀྱྀས་ང་ཙེའྀ་གཙུག་ལག་ཁང་དུ་བསོད་ནམས་བགྱྀས་ནས། སྤྲུར་ཨན་ཅུང་དབེན་སར་འཁོར་དུ་ཡུལ་མྱྀ་རྣམས་ཀྱྀས་པན་གདུགས་ཀྱྀས་དྲངས་ཏེ་བསྐྱལ་པའྀ་ཚེ། ཁྲྀ་ག་མཁར་གོང་དུ་། སྟེང་གྀ་ནམ་ཀ་ལ་སྤྲྀན་མཚོན་སྔ་ལྔ་བྱུང་བ་ཡང་། ཡུལ་མྱྀ་དང་ཕྱུགས་རྫྀ་ཐམས་ཅན་ཀྱྀས་མཐོང་།”ཞེས་བསམ་གཏན་གྱི་མཁན་པོ་སྤུག་ཡེ་ཤེས་དབྱངས་དགུང་ལོ་བརྒྱད་ཅུར་སོན་པ་ན་ཁྲི་ག་མོང་ཡོག་མདའ་ནས་སྐུ་གཤེགས་པ་དང་། ཁོང་གི་སློབ་མ་རྣམས་ཀྱིས་ང་ཙེའི་གཙུག་ལག་ཁང་ནས་བསོད་ནམས་བགྱིས་ཏེ་སྤུར་ཨན་ཆུང་དབེན་སར་བསྐྱལ་སྐབས་ཁྲི་ག་མཁར་གོང་ནས་བཀྲ་ཤིས་པའི་སྤྲིན་མཚོན་སྣ་ལྔ་བྱུང་ཚུལ་བཀོད་ཡོད་འདུག  དེ་ཡང་ཁྲི་ཀ་ཞེས་པ་ནི་བོད་བཙན་པོའི་རྒྱལ་རབས་དུས་སྐབས་སུ་མདོ་སྨད་ནས་མཐོང་ཁྱབ་ཁྲི་ལྡེའི་སྲིད་འཛིན་སྒྲིག་གཞི་འཛུགས་སྐབས་ཡུལ་དེ་ནས་ཐོག་མར་བཙུགས་པའི་རྐྱེན་གྱིས་ཁྲི་ཀ་ཞེས་ཐོགས་པ་དང་། གཞན་ཡང་མངའ་བདག་ཁྲི་རལ་བ་ཅན་ཡུལ་དེར་ཕེབས་སྐབས་ས་གནས་མང་ཚོགས་ཀྱིས་ཁྲི་བརྒྱབ་ཏེ་བསུས་པས་ཁྲི་ཀ་དང་། རལ་བ་ཅན་གྱི་དམག་དམངས་ཀྱིས་ཡུལ་དེའི་རྨ་ཆུའི་འགྲམ་ནས་ལྭ་བ་སོགས་བཀྲུས་ཏེ་གོས་གདང་འཐེན་ནས་སྐམ་པས贵德འམ་བོད་མིང་དུ་ཁྲི་ཀ་ཞེས་ཐོགས་པ་དང་། “ཁྲི་ཀའི་ཡུལ་ལྷའི་ཕོ་བྲང་གི་རྒྱབ་རི་ཁྲིའི་རྣམ་པར་ཡོད་པས་ཁྲི་ཀར་ཐོགས ” ཚུལ་སོགས་བཞེད་མོད། དོན་གྱིས་བཞེད་ལུགས་ཐོག་མ་དེ་ནི་ལོ་རྒྱུས་དང་མཐུན་པར་འདོད། གཞན་ཁྲི་ཀ་མཁར་གོང་ནི“རྨ་ཆུ་ནུབ་ནས་ཤར་དུ་འབབ་པའི་ཚུར་ངོས་ཀོ་ར་དང་གོང་བ། ཀབ་རོན་ཏེ་ལུང་བ་གསུམ་གྱི་མདར་ཁྲི་ཀའི་རྒྱ་མཁར”ཞེས་དེང་གི་ཁྲི་ཀ་རྫོང་ཐོག་སྟེ་རྨ་ཆུའི་འགྲམ་དུ་ཡོད་ལ་ཡུལ་དེའི་མང་ཚོགས་ཀྱིས་ཁྲི་ཀའི་རྒྱ་མཁར་རམ་ཁྲི་ཀའི་གནའ་མཁར་དུ་འབོད།

ཁྲི་ཀ་མོང་ཡོག་ནི་མཁན་པོ་ནམ་མཁའི་སྙིང་པོའི་དབེན་ས་སྟེ་སྒོམ་སྒྲུབ་ས་ཡིན་ལ། དགེ་སློང་སྤུག་ཡེ་ཤེས་དབྱངས་སྐུ་གཤེགས་སའང་ཡིན། དེ་ནི་དེང་གི་ཁྲི་ཀ་རྫོང་ཆུ་ཤར་ཡུལ་ཚོའི་བྱང་ཤར་གྱི་སྤྱི་ལེ་བཞི་ལྷག་གི་སའི་ཆར་ཡོད་ལ། ཡུལ་དེའི་མང་ཚོགས་ཀྱིས“མོ་ཡག”གམ“མོད་ཡོག”ཏུ་འབོད། ཡུལ་དེར“ཨ་མདོ་ཆོས་འབྱུང་དུ། ཁྲི་ཀའི་ལྷ་དཀར་པོ་ཡན་ཆད། ཇོ་ཁང་མན་ཆད་ན་མཁར་དགོན་པ་ཞེས་པའི་གྲྭ་ས་ཞིག་ཡོད་པར་བཤད་ཀྱང་མ་རྙེད” ཅེས་གནའ་དུས་སུ་དགོན་རྙིང་ཞིག་ཡོད་ཚུལ་བཀོད་འདུག་པ་དང་། ཡང་ཁྲི་ཀའི་གནས་བསྟོད་སོགས་སུ་མཚོ་སྔོན་རྨ་ཆུའི་ཁུག་མགོ་ན།། ཁྲི་ཀའི་དབང་ཕྱོགས་འོད་ལྡན་ཡུལ།། བྱེ་མ་ལུག་གི་སྣ་ཁ་ན།། མོད་ཡོག་མཆོད་རྟེན་བདུན་པོ་ཡོད་ཞེས་ཆོས་རྗེ་དོན་འགྲུབ་རིན་ཆེན་སྐབས་བཞེངས་པར་བཞེད་པའི་མཆོད་རྟེན་སོགས་ཡོད་སྲོལ་ལ་གཞིགས་ན། དེ་དག་ནི་མཁན་པོ་ནམ་མཁའི་སྙིང་པོ་དང་དགེ་སློང་སྤུག་ཡེ་ཤེས་དབྱངས་གཉིས་དང་འབྲེལ་བའི་རིག་དངོས་ཤིག་ཡིན་པར་འདོད། དེང་སྐབས་ཀྱང་སྨད་པ་སྡེ་བདུན་གྱི་ནང་གསེས་མོད་ཡོག  སྡེ་བ་ལ་མོད་ཡོག་ཚལ་ཏ་ཚང་། མོད་ཡོག་དགོན་པ་ཚང་། མོད་ཡོག་མཁར་ནང་ཚང་སོགས་མོད་ཡོག་ཁྱིམ་ཁ་བཅུ་གཉིས་སོགས་བརྩི་སྲོལ་འདུག་གོ།

3.ཁྲྀ་ག་ཞོང་པོང་གི་སྐོར།

ཏུན་ཧོང་ཡིག་ཚགསP.T.996པའི་དོན་ཚན་གཉིས་པའི་ཁྲོད་དུ་ཁྲི་ཀ་ཞོང་པོང་དང་ཞོང་པོང་གི་དགོན་ས་སོགས་ས་མིང་སྐོར་ཅིག་བྱུང་ཡོད་ལ། མ་ཡིག་ཇི་བཞིན་བཀོད་ན་འདི་ལྟར།“ལོ་བདུན་ཅུ་རྩ་གཅྀག་སྟེ། ཁྱྀ་འྀ་ལོའི་དཕྱིད་སླ་ར་བ་ཚེས་ཉྀ་ཤུ་དགུ་ལ། ཞོང་པོང་གི་དགོན་སར་སྐྱྀལ་མོ་གྲུང་མ་གཡོས་། མདངས་མ་གྱུར་པར་དུས་ལས་འདས་སོ། དེའི་ནུབ་མོ་ནམ་གྀ་གུང་ལ་། དབེན་སའྀ་ལྟ་འོག་གི་ཞོང་པོང་གི་རི་རྒྱུད་ནས། སྲྀན་པོ་རྀའི་བར་གྀ་ནམ་ཀ་ལ་འོད་ཆེན་པོ་གཉྀས་རྒྱུད་ཆགས་སུ་བྱུང་བས་ཡུལ་ཕྱོགས༄། །གསལ་བར་གྱུར”ཞེས་མཁན་པོ་ནམ་མཁའི་སྙིང་པོ་མཆོག་དགུང་གྲངས་བདུན་ཅུ་རྩ་གཅིག་ལོན་པ་ན་ཁྲི་ཀ་ཞོང་པོང་གི་དགོན་སར་སྐྱིལ་གྲུང་དུ་བཞུགས་ཏེ་སྐུ་གཤེགས་པ་དང་། ཞོང་པོང་གི་རི་རྒྱུད་སོགས་ནས་འོད་ཆེན་པོ་སོགས་ལྟོས་ངོ་མཚར་ཅན་དུ་མ་བྱུང་ཚུལ་བཀོད་འདུག

དེ་ཡང་ཞོང་པོང་དང་ཞོང་པོང་གི་རི་སོགས་ནི་དེང་གི་ཁྲི་ཀ་རྫོང་ཆུ་ཤར་ཡུལ་ཚོའི་ཤར་ཕྱོགས་ཀྱི་སྤྱི་ལེ་བཅུའི་སར་ཡོད་ལ། དེང་སྐབས་ཡུལ་དེར“ཞོང་པ”འམ“གཤོང་པ”ཞེས་འབོད་བཞིན་མཆིས། གཞན་མཁན་པོ་ནམ་མཁའི་སྙིང་པོའི་དབེན་ས་སྟེ་ཞོང་པོང་གི་དགོན་ས་ནི་དེང་སྐབས་འདི་ཞེས་ངོས་འཛིན་བྱེད་དཀའ་མོད། ཞོང་པ་སྡེ་བ་དང་ཐག་ཉེ་བའི་སྲིན་པོ་རིའི་འདབས་ན་གོང་བ་གྲྭ་ཚང་ངམ་བོད་ཇོ་དགོན་རྙིང་ཟེར་བ་ཞིག་ཡོད་པར་མ་ཟད། སྔགས་དགོན་གསང་སྔགས་དར་རྒྱས་གླིང་ཞེས་ལོ་རྒྱུས་ལྡན་པའི་སྔགས་ཁང་ཞིག་ཀྱང་ཡོད་ལ། ཡང་གོང་དུ་ཞུས་ཟིན་པའི་ཨ་མདོ་ཆོས་འབྱུང་དུ། ཁྲི་ཀའི་ལྷ་དཀར་པོ་ཡན་ཆད། ཇོ་ཁང་མན་ཆད་ན་མཁར་དགོན་པ་ཞེས་པའི་གྲྭ་ས་ཞིག་ཡོད་པར་བཤད་ཀྱང་མ་རྙེད་ཞེས་དགོན་རྙིང་ཞིག་བྱུང་ཡོད་སྲོལ་ལ་གཞིགས་ན་ཞོང་པོང་གི་དགོན་ས་ནི་དེ་དང་འབྲེལ་བ་ཞིག་ཨེ་ཡོད་སྙམ་མོད། དེང་གི་ས་ཁོངས་ནས་ལྟོས་ན་ཞོང་པ་ནི་ཁྲི་ཀའི་ཇོ་ཁང་དང་དེའི་གོང་དུ་ཡོད་པས་འབྲེལ་བ་ཡོད་མེད་ལ་ཐེ་ཚོམ་འདུག་ཏེ་མུ་མཐུད་དུ་དཔྱད་རྒྱུ་ནི་གནད་ཀྱི་དམ་པའོ།།

གཉིས། ཙོང་ཀ་དང་འབྲེལ་བའི་ས་མིང་གི་སྐོར་བཤད་པ།

ཏུན་ཧོང་ཡིག་ཚགསP.T.996པའི་ཁྲོད་དུ་མཁན་པོ་ནམ་མཁའི་སྙིང་པོ་གཙོས་པའི་མན་ཧྭ་ཤང་དང་།  ཁོང་གི་སློབ་མ་དགེ་སློང་སྤུག་ཡེ་ཤེས་དབྱངས་གསུམ་གྱིས་མདོ་སྨད་ཙོང་ཁའི་ཕྱོགས་ནས་སྤེལ་ཚུལ་བཀོད་ཡོད་ལ། དེའི་གོ་རིམ་ཁྲོད་དུ་ཙོང་ཀ་དང་འབྲེལ་བའི་ཨན་ཆུང་དབེན་ས་སོགས་ས་མིང་བྱུང་ཡོད་པར་མ་ཟད། དེང་སྐབས་ཀྱང་ཇི་བཞིན་ངོས་འཛིན་བྱེད་ཐུབ་པས་འདིར་གླེང་བར་བྱ་སྟེ།

1.ཙོང་ཀ

ཏུན་ཧོང་ཡིག་ཚགསP.T.996པའི་དོན་ཚན་དང་པོའི་ཁྲོད་དུ་མན་ཧྭ་ཤང་མཆོག་ཙོང་ཀའི་ཕྱོགས་སུ་ཕེབས་ནས་ནམ་མཁའི་སྙིང་པོ་སོགས་ལ་ཆོས་བཤད་ཚུལ་བཀོད་ཡོད་ལ། མ་ཡིག་ཇི་བཞིན་བཀོད་ན་འདི་ལྟར།  “དེ(བེའུ་སིང་ཧྭ་ཤང)འི་སློབ་མ་ཆོས་གོ་བ་བརྒྱད་ཅྀག་བྱུང་བའྀ་དམ་པ་། མན་ཧྭ་ཤང་ལྷའྀ་ཞལ་ཟས་གསོལ་བས་གཉྀད་ཆོམས་ཏེ། གཉྀན་མཚན་རྒྱུན་དུ་སྒོམ་བ་ཞྀག་ཡུལ་ཙོང་ཀར་གཤེགས་ནས་།  སློབ་མ་མང་པོ་ལ་ཆོས་བཤད་དེ། སྒོམ་དུ་སྩལ་པ་ལས་། སློབ་མ་ཚྀག་ཙ་ནམ་ཀས་དོན་རིག་ནས།  ཧྭ་ཤང་གྀས་ཀྱང་ལམ་མཐོང་ངོ།”ཞེས་མན་ཧྭ་ཤང་ཙོང་ཀའི་ཡུལ་དུ་ཕེབས་ནས་ལོ་ངོ་སུམ་ཅུའི་རིང་ལ་མཁན་པོ་ནམ་མཁའི་སྙིང་པོ་སོགས་རྗེས་འཇུག་པ་མང་པོ་ཞིག་ལ་ཆོས་དང་སྒོམ་སྒྲུབ་གྱི་མན་ངག་སོགས་བསྩལ་ཏེ། མཐར་རྒྱ་ཡུལ་དུ་ཕེབས་པའི་གནས་ཚུལ་སོགས་བཀོད་འདུག  

དེ་ཡང་ཙོང་ཁའི་ཁྱབ་ཁོངས་ནི་མཚོ་སྔོན་པོའི་ཤར་རྒྱུད་ནས་སྟོང་སྐོར་མན་ཆད་དང་མིན་ཧོ་ཡན་ཆད་ཀྱི་ཙོང་ཆུའི་རྒྱུད་དུ་ངོས་འཛིན་ལ། ཙོང་ཁ་ལ་ལོ་རྒྱུས་སྟེང་ཙོང་ཁ་ཆེ་ཆུང་གཉིས་སུ་དབྱེ་ཞིང་དེའི་ཁྱབ་ཁོངས་ངོས་འཛིན་ཐད་བཞེད་ལུགས་མི་འདྲ་བ་མང་། ཙོང་ཁ་ཞེས་པའི་ས་མིང་འདི་ཆེས་ཐོག་མར་ལོ་རྒྱུས་ཡིག་ཆར་གསལ་ས་ནི་བཙན་པོའི་དུས་སྐབས་ཀྱི་ལོ་རྒྱུས་དོན་ཆེན་གནད་བསྡུསS.T.750པ་དངS.T.8212པ། ཏུན་ཧོང་བོད་ཡིག་ཡིག་ཚགསP.T.996པ་དངP.T.1217པ་བཅས་ཡིན་ལ། དེ་ཡང་ལོ་རྒྱུས་དོན་ཆེན་གནད་བསྡུས་ཁྲོད་ཀྱི་ཙོང་ཁ་དང་འབྲེལ་བའི་ཆ་དག་ཟུར་དུ་བཀོད་ན་གཤམ་གྱི་འདི་ལྟར། ཙོང་ཁ་ཞེས་པའི་ས་མིང་ནི་སྤུར་རྒྱལ་བཙན་པོ་འདུས་སྲོང་མང་པོ་རྗེ(676---704)འི་སྐབས་ནས་བྱུང་ཡོད་པར་མ་ཟད། སྐབས་དེ་ནས་བཟུང་མདོ་སྨད་ཀྱི་སྲིད་འཛིན་ལྟེ་བ་ཞིག་ཏུ་ཆགས་ཡོད་པའང་ལུང་རིགས་གཉིས་ཀྱིས་དཔོག་ནུས་ལ།  དེང་སྐབས་ཀྱང་ཙོང་ཆུའི་འབབ་རྒྱུད་ཀྱི་ས་ཁོངས་དག་ལ་སྔར་བཞིན་ཙོང་ཁ་ཞེས་འབོད་བཞིན་འདུག་གོ།

2.ཨན་ཆུང་དབེན་ས།

ཏུན་ཧོང་ཡིག་ཚགསP.T.996པའི་དོན་ཚན་གཉིས་པའི་ཁྲོད་དུ་དགེ་སློང་སྤུག་ཡེ་ཤེས་དབྱངས་དགུང་གྲངས་བརྒྱད་ཅུ་ལོན་པ་ན་ཁྲི་ག་ནས་སྐུ་གཤེགས་པ་དང་། ཁོང་གི་སྤུར་གདུང་ཁྲི་ག་ནས་ཨན་ཆུང་དབེན་སར་སྐྱེལ་ཚུལ་བཀོད་ཡོད་ལ། མ་ཡིག་ཇི་བཞིན་བཀོད་ན་འདི་ལྟར།  “འདྀ་བསྡུས་པའྀ་བསམ་གཏན་གྀ་ཾཁན་པོ་།  སྔ་དྲོ་མ་ཡོས་བཞྀན་དུ་ཚེ་འདས་ཏེ། སླད་ཀྱྀས་སློབ་མ་རྣམས་ཀྱྀས་ང་ཙེའྀ་གཙུག་ལག་ཁང་དུ་བསོད་ནམས་བགྱྀས་ནས། སྤྲུར་ཨན་ཅུང་དབེན་སར་འཁོར་དུ་ཡུལ་མྱྀ་རྣམས་ཀྱྀས་པན་གདུགས་ཀྱྀས་དྲངས་ཏེ་བསྐྱལ་པའྀ་ཚེ། ཁྲྀ་ག་མཁར་གོང་དུ་། སྟེང་གྀ་ནམ་ཀ་ལ་སྤྲྀན་མཚོན་སྔ་ལྔ་བྱུང་བ་ཡང་། ཡུལ་མྱྀ་དང་ཕྱུགས་རྫྀ་ཐམས་ཅན་ཀྱྀས་མཐོང་། ཨན་ཅུང་འཁོར་དུ་སྤུར་སྐྱེལ་བ། དགེ་སློང་འབྲོ་ཤག་ཀྱ་ལས་སྩོགས་པས་བསྐྱལ་པའྀ་ཚེ།   སྲྀན་པོ་རྀ་འི་རྩེར་ཕྱྀན་པ་དང།  ནམ་ཀའྀ་ལས་མཚོན་སྤྲྀན་སྣ་ལྔ་སྨུག་པར་ཆགས་ཏེ། ཨན་ཆུང་དབེན་སར་ཕྱྀན་གྀ་བར་དུ་ནམ་ཀ་ལ་རྀ་རྩེར་ཕྱྀན་ཕྱྀན་གྀ་བར་དུ་གདའ།། །། །།”ཞེས་དགེ་སློང་སྤུག་ཡེ་ཤེས་དབྱངས་དགུང་གྲངས་བརྒྱད་ཅུ་ལོན་པ་ན་ཁྲི་ག་མོང་ཡོག་མདའི་ཚིག་ཙ་ནམ་མཁའི་སྙིང་པོའི་དབེན་སར་སྐུ་འདས་པ་དང་།  ཁོང་གི་སློབ་མ་དགེ་སློང་འབྲོ་ཤཀྱ་སོགས་ཀྱིས་ང་ཙེའི་གཙུག་ལག་ཁང་ནས་བསོད་ནམས་བགྱིས་ཤིང་ཁོང་གི་སྤུར་ཁྲི་ག་མོང་ཡོག་ནས་སྲིན་པོ་རྫ་རི་བརྒྱུད།  ཨན་ཆུང་དབེན་སར་སྐྱེལ་ལ། སྐྱེལ་བའི་ཚེ་སྲིན་པོ་རི་རྩེ་ནས་མཚོན་སྤྲིན་སྣ་ལྔའི་སྨུག་པ་ཆགས་ཏེ་བཀྲ་ཤིས་པའི་ལྟས་ཡ་མཚན་བྱུང་བ་ཡུལ་མི་ཚོས་མཐོང་ཞེས་གསལ་བོར་བཀོད་འདུག  ཨན་ཆུང་དབེན་ས་ལ་ཏུན་ཧོང་བོད་ཡིག་ཡིག་ཚགསP.T.996པའི་ཁྲོད་དུ་ཨན་ཅུང་དབེན་ས་དང་ཨན་ཅུང་འཁོར།  ཨན་ཆུང་དབེན་ས་ཞེས་འབྲི་སྲོལ་མི་འདྲ་བ་གསུམ་ལྷག་བྱུང་ཡོད་མོད་དོན་གྱིས་གཅིག་ཡིན་ཏེ་ མདོ་སྨད་ཀྱི་རྫོང་ཆེན་བཞིའི་ཡ་གྱལ་ཨ་ཆུང་གནམ་རྫོང་ཡིན། དེ་ནི་དེང་གི་རྨ་ལྷོ་ཁུལ་གཅན་ཚ་རྫོང་ཁམས་ར་གྲོང་བརྡལ་གྱི་མངའ་ཁོངས་སྟེ་རྫོང་མཁར་ནས་ནུབ་བྱང་གི་ཕྱོགས་སུ་སྤྱི་ལེ༥༤ཙམ་གྱི་སའི་ཆར་ཡོད་ལ། ལོ་རྒྱུས་སྟེང་གི་མཁས་པ་མི་གསུམ་དང་བླ་ཆེན་དགོངས་པ་རབ་གསལ་སོགས་ཀྱིས་བསྟན་པའི་མེ་རོ་བསླངས་ས་ཡིན་པར་མ་ཟད། མདོ་སྨད་ཀྱི་སྒྲུབ་སྡེ་ཐོག་མའི་གྲས་ཀྱང་ཡིན་ནོ།།

གསུམ། འབྲེལ་ཡོད་ཀྱི་གནད་དོན་ལ་དཔྱད་པ།

འདིར་སྔོན་གྱི་ལོ་རྒྱུས་དེབ་ཐེར་དང་རྒྱ་བོད་ཡིག་ཚང་ཁྲོད་བྱུང་བའི་ཁྲི་ཀ་གོང་འོག་དང་འབྲེལ་ཏེ། ཏུན་ཧོང་ཡིག་ཚགསP.T.996པའི་ཁྲོད་ཀྱི་ཁྲི་ཀའི་མཁར་གོང་དམིགས་སུ་བཟུང་ནས་དཔྱད་པར་བྱ་སྟེ། དེ་ཡང་དེང་གི་ཁྲི་ཀ་དང་གཅན་ཚའི་ཡུལ་ལུང་ཁག་ལ་གནའ་དུས་སུ་ཁྲི་ག་གོང་འོག་ཅེས་འབོད་ལ། དེང་གི་ཁྲི་ཀ་ནི་ཁྲི་ག་གོང་མ་དང་། དེང་གི་དཔའ་ལུང་དང་གཅན་ཚའི་ཡུལ་ལུང་རེ་ལ་ཁྲི་ག་འོག་མ་རུ་འབོད། ཁྲི་་ག་གོང་འོག་གི་ས་མཚམས་ནི《མདོ་སྨད་ཆོས་འབྱུང》ལས་སུམ་པ་འགག་ཏུ་ངོས་འཛིན་གྱིན་འདུག ཁྲི་ག་མཁར་གོང་ནི་དེང་གི་ཁྲི་ཀ་རྫོང་ཐོག་ཏུ་ཡོད་ལ།   ཡོངས་གྲགས་སུ་དེ་ནི་མིན་རྒྱལ་རབས་ཀྱི་མིན་ཧོང་བོའོ明洪武(1374--1380)སྐབས་སུ་བཞེངས་བར་བཞེད་མོད། ཏུན་ཧོང་ཡིག་ཚགསP.T.996པ་གཞིར་བཟུང་ན་བཙན་པོའི་དུས་སྐབས་ནས་གནའ་མཁར་གྱི་རྨང་གཞི་ཞིག་ཡོད་པ་ར་སྤྲོད་ཐུབ། འདིར་ཁྲི་ཀ་མཁར་གོང་ཞེས་མཁར་གོང་མ་ཞིག་ཡོད་སྲོལ་ལ་གཞིགས་ན་ཁྲི་ཀ་མཁར་འོག་མ་ཟེར་བ་ཞིག་ཀྱང་ཡོད་སྲིད་ལ། དེ་ནི་གནའ་དུས་སུ་དེང་གི་ཁྲི་ཀ་ལ་ཁྲི་ཀ་གོང་མ་དང་། དེང་གི་གཅན་ཚའི་ནུབ་བྱང་དང་དཔའ་ལུང་ས་ཆའི་ཁག་ཅིག་ལ་ཁྲི་ཀ་འོག་མ་ཞེས་ངོས་འཛིན་པ་དང་ཆ་འདྲ་བར་རྗེས་དཔག་གི་རིགས་པས་དཔགས་ཚེ་དེང་གི་གཅན་ཚའི་ཡུལ་དུའང་མཁར་འོག་མ་ཟེར་བ་ཞིག་ཡོད་དགོས་ཏེ། དེ་ནི་གཅན་ཚའི་མངའ་ཁོངས་ཀྱི“ཁམས་ར་གྲོང་བརྡལ་དུ་མཁར་ཆག་ཐང་ཟེར་བའི་མཁར་རྙིང་ཞིག་ཡོད་པ་དེ་ཨེ་ཡིན་སྙམ”པའི་དོགས་པ་ཞིག་བསླངས་འདུག་མོད་མུ་མཐུད་དུ་དཔྱད་པ་རྒྱུ་ནི་དགོས་གལ་ཆེ་བར་འདོད།

མཇུག་བསྡུ་བ།

མདོར་ན། ས་མིང་ནི་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་ལོ་རྒྱུས་མི་སྣས་ཕར་བཏགས་པ་ཞིག་ཡིན་པ་ལས་གདོད་མ་ནས་རང་ཆོས་སུ་ཡོད་པ་ཞིག་མིན་པར། དེ་ཡང་ཐོག་མར་ངག་ཐོག་ངག་བརྒྱུད་ཀྱི་ཚུལ་གྱིས་ངོས་འཛིན་དང་། བར་དུ་ས་མིང་མཚོན་བྱེད་ཀྱི་བརྡ་རྟགས་སོགས་ཅི་རིགས་སྤྱད་ནས་ངོས་འཛིན། མཐའ་མར་ཡོངས་ཁྱབ་ཀུན་མཐུན་གྱིས་རྒྱུན་འབྱམས་སུ་ཆགས་པའི་ས་མིང་དེ་ཡིག་ཐོག་ནས་ལོ་རྒྱུས་ཡིག་ཆར་བཀོད་པ་ཞིག་གོ།

དཔྱད་རྩོམ་འདིར་ཏུན་ཧོང་ཡིག་ཚགསP.T.996པར་བྱུང་བའི་ཁྲི་ཀ་དང་འབྲེལ་བའི་ས་མིང་སྐོར་ཞིག་དེང་གི་སྲིད་འཛིན་ས་ཁོངས་ཀྱི་དབྱེ་སྟངས་ནས་ཇི་བཞིན་ངོས་འཛིན་བྱས་ཡོད་དེ། ས་ཆ་དེ་དག་ནི་བོད་བཙན་པོའི་རྒྱལ་རབས་དུས་སྐབས་སུ་བོད་ཐང་བར་གྱི་འབྲེལ་འདྲིས་ཀྱི་རྒྱུ་ལམ་གཙོ་བོ་ཆགས་ཡོད་ལ། སྐབས་དེའི་བོད་བཙན་པོའི་སྲིད་དབང་སྲ་བརྟན་དང་མངའ་ཁོངས་གཅིག་གྱུར་ཐད་ལའང་ནུས་པ་གལ་ཆེན་རེ་ཐོན་ཡོད་པར་མ་ཟད། མངའ་བདག་ཁྲི་རལ་བ་ཅན་གྱི་སྲིད་འཛིན་གྱི་དུས་སྐབས་དང་། སྒོས་སུ་བོད་བཙན་པོའི་རྒྱལ་རབས་དུས་མཇུག་དང་བསྟན་པ་ཕྱི་དར་གྱི་སྐབས་སུ་ཆོས་སྲིད་གཉིས་ཀའི་ལྟེ་བ་ལྟ་བུར་གྱུར་ཡོད་པས་ས་གནས་གལ་ཆེན་ཞིག་ཡིན་པ་དངོས་བརྒྱུད་གང་རུང་ནས་རྟོགས་ཐུབ་བོ།

གོང་མ།:སློབ་མའི་བསླབ་བྱ།

ཞོལ་མ།:བོད་ཀྱི་སྦྲ་ནག་གི་རྒྱུ་ཆ་དང་དེའི་ཁྱད་འཕགས་ཀྱི་བཟོ་རྩལ་རིག་གནས།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235