མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
བོད་ཀྱི་རིག་གནས།
 

སྡེ་རོང་སྐད་ཀྱི་ཁྱད་ཆོས་འགའ།

ཡོང་ཁུངས།:ཁམས་པའི་དྲ་བ།  སྤེལ་དུས།:2019-03-05  རྩོམ་པ་པོ།:ཁམས་པའི་དྲ་བ།  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློགས་གྲངས།:

     

སྡེ་རོང་སྐད་ཀྱི་ཁྱད་ཆོས་འགའ།

 སྡེ་རོང་རྫོང་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་རྫོང་ཁག་བཅོ་བརྒྱད་ནང་གི་ལྷོ་རྒྱུད་ཀྱི་རྫོང་ཞིག་ཡིན།དེ་ནི་ཤར་ཕྱོགས་སུ་ཡུན་ནན་ཞིང་ཆེན་བདེ་ཆེན་ཁུལ་གྱི་སེམས་ཀྱི་ཉི་ཟླ་རྫོང་དང་འབྲེལ་ཡོད་པ་དང་།ལྷོ་ནུབ་ཏུ་ཡུན་ནན་ཞིང་ཆེན་གྱི་འཇོལ་རྫོང་ནས་ཕར་ཚུར་མཐོང་ཐུབ།བྱང་ཕྱོགས་སུ་འབའ་ཐང་དང་ཕྱག་ཕྲེང་རྫོང་གཉིས་དང་ས་མཚམས་འབྲེལ་ཡོད།སྡེ་རོང་རྫོང་ནི་གང་སྤྱིར་ཁྱད་ཆོས་འབུར་དུ་ཐོན་པ་ཞིག་ཡིན་པས།ཡུལ་སྐད་ཡང་དེ་བཞིན་བོད་གངས་ཅན་གྱི་ས་ཆ་གཞན་དང་མི་འདྲ་ས་མང་པོ་འདུག  དེའི་ཕྱིར་བོད་པ་གཉིས་ཕྲད་པའི་སྐབས་ལ་ཡུལ་སྐད་མི་འདྲ་བས་ཕན་ཚུན་རྒྱ་སྐད་ཀྱིས་སྐད་བརྡ་མ་བྱེད་ཀ་མེད་ཐུག་ཡོད།

སྡེ་རོང་སྐད་ཀྱི་ཁྱད་ཆོས་འགའ།

བོད་གངས་ཅན་ཡུལ་ལ་ཆ་བཞག་ན།སྡེ་རོང་སྐད་ནི་གོ་བརྡ་སྤྲད་དཀའ་ཤོས་ཀྱི་ཡུལ་སྐད་ནང་ལ་ཚུད་ཡོད་དེ།བོད་གངས་ཅན་ཡོངས་ལས་སྡེ་རོང་སྐད་ནི་ཡུན་ནན་ཞིང་ཆེན་བདེ་ཆེན་ཁུལ་དང་།ཕྱག་ཕྲེང་རྫོང་དང་འབའ་ཐང་རྫོང་།ད་རུང་སྨར་ཁམས་རྫོང་གི་མི་དམངས་ཕལ་ཆེ་བར་བརྡ་འཕྲོད་པ་མ་གཏོགས་གཞན་བོད་ཡུལ་མང་ཆེ་བ་དང་གོ་བརྡ་མི་འཕྲོད་པ་རེད།འོན་ཀྱང་གང་འདྲ་ཡིན་ཡང་རྩ་བ་བོད་སྐད་ཡིན་པས།སྐད་གདངས་ཀྱི་ཁྱད་པར་དང་ཡུལ་སྐད་ཕན་ཚུན་ཅུང་མི་འདྲ་བ་ཕུད་སྤྱིར་ཁྱད་པར་ཆེར་མེད།གལ་སྲིད་ཡུལ་སྐད་ཀྱི་ཁྱད་ཆོས་ངོས་ཟིན་ན་ཕུན་ཚུན་བརྡ་འཕྲོད་པ་ཡང་ཅུང་སླ་བ་ཡོང་སྲིད་སྙམ་ནས་སྡེ་རོང་སྐད་ཀྱི་ཁྱད་ཆོས་འགའ་གཤམ་ལ་བཀོད་པ་ཡིན།འོན་ཀྱང་། སྡེ་རོང་གི་ཡུལ་ལུང་སོ་སོ་ལའང་སྐད་གདངས་ཅུང་མི་འདྲ་ས་ཡོད་པས།གལ་སྲིད་འདི་ནས་མི་འགྲིག་ས་ཡོད་ན་སྙིང་ཐག་པ་ནས་དགོངས་དག་ཞུ།

སྡེ་རོང་སྐད་ཀྱི་ཁྱད་ཆོས་འགའ།

༡ཕྱ་ཡིག་ཕལ་ཆེར་ས་རུ་འདོན།

དཔེར་ན།ཕྱེད་ཀ་ལ་སེད་ཀ་འབོད། ཕྱེ་ལ་སེ་ཟེར། ཕྱི་ལ་སི་འབོད། ཕྱག་ལ་སག ཕྱགས་མ་ལ་སགས་མ། ཕྱུག་པོ་ལ་སུག་པོ།

༢ལ་ཡིག་ཕལ་ཆེར་ཡ་རུ་འདོན།

དཔེར་ན།ལག་པ་ལ་ཡག་པ་ཟེར་བ། ལ་ཁ་ལ་ཡ་ཁ་འབོད་པ། ལམ་ལ་ཡམ་ཟེར་བ། ལས་ཀ་ལ་ཡས་འབོད།ཡར་ལངས་ལ་ཟར་ཡངས་འབོད།ལོན་ལ་ཡོན། ལེན་པ་ལ་ཡེན་པ། ལུང་པ་ལ་ཡུང་པ། ལོ་ལ་ཡོ། ལུག་ལ་ཡུག མིག་ལོང་ལ་མྱིག་ཡོང་། ལུ་བ་ལ་ཡུ་བ། ལུད་ལ་ཡུད།རྗེས་སུ་ལུས་བའི་ལུས་ལ་ཡུས།

༣ཡ་ཡིག་ཕལ་ཆེར་ཟ་རུ་འདོན།

དཔེར་ན།ཡར་འགྲོ་ལ་ཟར་འགྲོ་ཟེར། ཡང་མོ་ལ་ཟང་མོ་དང་། ལམ་ཡངས་མོ་ལ་ཡམ་ཟངས་མོ་འབོད།གཡས་ལག་ལ་གཟས་ཡག་འབོད། ཡུན་རིང་ལ་ཟུན་རིང་ཟེར་བ།ཡི་གེ་ལ་ཟི་གེ་འབོད།ཕ་ཡུལ་ལ་ཕ་ཟུལ་ཟེར། ཡུ་བ་ལ་ཟུ་བ། ཡོད་ལ་ཟོད། ཡོང་ལ་ཟོང་། གཡོག་ལ་གཟོག གཡར་ལ་གཟར། གཡུ་ལ་གཟུ།

༤ཡ་ཡིག་འགའ་རེ་ཡིག་སྐད་དང་འདོན་ལུགས་འདྲ་བ།

དཔེར་ན།ཡག་པོ། གཡང་འཁོར་བ། ཡོན་ཏན།  ཡ་ག ཡུར་མ་བཅས་ཡོད།

༥སྐྱ་ཡིག་ནང་གི་མིང་གཞི་ཀ་ཕལ་ཆེར་བཀབ་ནས་འདོན་པ།

དཔེར་ན།སྐྱུར་ལ་སུར། སྐྱིད་ལ་སིད།སྐྱེལ་ལ་སེལ། སྐྱ་ཐེར་ཐེར་ལ་ས་ཐེར་ཐེར། སྐྱོན་ལ་སོན།སྐྱེས་པ་ལ་སེས་པ། སྐྱིན་པ་སྟེར་ལ་སིན་པ་སྟེར་ཟེར། སྐྱེ་ལ་སེ།

༦མ་ཡིག་འགའ་རེ་ཡ་བཏགས་འདོགས་ནས་འདོན་པ།

མི་ལ་མྱི།མེ་ལ་མྱེ། མེད་ལ་མྱེད། མིང་ལ་མྱིང་། མིད་ལ་མྱིད། མིག་ལ་མྱིག

༧གྱ་ཡིག་འགའ་ནི་ཛ་རུ་འདོན།

དཔེར་ན།གྱོན་ལ་ཛོན། གྱོད་ལ་ཛོད། རྒྱབ་ལ་རྫབ། རྒྱུ་དག་ལ་རྫུ་དག  བརྒྱ་ལ་བརྫ། བརྒྱད་ལ་བརྫད། བརྒྱབ་ལ་བརྫབ། རྒྱུག་ལ་རྫུག མགྱོགས་པ་ལ་མཛོགས་པ། བཀའ་བསྟན་འགྱུར་ལ་བཀའ་བསྟན་འཛུར།

༨བྱ་ཡིག་འགའ་ནི་ཟ་རུ་འདོན།

དཔེར་ན།འདབ་ཆགས་བྱ་ལ་ཟ། བྱི་བ་ལ་ཟི་བ། བྱེའུ་ལ་ཟེའུ། བྱུ་རུ་ལ་ཟུ་རུ། བྱོན་ལ་ཟོན།བྱོལ་སོང་ལ་ཟོལ་སོང་།  བྱེ་ཐང་ཟེ་ཐང་ཞེས་པ་ལྟ་བུ་རྣམས་སོ།།                                        



ཞོལ་མ།:དགེ་ཆོས་ཀྱི་ཤོ་ལོ་ཀ་ཞིག་ལ་ལྷད་ཕོག་འདུག

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235