མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་མ།  |  སོག་ཡིག་པར་མ།
 
སྒྱུ་རྩལ་དོ་ར།
 

འཁོན་སྲས་རྣོ་ཟེར་གྱི་བཅད་མ་ཁག་ཅིག

ཡོང་ཁུངས།:ཚྭ་འདམ་བོད་ཡིག་དྲ་བ།  སྤེལ་དུས།:2017-08-28  རྩོམ་པ་པོ།:འཁོན་སྲས་རྣོ་ཟེར།  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློགས་གྲངས།:

སེམས་སྡུག་གི་ཟེར་དོན་འདི་ཡིན།

                 འཁོན་སྲས་རྣོ་ཟེར། རྨ་ལྷོ།


གཞན་སྐྱོན་འཚོལ་ལ་ངལ་བ་མ་མཆིས་བའི།།

འཇིག་རྟེན་འགྲོ་བ་མི་འདི་ཨ་ཁ་ཁ།།

རང་སྐྱོན་རི་རབ་འདྲ་བོ་རང་སར་བཞག།

གཞན་སྐྱོན་ཁབ་ཙམ་འཚོལ་འདི་གད་མོའི་གནས།།

དག་པ་ས་གསུམ་སེམས་དཔའ་མ་ཡིན་པར་།།

སྐྱེ་འགྲོ་མང་ཙམ་སྔར་བཞིན་སོར་སྐྱེས་པས།།

སྒེར་སྐྱོན་ཏིལ་ཙམ་ཡོད་པ་ཆོས་ཉིད་ཀྱང་།།

ཧད་ཏེ་འུར་སྒྲོག་མཁན་ཚོར་སུན་པའི་གནས།།

ལྟ་གྲུབ་ཟེར་བ་ཅི་ཡིན་ལྐོག་གྱུར་ཡང་།།

སུ་དང་གང་གི་ལྟ་བ་ལོག་འདུག་ཅེས།།

མི་ཤེས་ཤེས་མདོག་སྟོན་ལ་རྒྱུན་མོས་པའི།།

མི་གཟུགས་འཛིན་པ་དེ་ཚོར་སྐྱུག་རེ་བྲོ།།

རྒྱ་ཡིག་རྡ་རྡོག་ཙམ་རེ་འདོན་ཤེས་དུས།།

རང་སྐད་གསེར་ནག་འདྲ་བོར་སུན་ནོ་ཞེས།།

ཁ་གཉེར་སྣ་གཉེར་བྱེད་པའི་ཞབས་འདྲེན་པ།།

ང་ཚོར་ཡོད་པ་ལས་ཀྱང་མེད་ན་དགའ།།

སྲོལ་རྒྱུན་རྗེས་ལུས་ཆོས་སྒྲུབ་རྨོངས་དད་དང་།།

རྒས་འཁོགས་འདི་ཚོ་ཀླད་རྙིད་རེད་དོ་ཞེས།།

རང་ཉིད་ཀུན་མཁྱེན་ཡིན་པར་རློམ་མཁན་དག།

བོད་ཀྱི་ཞབས་འདྲེན་ཟེར་བ་མ་ཡིན་ནམ།།

གྲྭ་ཇོ་འདི་ཚོའི་ལྟ་སྟངས་མི་ཡག་ཚུལ།།

མཁན་ཚུལ་དེ་ཚོའི་མཛད་སྤྱོད་ནོར་འདུག་ཚུལ།།

ཡོད་ཚད་དགྲ་རུ་མཐོང་བའི་རང་རློམ་ཅན།།

ཞབས་འདྲེན་ནང་གི་ཞབས་འདྲེན་ངོ་མ་རེད།།

སངས་རྒྱས་ཟེར་བ་བྱོན་པ་རྫུན་ཡིན་ཚུལ།།

བརྒྱད་ཁྲི་བཞི་སྟོང་དེ་ཡང་དེ་བཞིན་ཞེས།།

ཕྱོགས་ལྷུང་དམ་བཅའ་འཛིན་པའི་བ་གླང་སྤུན།།

རིགས་མཐུན་སྤུན་ཟླར་ངེས་ཀྱང་མཁོ་གལ་མེད།།

ལེགས་པའི་ཡོན་ཏན་མཐོང་ལ་རྩིས་ཐང་ཆུང་།།

ཉེས་པའི་སྤྱོད་ངན་རིགས་ཀུན་ཁྱབ་བསྒྲགས་བྱེད།།

ལུགས་གཉིས་ལམ་བཟང་ལས་ལ་སྤྲོ་སྣང་དབེན།།

དེང་གི་འགྲོ་བ་མི་འདི་ཨ་ཁ་ཁ།།

       

སྙིགས་མའི་རང་མཚང་ཡིན་ནམ་ཅི་ཆ་སྟེ།།

གཞོན་པ་ཕལ་ཆེར་རྒན་བཤད་བྱེད་ལ་མོས།།

རྒན་པ་གང་གིས་ཞལ་ཏ་གནང་བའི་དུས།།

རྣ་བའི་རྒྱབ་ལ་འཕེན་མཁན་མང་ལ་ལྟོས།།

ན་ཟུག་དབྱངས་ལ་གྱེར་བའི་སྡུག་བསྔལ་འདི།།

མིག་ཟུང་གྲོང་ལ་གྱེར་བའི་ལྟད་མོ་དང་།།

རང་སེམས་རང་གིས་གསོ་བའི་གཞས་ཆུང་སྟེ།།

ཐོལ་བྱུང་སྙུག་རྩེར་བཞུར་བའི་ཟིན་ཐོ་ཡིན།།


ཨ་ཅེ། ཁྱོད་བདེ་བར་བཞུད།

མཁའ་འགྲོའི་དུས་ཆེན་ཟེར་བའི་ཞོགས་པའི་ཆར།།

རྣམ་ཤེས་ལྡོམ་པོས་བེམ་རོ་ཤུལ་དུ་བཞག།

འཇིག་རྟེན་འདི་ལ་ཕྱིར་མིག་མེད་པའི་ངང་།།

ཞིང་གཞན་མགྲོན་དུ་ཆས་པ་དེ་བདེན་ནམ།།

གཤིན་རྗེའི་ཞགས་པ་ཕྲ་མོ་ཐེགས་གཅིག་གཡུག།

ཁྱོད་རང་ཞིང་གཞན་ཁྲིད་པའི་གཏམ་ངན་དེ།།

བརྡ་འཕྲིན་སྒེག་མོའི་འཛུམ་གྱི་འགྲོས་དང་བསྟུན།།

དེ་རིང་ཞོགས་པར་ང་ཡི་རྣ་བར་འཛུལ།།

ཆལ་གཏམ་ཨེ་ཡིན་སྙམ་ནས་ཅུང་དོགས་ཀྱང་།།

གཏམ་ངན་ཕལ་ཆེར་བདེན་པར་ངེས་སྙམ་ཏེ།།

དགེ་རྒན་ཟླ་གཞོན་ལགས་ལ་འདྲི་གཅོད་བྱས།།

བདེན་པ་ཕུ་ཐག་ཆོད་དེ་མཆི་མ་འཐོར།།

ཐུལ་དཀར་འབྲུ་མོའི་ངུར་སྒྲར་ཉན་ཞོར་དུ།།

འཁོར་འདས་ཆོས་ལ་བཞི་ཤད་འཇོག་ཞོར་དུ།།

རྒྱང་ནས་རྒྱང་ལ་ཆས་པའི་ཨ་ཅེ་ཁྱོད།།

གཏན་ནས་གཏན་དུ་བདེ་བ་ཐོབ་པར་ཤོག།

སྔོན་ཆད་གཅིག་དགུ་གོ་ལྔ་ཡར་མར་ལ།།

མ་ཡུམ་སློབ་གྲྭ་གཅིག་ལ་ལྷན་འཛོམས་ཀྱིས།།

དབྱངས་གསལ་ངག་ལ་གྱེར་བའི་ཉིན་ཐོ་དེ།།

ད་ལྟ་བསམ་ན་ཨ་ཅེ་དྲན་པའི་གཞི།།

སྐབས་དེར་ཁྱོད་ནི་ང་ལས་ལོ་འགའི་ཆེ།།

དེ་བས་བདག་སྐྱོང་བྱས་བའི་བཀའ་དྲིན་དེ།།

ད་ལྟ་བསམ་ན་སྡུག་གི་གཞི་མ་རེད།།

འཇིག་རྟེན་ཆོས་འདིས་འདི་ལྟར་ཡོད་ཚད་བསླུས།།

ལས་དབང་དེ་ཡང་ངོ་མ་བསམ་ནག་རེད།།

གཞོན་པའི་ལང་ཚོའི་མེ་ཏོག་མ་ཉམས་གོང་།།

མ་བུ་ཁ་ཁར་བཏང་བའི་སྣང་བརྙན་འདི།།

བསམ་ཞིང་བསམ་ན་སྡུག་གི་ཁ་སྣོན་རེད།།

སྤྱིར་ན་སྐྱེ་མཐའ་འཆི་བའི་ཆོས་ཉིད་དེ།།

ལྡོག་མེད་ལས་སྐལ་ཡིན་པ་བདེན་ན་ཡང་།།

དྭ་ཕྲུག་གཉིས་དང་གཟའ་ཟླ་ཤུལ་བཞག་དེ།།

གཞོན་དུས་འདི་ལྟར་བྲལ་ན་སུ་ཡང་སྐྱོ།།

མདོར་ན་ལས་ཀྱིས་འདི་ལྟར་གྱེས་ན་ཡང་།།

བསླུ་མེད་དཀོན་མཆོག་གསུམ་ལ་སྐྱབས་བཅོལ་ན།།

ནམ་ཞིག་དག་པའི་ཞིང་མཆོག་གང་ཞིག་ནས།།

ལྷན་འཛོམས་བྱུང་བར་ངེས་སོ་བདེ་བར་བཞུད།།

༢༠༡༧-༦-༡༩སྟེ་མཁའ་འགྲོའི་དུས་ཆེན་གྱི་ཞོགས་པར་ཨ་ཅེ་་་་་་་་ཡིས་བུ་ཆུང་གཉིས་དང་གཟའ་ཟླ་ཤུལ་ཏུ་བཞག་ཏེ་རྒྱང་ལ་བཞུད་པའི་གཏམ་ངན་དེ་ཐོས་མ་ཐག་ནུ་བོ་འཁོན་སྲས་རྣོ་ཟེར་གྱིས་མཆོད་པ་དང་མཆོད་མེ་ཕུལ་ཏེ་སྐྱེལ་མ་དང་བཅས་ན་ཟུག་འདི་དབྱངས་གསལ་གྱི་རིས་སུ་ཕབ་པའོ།།


གཞས་པ་རྩེ་བུ་རྡོ་རྗེ་ངོ་སྤྲོད་མདོར་བསྡུས།

ལྷ་ལ་ལྷ་ཡི་བྱུང་རབས་དང་།།

མི་ལ་མི་ཡི་ལོ་རྒྱུས་བས།།

གཞོན་པ་གང་ཞིག་ངོ་སྤྲོད་ཙམ།།

དབྱངས་གསལ་ང་རོར་འཁྱུག་ཙམ་བྱེད།།

སྡེབས་སྦྱོར་དང་ནི་སྙན་པའི་ཆ།།

མང་ཙམ་མཆིས་མིན་དོན་གཞན་ཡང་།།

ཕྲི་སྣོན་མེད་པ་དྲང་བོའི་གཏམ།།

གཟུར་གནས་དགྱེས་བའི་མཆོད་སྤྲིན་དུ།།

རྩེ་བུ་རྡོ་རྗེ་ཟེར་བ་འདི།།

ནམ་མཁར་ཉི་ཟླ་སྐར་གསུམ་དང་།།

ས་ན་རོང་བོ་སྡེ་གསུམ་ཞེས།།

སྙན་གྲགས་འཕེལ་བའི་ལྗོངས་དེར་སྐྱེས།།

ཕོ་ལོ་བཅུ་ལ་སླེབ་པའི་དུས།།

རྐ་ཆུང་སློབ་གྲྭའི་དགའ་ཚལ་ནས།།

དབྱངས་གསལ་སོ་བཞིའི་ང་རོ་དེ།།

དགེ་རྒན་དམ་པའི་མདུན་སར་སྦྱངས།།

མ་ཡུམ་སློབ་གྲྭའི་དགའ་ཚལ་ནས།།

མི་ལོ་ལྔ་ལ་ཤེས་བྱར་བརྩོན།།

ཕུགས་བསམ་གསར་བའི་ཁ་དོག་ཆེད།།

མཚོ་སྔོན་སྒྱུ་རྩལ་གླིང་ལ་བསྐྱོད།།

མི་ལོ་མང་ཙམ་སློབ་གླིང་དེར།།

བརྩོན་པ་ཆུ་བོའི་རྒྱུན་བཞིན་བྱོས།།

ཚད་ལྡན་མཐར་ཕྱིན་དཔངས་ཡིག་དེ།།

རྒྱལ་ཁའི་ངང་ནས་ལེགས་པར་བླངས།།

ལོ་ཟླ་དེ་ཡི་སྟོན་ཁ་ནས།།

གཟི་ཚ་སྡེ་དགུ་གཙོ་བྱས་ཏེ།།

ཡུལ་ཕྱོགས་མང་པོར་འཁྲབ་སྟོན་བྱས།།

ཀུན་གྱིས་བསྟོད་བསྔགས་ཆར་བ་བབས།།

ཉིས་སྟོང་བཅུ་བཞིའི་ལོ་མགོ་ལ།།

མཚོ་སྔོན་ཞིང་ཆེན་སྐབས་ལྔ་བའི།།

མཚོ་ནུབ་རྡུང་ལེན་འགྲན་བསྡུར་ཁྲོད།།

ཕུལ་བྱུང་གཟི་བརྗིད་དཔང་ཡིག་བླངས།།

ཉིས་སྟོང་བཅུ་བཞིའི་ལོ་དཀྱིལ་དུ།།

མ་ལོ་དགུང་ལོ་བརྒྱ་ཅུ་ཞེས།།

དབྱངས་རྟ་གསར་བའི་གད་རྒྱངས་དེས།།

ཆོས་གསུམ་སྤུན་ཟླར་བག་ཆགས་བཞག།

དེ་བཞིན་ཉིས་སྟོང་བཅོ་ལྔ་ལོར།།

མཚོ་སྔོན་ཞིང་འབྲོག་རྡུང་ལེན་གྱི།།

འགྲན་བསྡུར་གཟབ་རྒྱས་བསྡུ་དུས་ཀྱང་།།

ཕུལ་བྱུང་གླུ་བའི་མཚན་སྙན་ཐོབ།།

ཉིས་སྟོང་བཅུ་དྲུག་ལོ་ལའང་།།

ཆོས་གསུམ་རྡུང་ལེན་འགྲན་སྡུར་ཁྲོད།།

ཕུལ་བྱུང་གླུ་བའི་མཚན་ཉིད་དེ།།

རྒྱལ་ཁའི་ངང་ནས་རྩོད་མེད་བླངས།།

མདོ་ཁམས་ཡུལ་གྱི་སྐབས་གཉིས་བའི།།

ལ་གཞས་འགྲན་བསྡུར་བྱས་བའི་ཁྲོད།།

ཨང་གསུམ་བྱ་དགའི་རྟགས་མ་དེ།།

རྩེ་བུ་རྡོ་རྗེ་ཉིད་ལ་ཐོབ།།

ཀན་ལྷོ་འགྲན་ཁུལ་ལ་གཞས་ཀྱི།།

འགྲན་སྡུར་བྱས་པའི་གོ་རིམ་ཁྲོད།།

ཨང་གསུམ་བྱ་དགའི་རྟགས་མ་དེ།།

རྒྱལ་ཁའི་ངང་ནས་ལེགས་པར་བླངས།།

ཕ་ས་གསེར་གྱི་གཞོངས་པ་ཞེས།།

རྡུང་ལེན་གསར་བའི་འཛུམ་མདངས་ཀྱིས།།

རིགས་མཐུན་སྤུན་ཟླའི་སེམས་ངོས་སུ།།

བརྗེད་མེད་མི་ཚེའི་དྲན་ཤིང་བཞག།

དྲྭ་ལམ་དགོང་འཚོགས་དགོང་འཚོགས་སུ།།

བགྲང་བར་མི་ནུས་མང་དུ་ཞུགས།།

རྩེ་གཞུང་བུ་མོ་ཟེར་བ་ཞིག།

མི་འགྱངས་འགྲེམ་སྟོན་བྱེད་རྩིས་སྐད།།

རེ་བ་ཅན་གྱི་ན་གཞོན་འདི།།

ས་སྐྱ་འཁོན་གྱི་གདུང་རྒྱུད་དང་།།

མེས་པའི་བླ་སྲོག་མ་ནོར་བ།།

ངག་ལ་འགུགས་བའི་གཞས་པ་ཡིན།།

  གཞས་པ་རྩེ་བུ་རྡོ་རྗེ་ཡི་ལོ་རྒྱུས་ཉུང་བསྡུས་འདི་ནི་སྙན་ངག་སྨྲ་བའི་གྲལ་མཐའ་པ་འཁོན་སྲས་རྣོ་ཟེར་གྱིས་གྲོང་ཁྱེར་པདྨ་ཅན་ནས་ཡི་གེར་ཕབ་པའོ།།

གོང་མ།:རྒོད་ཀྱི་སྙན་ངག་བདམས་བཀོད།

ཞོལ་མ།:མཁར་ཤུལ་དུ་ཚོར་བའི་དྲི་ངན།

分享到: 更多
copyright@2007 www.haixi.gov.cn All Rights Reserved
པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
ICP 05001235