མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་མ།  |  སོག་ཡིག་པར་མ།
 
སྒྱུ་རྩལ་དོ་ར།
 

རྒོད་ཀྱི་སྙན་ངག་བདམས་བཀོད།

ཡོང་ཁུངས།:ཚྭ་འདམ་བོད་ཡིག་དྲ་བ།  སྤེལ་དུས།:2017-08-28  རྩོམ་པ་པོ།:རྒོད།  རྩོམ་སྒྲིག་པ།:འདམ་འཇིལ་ལི།    ཀློགས་གྲངས།:

རེ་འདུན།

    རྒོད།ཟི་ལིང་།


ཁྱོད་ཀྱིས་རང་ལུས་གསར་གཏོད་བྱས་པ་ནས

ལག་གི་མེ་མདའ་རི་དྭགས་ཤིག་ལ་གཏད

གྱང་ངོས་ནས་ཡར་བསླངས་བའི་གྲིབ་མར་ཁེན་ཏེ

གྲང་འཁྱག་གི་ནང་དུ་རྐང་བ་གཉིས་བཞག

གཡུལ་ས་ནས་ཤི་སོང་བའི་གྲོགས་པོ

ང་རང་རྒྱ་མཚོ་ཆེན་པོ་ཞིག་གི་ཁ་གཏད་ན་ཡོད

གླིང་ཕྲན་དེ་ལས་མེ་ཏོག་ལས་ཚེར་མ་སྐྱེས

གཞོན་ནུ་མ་དེ་ཤིབ་དུ་སྨྲེང

2017.810 བླ་རུང་ནས།


མིང་མེད།

རྨི་ལམ་དུ་མི་དེ    མེ་ཏོག་ལྡུམ་ར་ལ་ལྟ་སྲུང་བྱེད་མཁན་ཞིག་ཡིན

མི་དེ་ལ་རྐང་འཁོར་ཞིག་ཡོད་པ་དེ་རྐུན་མས་ཁྱེར

གསང་སྤྱོད་ཁང་དུ་ཕེབས་སྐབས་གྲོགས་པོ་ཞིག་གིས་ང་ལ་འདྲི་རྒྱུར

དོན་དམ་གསང་སྤྱོད་ཁང་འདིའི་བདག་པོ་སུ་རེད་ཟེར

མཚན་མོ་འདིར་ཟླ་བ་མི་བརྗེད་པའི་ཆེད་དུ་ཨ་རག་འཐུང་བ་ཡིན

ངའི་ཁྱིམ་ནང་དུ་ཙི་གུ་གཅིགཡོད

ཕྱི་རོལ་ནས་བསིལ་རླུང་འཇམ་པོ་ཞིག་དལ་གྱིས་ལྡང་ཏེ


མཚན་མོ་དང་འཚོ་བ།

མཚན་མོའི་འུར་སྒྲ་ནི་ཤིན་དུ་མཛེས་པས་རང་ཡུལ་དྲན

རྡོ་ཐོག་གི་ཐལ་སྒྲ་དག་ལ་ཞེན་ཆགས་མེད

རྐང་འོག་དུ་འགུལ་བའི་རྩྭ་རྐང་ཁུ་སིམ་མེར

ཆགས་པ་བྲལ་པའི་རྨི་ལམ་རིང་མོ་སྟོང་བར་གྱུར

ཐ་སྙད་ཅིག་གིས་བསད་བཞག་པའི

གྲོག་མ་དེ་བདེ་བ་ཅན་དུ་སྐྱེས

མཚན་མོར་སྣང་བའི་ཁམས་ཀྱི་གླུ་དེ་ཐག་ཉེ་ནས་གྲགས

           2017.8.25 དགོང་མོ།


དམ་ཚིག་ལྷ་མོ།

བུ་མོ་དེ།ནད་པ་ཞིག་རེད།

འགོས་ནད་ཅན་གྱི་ནད་པ་ཞིག་རེད།

འགོས་ནད་དེ་ཁྱོད་གཉིས་ལ་འབྲེལ་བ་ཡོད།

བུ་ཆུང་དེ།གདུང་བ་ཅན་ཞིག་རེད།

གདུང་བ་ཁུར་བའི་ཕྱེ་ལེབ་ཞིག་རེད།

གདུང་བ་དེ་ཁྱོད་གཉིས་བར་གྱི་ཆུ་བོ་བརྒལ་བའི་ཟམ་པ་རེད།

ཁྱོད་གཉིས་ནི། མི་བུ་གཉིས་རེད།

ཞོགས་པ་ནས་ས་སྲོད་བར་གྱི་མི་བུ་ཕོ་མོ་གཉིས་རེད།

མཐར་མར་ཁྱེད་གཉིས་ཀྱི་བར་ན་གཏམ་རྒྱུད་ཅིག་འདུག

ཡུན་རིང་ཐན་པའི་གྲོང་ཁྱེར་ཞིག་ན།

ལ་གཞས་ལ་ཉན་ནས་དམ་བཅའ་རེ་འཇོག་སྲིད།

ང་རང་ཁྱོད་ཀྱི་གམ་ལ་སླེབས་ན།

ཁྱོད་ཀྱིས་ང་ལ་སྐད་ཆ་གང་འདྲ་ལབ་སྲིད།

མ་ཤི་བར་དུ།དམ་ཚིག་གི་ལྷ་མོ།གང་ན་ཡོད།

          2017.8.5ཉིན།


ཟློས་གར་ཁང་།

ཟླ་འོད་ནང་གི་རི་བོང་བྲོས་ཏེ་རྒྱུག

མི་དེའི་ངག་མ་འཁྲོལ་པར་བསྡད

གཙང་བོ་ལས་ལྷིང་འཇགས་ཤིག་རྒྱང་རིང་ན

གཞོན་ནུ་མ་རུས་ཐལ་སྤར་བ་གང་ལས་མ་ལྷག་ནའང

རང་ཉིད་མཐོང་བའི་མེ་ལོང་དེ་མ་འབོར

འཇིག་རྟེན་དུ་མི་རྣམས་ཀྱི་ཞབས་བྲོ་རྩེད་ཤེས

མེ་ཡི་མཁར་མཐོན་པོ་དེའང་ཁྱེད་ཀྱི་ཟློས་གར་ཁང

གོང་མ།:དུར་རྐང་གི་སྙན་ངག་ཆེད་བཀོད།

ཞོལ་མ།:འཁོན་སྲས་རྣོ་ཟེར་གྱི་བཅད་མ་ཁག་ཅིག

分享到: 更多
copyright@2007 www.haixi.gov.cn All Rights Reserved
པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
ICP 05001235