མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་མ།  |  སོག་ཡིག་པར་མ།
 
སྒྱུ་རྩལ་དོ་ར།
 

དུར་རྐང་གི་སྙན་ངག་ཆེད་བཀོད།

ཡོང་ཁུངས།:ཚྭ་འདམ་བོད་ཡིག་དྲ་བ།  སྤེལ་དུས།:2017-08-31  རྩོམ་པ་པོ།:དུར་རྐང་།  རྩོམ་སྒྲིག་པ།:འདམ་འཇིལ་ལི།    ཀློགས་གྲངས།:

དངོས་མིང་།  ཆོས་ཀྱི་དགའ་བ།  ཕ་ཡུལ།   གསེར་རྟ་ཕུག་འུ།    སྡོད་གནས། ཁྲིན་ཏུའུ། འབྲེལ་ཟམ།  སྐད་འཕྲིན།  13997454916  སྙན་ངག་བྲིས་ནས་ལོ་གསུམ་ལྷག་འགོར།དེའི་རིང་ལ་མཆོད་མེ་བོད་ཀྱི་རྩོམ་དྲ་བ་དང་ཀྲུང་གོ་བོད་ཀྱི་དྲ་བ་མཚོ་སྔོན་པོ་བོད་ཡིག་དྲ་བ་བཙན་པོ་མགར་ཀྱི་དྲ་བ་ཚྭ་འདམ་བོད་ཡིག་དྲ་བ་སོགས་དང་གཞན་འཕྲིན་སྟེགས་སྣ་ཚོགས།དེ་མིན་གངས་རྒྱན་མེ་ཏོག་གཙོའི་གཞུང་སྒེར་གྱི་དྲ་བ་དང་དུས་དེབ་སོགས་སུ་སྙན་ངག་བརྒྱ་ལྷག་སྤེལ།


སེམས་ཁྲལ།(ཞར་བཀོད་ཚན་ལྔ།)

                       དུར་རྐང་།(དཀར་མཛེས།)

སྐྱོ་བའི་སྒེའུ་ཁུང་རེ་རེར།།

རྒྱང་རིང་སྤྲིན་པ་འཕྱུར་ཏེ།།

ཞེན་ཆགས་འགུལ་བའི་ཡིད་བརྙན།།

ལྗོན་པའི་ནགས་སུ་མཆེད་ན།།

སོ་སོའི་སྙིང་གི་གཡང་ཟར།།

ཁང་སྟོང་གཟབ་མཆོར་བྲལ་བར།།

རླུང་གི་འགྲམ་དར་ཆགས་འདྲའི།།

དུས་ཚོད་འབྲེལ་མེད་ནང་གི།

མཐོང་མི་ཐུབ་པའི་ནམ་མཁའ།།

               2017/7/27ཁྲིན་ཏུའུ་ནས།


ཨ་ཅག་ལགས།

བསིལ་བསིལ་རྒྱུ་བའི་རླུང་གིས།།

རྩིག་པའི་ཕྱི་ནང་སྲབ་མོར།།

ལན་གཅིག་བྲིད་པར་བྱས་ཀྱང་།།

གཟིགས་མེད་མདོག་དང་ཡི་མུག།

རྒྱུ་སྐུད་ཆད་པའི་ཚེ་རབས།།

ནམ་ཞིག་སྙིང་གི་གསེབ་ཏུ།།

གྲངས་མེད་གླིང་ཕྲན་འཐག་པའི།།

ཁེར་རྐྱང་མཚན་མོ་སྐྱེས་ནས།།

སྲང་ལམ་སྟོང་བར་རེ་རའི།།

ཁྱོད་ཀྱི་ཡུལ་ལྗོངས་ལྷག་མར།།

གདུང་བ་དུབ་པའི་ཚུལ་གྱིས།།

མིག་ཆུའི་ཐག་སྒྲ་མཆེད་ན།།

ཁྱོད་དང་འབྲེལ་བ་མེད་པའི།།

ལས་ཀྱི་དབྱར་ཁ་སུ་ཡིན།།

             2017/7/27ཁྲིན་ཏུའུ་ནས།


          ཁེར་ལབ།

ཡིད་འོང་གི་རི་མོ་ཞིག་ལ་ཅེར་ནས་བུད་མེད་ཅིག་དྲན་པ།

ནམ་ཞིག་རི་མོའི་གསེང་གི་མཚོ་མོ་འདིས།།

གློ་བུར་ཕྱོགས་ཀྱི་པད་མོ་གཡོ་ཙ་ན།།

དེ་ཚེ་ངོས་ནི་ཁྱེད་ཀྱི་གཡོར་གྲུ་དང་།།

ལྷག་པའི་ནང་གི་ལུག་ཁྱུ་འཚོ་མཁན་དེ།།

ཚེ་རབས་ལས་ཀྱི་ལས་དབང་གང་ཡིན་པ།།

དེ་ལྟ་དེ་ལྟར་སྨོན་ལམ་འདེབ་མཁན་ཡིན།།

    2017/7/31ཁྲིན་ཏུའུ་ནས།


རང་སེམས་བསྟན་པ།

བས་མཐའི་ཐང་ཆེན་འདི་ནས་ཁེར་རྐྱང་ངང་།

མི་ཚེའི་སྤྲིན་པ་སྤྲོ་བ་དང་བཅས་ཏེ།།

རླུང་དང་སྡོམ་རྒྱའི་འཚོ་བའི་ཁྲ་ཕུང་ལ།།

ཕུལ་ཚེ་རྒྱང་རིང་གཙང་བོའི་ཀོ་གྲུ་ཡང་།།

རྟག་ཏུ་རྩིག་པའི་ཉི་ཟླ་གསལ་ས་ནས།།

ཕན་ཚུན་རྒྱབ་ཀྱི་ཞུ་བའི་དབུ་སྐྲ་ལ།།

སྨྲེང་བ་མེད་པར་སིམ་སིམ་ཞུགས་བྱས་པས།།

ངག་གི་ཡུལ་ལྗོངས་དང་ནི་གྲིབ་མའི་ལྗོན།།

མདུན་གྱི་ངོས་སུ་བཤམས་ཏེ་ཉི་འོད་གཏོར།།

ཡང་ན་འཁོར་བའི་ཇི་རྙེད་རྟ་གླང་བཞིན།།

ཕྱོགས་ཕྱོགས་བྲུག་ཅང་སེམས་ཀྱི་སྡོང་མགོ་ཡང་།།

གློ་བུར་མེ་ཏོག་བཞད་ཅིང་གློ་བུར་འགག།།

ངོས་ནི་དེ་ལྟའི་འཚོ་བའི་མེ་འོབ་ནས།།

འཆི་བར་ལྷིམས་སུ་ཞུག་པའི་སྐད་ཅིག་འང་།།

རྐང་གླིང་དཀྲོལ་ཏེ་རྨས་པའི་ཡིད་བརྙན་དང་།།

སྡེབས་བཞིན་མི་ཚེའི་ན་ཚོད་འདིར་སླེབས་ཚེ།།

སེམས་ཁྲལ་རིགས་ཤིག་ས་འདམ་དཀྲུགས་པ་ལྟར།།

བཞུར་ལམ་རིང་མོའི་ཁེར་རྐྱང་ཚ་བ་རུ།།

བརྒྱུས་ཏེ་འཁོར་བའི་སྐྱེད་ཚལ་ཡངས་པོ་ལ།།

ཅི་ལྟར་སོང་ཡང་ངལ་དུབ་རི་དྭགས་ཀིས།།

ཚད་མེད་གཡོགས་པའི་དགུན་ཁ་གྲངས་མེད་ལས།།

མི་ཚེའི་སྙིང་བོ་འདི་ཞེས་མེད་ནའང་།།

ཀུན་རྫོབ་རྡོ་བར་ཞེན་ཞོར་སྙན་ངག་གི།

འགག་མེད་གླིང་བུའི་སྒྲ་དབྱངས་འབུད་ངེས་ཡིན།།

             ༢༠༡༧/༨/༩ཉིན་ཁྲིན་ཏུའུ་ནས།


དེ་དག

མདུན་རྒྱབ་གཉིས་ནས་དུས་ཚོད་འཐག་པ་དེ།།

ཤེལ་སྒོའི་ནང་ནས་མེ་ཏོག་བཏུས་པ་དེ།།

དཔྱིད་ཀ་རེ་ལ་ཕྱི་མ་དྲན་པ་དེ།།

ཁང་སྟོང་རེ་ནས་གླུ་དབྱངས་ལེན་པ་དེ།།

སྐྱེད་ཚལ་ཁྲོད་ནས་འཚོ་བ་བསྣོག་པ་དེ།།

བས་མཐའ་རེ་ནས་ཕན་ཚུན་གླེང་བ་དེ།།

རྒ་བའི་ལ་ཐང་མཆི་མས་བྲིས་པ་དེ།།

སང་ཞོགས་ཁྲོམ་ནས་རྙེད་པར་གྱུར་བ་དེ།།

རླུང་གི་མདུད་པར་སྨོན་ལམ་གདབ་མཁན་དེ།།

རྨི་ལམ་རེ་ལ་རྨ་ཁ་འདེབ་པ་དེ།།

མཚན་མོའི་འདབ་ཁར་ཚོན་རྩི་བྱུག་པ་དེ།།

སྐྱིད་ཆུའི་གཞུང་ལ་གྲུ་ཤན་གཏོང་བ་དེ།།

མི་རྣམས་རང་སར་གྱེས་དུས་སྤྱིན་པ་དེ།།

ཨམ་ཕྲག་ནང་དུ་ཅི་ཞིག་བསྐོང་བ་དེ།།

ཁྲུང་ཞུ་མ་རེར་རང་སེམས་སྟོན་པ་དེ།།

དྭངས་མའི་ཡུལ་ལྗོངས་གློ་བུར་གསུབ་པ་དེ།།

སྐད་ཅིག་མ་ནི་རྡོ་ལྟར་སྲ་བ་དེ།།

ཕན་ཚུན་འཚོ་བ་རྒྱང་དུ་བྱེར་བ་དེ།།

ལས་ཀྱི་སྲང་ལམ་ཆར་གྱིས་ཟོས་པ་དེ།།

ནགས་ཚལ་ཁྲོད་དུ་སྤྲིན་པ་བསླུས་པ་དེ།།

སྙམ་ངག་རེ་ལ་གདུང་སེམས་བླུགས་པ་དེ།།

ལྷིང་འཇགས་ངང་དུ་བྱུས་དུས་དྲན་པ་དེ།།

སྐྱེ་བ་འདི་ལ་འཁོས་ཞན་འདོད་པ་དེ།།

ཅི་ཞིག་ལྟར་དུ་མིག་ཟུང་བཙུམ་པ་དེ།།

སྲང་ལམ་རེ་ནས་རྒྱབ་གཟིགས་དངོག་པ་དེ།།

ག་རེ་ཡིན་སྙམ་ཡང་ཡང་བསམ་པ་དེ།།

ཉི་འོད་འོག་ཏུ་ནོར་འཁྲུལ་བསྐུར་བ་དེ།།

ཕྱི་དྲོ་ཞིག་ལ་རླབས་ཀྱིས་གཡོས་པ་དེ།།

ཁྱེད་རང་སྙམ་བཞིན་ཡང་ཡང་བཙལ་བ་དེ།།

ལས་ཀྱིས་གླིང་ཕྲན་རྙེད་དུ་ཁེག་པ་དེ།།

བདག་མི་ཐུབ་པའི་ཤོག་སླེ་མང་བ་དེ།།

ནམ་ཞིག་ཚེ་ན་བྲལ་བར་འགྱུར་བ་དེ།།

རྡོ་རྩྭ་རེ་ནས་མེ་ཏོག་གད་པ་དེ།།

གྲིམ་མའི་ནང་ནས་ཚུར་ཚུར་བཅར་བ་དེ།།

བརྩེ་གདུང་ཡོད་བཞིན་སོ་སོར་གྱེས་པ་དེ།།

བཟོད་མི་ཐུབ་པའི་སེམས་ཁྲལ་མང་བ་དེ།།

བླ་ཤིང་སྟེང་དུ་ཁེར་རྐྱང་ལྡུད་པ་དེ།།

ས་སྲོད་ནང་དུ་ཅི་ཞིག་རྒྱུ་བ་དེ།།

སྙིམ་པའི་མཐིལ་དུ་དུས་ཆད་གསལ་བ་དེ།།

གདུང་བ་དུབ་པའི་མི་ཞིག་ཤི་བ་དེ།།

     2017/5/22རྫ་སྐྱེས་ཕུར་བའི་སྙན་ངག་ཅིག་གི་འབྲི་ཐབས་སྤྱད་ཡོད།


མདུད་པ།

ཚེ་རབས་གཅིག་གི་ཟིལ་བའི་གཡོ་གྲུ་ལ།།

བྱེ་ཐང་དག་ཏུ་ཆུ་མིག་བརྡོལ་བ་ལྟར།།

འཕྲད་ཙམ་གྱིས་ཀྱང་སྨྲེངས་སེམས་ཁུར་བའི།།

ཕྱེད་ཀ་ཆག་པའི་ཁྱོད་ཀྱི་ངོ་གདོང་ནི།།

འགྲམ་རྡོའི་ངོས་ཀྱི་ཁེར་རྐྱང་རི་མོ་སྟེ།།

ནགས་ཚལ་གསུབ་པའི་གཟིགས་ཀྱི་དབེན་སུམ་ལྟར།།

གྲུ་ཁེམ་ཐོགས་པའི་དབྱངས་ཀྱི་འགྲུལ་བ་དང་།།

རྦ་རླབས་འཇགས་པའི་སྨོན་ལམ་རྩེ་མོ་ཡང་།།

སྤྲིན་རྣམས་གཙང་བོར་ཆགས་པའི་གྲིབ་མ་ལྟར།།

རྒྱང་རིང་གྱེར་བའི་སྨུག་པ་གཡོ་ཙ་ན།།

རྗེས་ཆགས་བརྩེ་བའི་མདུད་པ་སྲ་མོ་ཡང་།།

རླུང་དང་སྡོམ་རྒྱས་བསྡམས་པའི་འཕྲིན་པ་ལྟར།།

མི་བཟད་བློ་ཡི་ཉི་མ་འཆར་བྱས་ན།།

སེམས་ཅན་ཕལ་བའི་ནང་གི་ཕལ་བ་ལ།།

མིག་ཆུ་མང་བའི་མཚོ་མོ་ཚུར་ཚུར་བཞུར།།

ཞེ་རུ་ཐོགས་པའི་མཚན་གཞས་སྐྱོ་བས་མནར།།

དེའི་ཚེ་གོམ་ཆུང་སྤོ་སའི་སྲང་ལམ་ནས།།

ངོས་ཀྱི་ཕལ་བའི་མིག་ངོར་ཁྱེད་རང་ཆགས།།

ཡིད་འོང་ལན་བུ་རླུང་གིས་བསྒུལ་ཙམ་གྱིས།།

དྲི་ཟའི་གཟུགས་ལ་སོགས་པ་གློ་བུར་འགག།

དེ་ལྟར་ཉི་ནུབ་ཀློང་གི་ལྗོན་ཤིང་ལྟར།།

མཐོང་དུ་མེད་པའི་ལས་སྐལ་རེ་རེ་ཡང་།།

གདུང་བའི་ཆུ་རྒྱུན་ཕྱོགས་ཕྱོགས་བྲུག་པ་ལྟར།།

སྣང་བ་མི་སྡུག་ཅིག་ཆར་འགག་བྱེད་ཀྱི།།

མ་བྲིས་གཟུགས་སུ་དོད་པའི་ཁྱོད་ཉིད་ནི།།

ལག་མཐིལ་རི་མོའི་ནང་གི་རྒྱ་མཚོ་ལ།།

ཡིད་འོང་ཀོ་གྲུ་གཏོང་བའི་དཀོན་མཆོག་སྟེ།།

སྙིང་ཁར་བྱ་ཁྱུ་ཕྱོགས་པའི་སྨུག་པ་ལྟར།།

ཚེ་འདིའི་སྐྱེ་བའི་དཀར་ནག་གཉིས་མཚམས་ནས།།

ཇི་ལྟར་གཞལ་ཡང་བརྗེད་དུ་མེད་པ་ཡིན།།

    ༢༠༡༧.༣.༢༢ཉིན།

གོང་མ།:དུར་མིག་གི་གསར་བྲིས་སྙན་ངག

ཞོལ་མ།:རྒོད་ཀྱི་སྙན་ངག་བདམས་བཀོད།

分享到: 更多
copyright@2007 www.haixi.gov.cn All Rights Reserved
པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
ICP 05001235