མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
སྒྱུ་རྩལ་དོ་ར།
 

དུར་མིག་གི་གསར་བྲིས་སྙན་ངག

ཡོང་ཁུངས།:ཚྭ་འདམ་བོད་ཡིག་དྲ་བ།  སྤེལ་དུས།:2017-08-31  རྩོམ་པ་པོ།:དུར་མིག  རྩོམ་སྒྲིག་པ།:འདམ་འཇིལ་ལི།    ཀློགས་གྲངས།:

ཁྱོད།<<མུ་འབྲེལ་རིང་མོ།>>

         དུར་མིག  སི་ཁྲོན།

གཅིག

དཔྱིད་ཀ་ཞིག་ལ

དགུན་མཇུག་གི་འཁོར་བ་ཐང་ལ་བྲིས

ཁྱོད་ཀྱིས་རུམ་དུ་ཟླ་བ་ཞིག་རུམ་ནས་ལམ་ལ་བུད

གཙང་བོ་ནི་ཁྲུས་རྫིང་ཞིག་ཡིན་པ་ཁོ་མོའི་དྲན

ལ་གཞས་དང་མི་ཚེ་གཉིས་སྐྱོ་གར་ནང་དུ་བླུགས

ན་ནིང་རྨ་ཆུའི་འགྲམ་དུ་ཁེར་རྐྱང་གི་གཞས་པ་ཞིག་བསྡད

ཐག་རིང་གི་རྟ་ཁྱུ་གཤར་བཞིན་ཕྱི་དྲོ་ལ་སྣང་བ་ཆགས

གཉིས།

ལྷིང་འཇགས་ནང་གི་ཕ་ཡུལ་གྱི་ཆུ་བོ

ཤྭ་ཁྱི་ཞིག་མཐོང་དུས་ས་སྲོད་ཁོ་ན་རེད་ཡོད

རྒྱ་མཚོ་ལ་འདྲེས་པའི་སྟོན་མཚེར་ཐང་ཆེན

ཧ་ཅང་དྲན་དྲགས་ན་གཏམ་རྒྱུད་ཅིག་ཕྱིར་ལ་འོང

རྩྭ་སྤུང་ཁུད་དུ་ཁྱོད་ངའི་སྐེ་ལ་འཐམ་ནས་འོ་སྦྱོར་བྱས

ང་ལ་ཅི་ཡང་མེད་པར་སང་ཉིན་གྱི་ཞོགས་པ་འབྲི་ངེས་ཡིན

གསུམ།

ཉི་འོད་ཀྱི་མཚོ་ཁུགས

གཏན་དུ་མི་བརྗེད་པར་ཞིང་གྲོང་ལ་བལྟས

ཆུང་མ་མེད་པའི་ཁེར་རྐྱང་གི་ཉིན་མཚན་དག

གནའ་དང་མའི་ཡིག་ནོར་དག་གིས་མིག་ཆུ་བསྐམས

གློ་བུར  ས་རྡུལ་ནང་ལ་ཤེལ་མིག་ཅིག་ལྷུང

རྡོ་བའི་སྲུབས་ཀ་ལས་མེ་ཏོག་དམར་པོ་ཆ་གཅིག་རྙེད

བཞི།

མདང་ནུབ་ས་རུབ་ཐེངས་རེར

གཞས་ཚིག་ཁྲོད་དུ་འབྲོང་ཁྱུ་རྨས་མ་ཞིག་གི་རྣམ་ཤེས་ཆགས

ཉི་ཐིག་མ་ཤར་སྔོན་ལ་སྐར་མ་ཞིག་ཆང་ཕོར་ཁ་རུ་ལྷུང

རྒྱུ་མཚན་ཁོ་ཧྥེ་ཁང་ན་ང་གཅིག་པུ་ལུས

མུན་ནག་གི་ལག་མཐིལ་དུ་མི་རབས་ཤིག་སྐྱེས་དུས

རླུང་གིས་དེད་པའི་ལྷ་ཚོགས་ལ་སྨོན་ལམ་བཏབ་བཞིན་ཡོད

ལྔ།

ཕ་རིའི་ལུག་རྫི་འདི་རྒྱ་མཚོའི་ཁ་རུ་ཡོད

ད་དུང་རླུང་བུ་གཡུག་པའི་མཚན་མོ་འདི་ཞེ་ལ་ཐོགས

ནམ་ཞིག  རེ་སྒུག་ངང་གི་མཛའ་གཞས་ཤིག་ཁྱོད་ཀྱིས་བླངས

ཚེ་རབས་ནང་དུ་ནམ་མཁའ་སྔོན་པོ་བྲིས

དོ་དགོང་མིག་རྩ་ཆུ་ཡིས་བཀང་བར་ཕྱིར་ལ་ལོག

གནས་དེ་ན་ངང་ཆུང་གི་གཤོག་སྒྲ་འདར་བཞིན་འདུག

དྲན་པའི་མི་དེ་གླུ་སྐད་ཡོངས་སུ་ཆད་རྗེས་སྙིང་ཁམས་འཁྲུགས

དྲུག

ཆུ་འཁྱག་ཁྱོར་བ་གང

ཉི་ནུབ་ནང་དུ་བུ་མོ་ཞིག་སྐོམས་གདུངས་ཁོ་ན་གྱུར

སྙིང་ནད་ཅན་གྱི་མི་འདི་དག་མཚན་མོའི་སྒོ་ཁྱི་ལ་ཆགས

རྒྱང་རིང  ཁུ་སིམ་པའི་གྲང་ངར་ལ་སྨྲེང་གླུ་འགའ་བྲིས

མགུལ་རྒྱན་དང་སྐྲ་ལོ་འཁོར་བ་འདིའང་ཇི་ལྟར་འབྲི

བདུན།

སེམས་གཙང་མ་ཞིག

ཚེར་མའི་མེ་ཏོག་ནང་ན་ཡོད

ལམ་དང་ཆུ་བོའི་ངོགས་ནས་གསང་བ་དེ་རི་ལ་ཁྱེར

ཉིན་ཞིག་བུ་མོ་ཞིག་དེའི་རྗེས་སུ་སོང

གནའ་སྔ་མོ་ཞིག་ལ་བྱིས་སྒྲུང་འབྲི

ད་ནི་དགུན་ཁ་འགྲོ་རན་འདུག་

གཡུ་བྱུར་མུ་ཏིག་དང་མཚུངས་པའི་དབྱར་ཁ་ཐོན་བྱུང

བརྒྱད།

སྐྱེ་འཆིའི་བར་ཐག་ལ་རྣོ་སྐུད་ཅིག་བསླས

འཆི་ཁའི་ཁ་ཆེམས་མིག་ཆུས་ཁུར་ནས་ནམ་ཞིག་གྱེས་འགྲོ

འཆི་བ་ནི་ཐག་རིང་གི་རླུང་ཆེན་པོ་ཞིག

ནམ་ཞིག་མེ་ལོང་གི་སྒྲ་ལ་རི་དྭགས་ཤིག་ཆགས

དེ་ནི་ཁྱོད་ཀྱི་མིག་ནས་ཆུ་བཞུར་བའི་གཏམ་རྒྱུད་ཡིན

དགུ།

དོ་ནུབ་ཕྱིར་འོང་མེད་པའི་ས་མཐའ་དྲན

ལྷག་ཏུ་བྱི་ལ་དཀར་པོ་ཞིག་བུད་ཡོང་བ་མཐོང

ཉི་ཟླའི་མཐའ་ནས་སུ་ཞིག་གིས་གཞིས་ཀ་རྒས་པ་འཁྱེར་སོང

ལམ་མདོ་འདིར་དབྱར་གྱི་གཙང་བོ་ཞིག་ལ་གྱུར་འདུག

ལྕགས་ཐབ་གཡས་གཡོན

ཡིད་ཆེས་ཀྱི་མེ་ལོང་དུ་དྲན་པ་བྲིས་ནའང

མི་ཚོགས་གཤར་སའི་སྲང་ལམ་ནས་ཁྱོད་ཁོ་ན་མི་འདུག

བཅུ།

ཞི་འཇགས་ནང་དུ་གནས་ཚང་དེ་ཤིན་ཏུ་དྲན

དགུན་ལྭ་མཐུག་པོ་གྱོན་པའི་ཡིད་འོང་གི་ལོ་ཟླ་ཞིག

གཏན་དུ་མི་བརྗེད་པར་འཕྲིན་ཡིག་བྲིས

བཞུར་མ་ཐུབ་པའི་མཚོ་ཁའི་ཁྲུང་ཁྲུང་འདི་དག

འུ་གཉིས་ཁོ་ན་ལ་གཏམ་རྒྱུད་མང་པོའི་འགྲོ་བཞིན་ཡོད

དེ་དུས་ཁྱོད་ལ་རྩྭ་ཐང་གི་ལུ་གུ་དང་གཏམ་རྒྱུད་ཡོད་སྲིད

   2017.5.23 ཉིན་ཕ་ཡུལ་ནས་མཇུག་གྲུབ།

གོང་མ།:ཆང་ལྷའི་རང་མོས་སྙན་ངག

ཞོལ་མ།:དུར་རྐང་གི་སྙན་ངག་ཆེད་བཀོད།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235