མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་མ།  |  སོག་ཡིག་པར་མ།
 
སྒྱུ་རྩལ་དོ་ར།
 

གཡུང་དྲུང་འབུམ་གྱི་སྙན་ངག་ཆེད་བཀོད།

ཡོང་ཁུངས།:ཚྭ་འདམ་བོད་ཡིག་དྲ་བ།  སྤེལ་དུས།:2017-08-31  རྩོམ་པ་པོ།:གཡུང་དྲུང་འབུམ།  རྩོམ་སྒྲིག་པ།:འདམ་འཇིལ་ལི།    ཀློགས་གྲངས།:

ར་བྲང་གངས་ཁྲག  མིང་ལ་གཞན་ལ་གཡུ་ལུང་གཡུང་དྲུང་འབུམ་དུ་འབོད་ཅིང་།ད་ལྟ་མདོ་ལྷོ་གཙོས་གྲོང་ཁྱེར་ན"སློབ་ཆེན་པ"ཞིག་གི་
མིང་བྱང་རྫིག་པོ་དེ་ཁུར་ནས།རང་དང་རྒྱང་ཐག་རིང་བའི"རྩོམ་རིག"ཅེས་པ་ཞིག་དགའ་མར་བསྟེན་འདོད་ཀྱི་གཞོན་ནུ་བློ་དཀར་སེམས་དཀར་ཞིག་ཡིན།


 
འབྲེལ་བ་མེད་པ་དེ་དག
ཇག་པ་ཞིག་གིས་རྨི་ལམ་ལ
སེམས་པའི་རི་མོ་ཡང་ཡང་བསླས
པར་མིག་སྐྱ་བོར་མ་ཤོང་བའི
མུ་གེའི་ཐང་ཆེན་ཁོ་ན
ཡི་གེ་ནག་ཆུང་གིས་གཙགས
གད་པའི་ངོ་གདོང་ན་བཞུར་བའི
ཤམ་བྷ་ལའི་རྒྱལ་སྲས་དག་གཟིམས་པ་མཐོང་ན
ཉི་མར་ལྡེ་བའི་རྒན་པོ་ང
འདྲེ་རྐང་ཏོའི་ཚབ་ཏུ
ཆུ་ཁ་འཕྱོ་བའི་བར་དོའི་རྣམ་ཤེས་སམ
ཀོ་ལྷམ་གྱི་ཞྭ་མོ་གྱོན་པའི་ཁོའི་རྗེས་སུ
སྲིན་འབུ་མེ་འཁྱེར་ཞིག་གི་སྐྱེ་བ་ལེན་དགོས་སམ
ཡང་ན
ཁང་སྟོང་ལས་སྟོང་ཉིད་འཚོལ་བའི
དུར་ཁྲོད་ན་ཤ་ཁྲག་མཆོད་པའི
འཕྲད་མི་ཐུབ་པའི་ཁ་དང་རྣ་བའི
བར་ཐག་དེ་ཡིན
                                      2017.6.20
ཁྱོད་ལ་མཚོན་ན།ང་གཏན་དུ་བུད་སོང་བ་དེ་ཡིན།
བསྐྱུར་མ་ཐུབ་པའི་ཐག་པའི་སྣེ་མོ
ཁབ་ལ་བརྒྱུས་པའི་ཁྲག་རྩས་བཟུང་མོད
ནམ་ཡང་གཡུག་ཆོག་ཆོག་གི
འཆར་སྣང་རླུང་ཡན་མ་དེའི
རྩ་བ་དང་འགྲེལ་བའི་མདོ་ཐམས་ཅད
སྔོན་འགྲོ་དང་སྟ་གོན་ཅི་ཡང་མེད་པའི
ཚིག་གི་ལྷན་པ་ལས་མེད་པ
ཁྱོད་ལ་ཡང་གསལ
རྒྱ་མཚོ་དེ་ཞི་ཞིང་འཇགས་པས
རྡོ་ལེབ་རེ་རེ་ཨར་འདམ་གྱིས་སྦྱར་ཞིང་ཁྲོ་ཆུ་བླུགས་ནས
ཨ་འཐས་ཀྱི་རགས་ཆེན་བརྩིགས་པའི
དྲི་མེད  རོ་མེད  སྒྲ་མེད་ཀྱི་མེ་ཏོག་དེ
ངས་སྔར་ནས་འབྲི་རྩིས་མེད
ཅི་ལྟར་གཅེས་གཅེས་དུངས་དུངས་བྱས་ནའང
 
དྲོད་ཁོལ་དང་མེ་ལྕེ་གླན་པ་ཡིས
བཤད་མི་ཚར་བའི་གཏམ་རྒྱུད་དང་བསྡེབས་པའི་བུ་རམ་སྐྱུར་བོ་ཞིག
བགོ་སྐལ་དུ་ཐེམ་མིན་ཡང་ཚོད་དཔག་བྱ་ཐབས་བྲལ
 
འཚོ་བའི་གྲུ་ཟུར་ཞིག་ནས
སྡུག་བསྔལ་སྒྱེ་མོ་གང་ཐོད་ལ་བླངས་ཏེ
རྒས་གཉེར་གྱི་ལྗིད་ཚད་དེའི་སླད་དུ
རང་ཉིད་སྡུག་ལ་སྦྱོར་དོན་ཅི
 
ང་བུད་འགྲོ
ཁྱོད་ལ་མཚོན་ན  ང་གཏན་དུ་བུད་སོང་བ་དེ་ཡིན
སང་ཉིན་ནས་བཟུང
ཁྱོད་ཀྱིས་ངའི་ཕྱི་ནང་གསང་གསུམ་གང་རུང་ནས
ང་ཅི་ལྟར་བཙལ་ཡང་རྙེད་མི་ཐུབ
 
ངའི་ཡ་ཆུང་ན་མ་གཞི་ནས
ཁྱོད་ཀྱི་ཁྲ་ཆུང་མིག་གི་དྭངས་གཙང་དེ་མི་འདུག
ཡང་གཅིག་བཤད་ན
ངས་དམར་རྗེན་གྱི་རྨ་ཁ་ལ
ཁྲག་གཏར་གྱིས་ན་ཟུག་ཆེ་རུ་གཏོང་མི་འདོད་པ་ཙམ་ཡིན
                                    2017.6.22
                    ལམ་གྱི་སྐྱོ་ངལ།
                       ༡ ཀྭ་ཅུའི་ཁྲོམ།
གསེར་མདོག་གི་དངུལ་སྲང་རྟ་རྨིག་མ་ལས་འཕྲོས་པའི
འ་འུར་ཟང་ཟིང་གི་ཁ་ལྕེ་མང་བོ
དཀར་དམར་ཁྲ་གསུམ་གྱི་ཐོག་ཁང་ན་མཛེས
ཕ་ཡུལ་གྱི་རི་ལུང་ཐང་གསུམ་ན
བག་ཡངས་ཀྱིས་འཚོ་བའི་རྟ་ནོར་ལུག་གསུམ
དེ་དག་གི་རྗེས་ན་འདུར་བཞིན་པའི་རྩྭ་ཐང་གི་རྨི་ལམ་ཕུང་བོ
མཁར་གྲོང་འདིའི་ནམ་ཟླའི་འགྱུར་བག་བརྟག་པའི
རྒས་རྒྱུ་མེད་པའི་སོ་སྲུང་བ་དེ་ཡིན་པ
སུ་ཞིག་གིས་རྟོགས་སྲིད་དམ
ཡང་ན   སུ་ཞིག་གིས་དེ་ལ་སྐམ་མི་སྲིད་པའི་མིག་ཆུ་འདོན་བཞིན་ཡོད
 
ང་སྔར་བཞིན་རྒྱ་མཚོ་ཆེན་པོ་དེར
ཚར་རྒྱུ་མེད་པའི་ཚྭ་ཁུ་མོད་པོ་ཡོད་མེད་ལ
སོམ་ཉིའི་སེམས་ཁྲལ་གྱི་རྡོག་ཁྲེས་རབ་ཏུ་ལྕི
༢ ཡ་རྫིའི་རྫོང་།
གལ་སྲིད་ཡ་རྫི་ནི་མི་ཞིག་ཡིན་ན
རྡོ་སྦིས་དང་བིས་མདོ་མི་དེའི་མིག་ཟུང་ཡིན་སྲིད
མིའུ་ཐུང་ཉམ་ཆུང་ཡང
མིག་ཟུང་གི་མཐོང་རྒྱ་ཡིས
འཇིག་རྟེན་ཁམས་ལ་འོད་སྣང་གི་ཕོ་བྲང་བསྐྲུན་མྱོང་སྟེ
མིག་གི་རྒྱལ་མོ་རེ་རེ
འོད་ཀྱི་ཕུང་བོ་རེ་རེར་འཐིམ་པའི
ཆེས་ཐོག་མའི་འབབ་ཚིགས་ཀྱང
གནས་མལ་འདི་ཡིན་པ་བརྗེད་ག་ལ་རུང
 
༣ དམར་གཙང་དགོན།
 
དགེ་སློང་བྲོས་བྱོལ་བ་ཞིག་གི་གཟན་སྣེ་ལ་འབྱར་བའི
ཡིག་ཚང་ཧྲུལ་བོ་ཞིག་གི་ཐ་སྙད་སྐམ་པོ
 
དགྱ་ནག་གནས་སྤོར་བ་ཞིག་གི་སོ་ཁ་ན་ཟད་པའི
ལོ་རྒྱུས་སྐྱུར་བོ་ཞིག་གི་ཉེན་བརྡ་དམར་བོ
༤ཟི་ལིང་མཁར།
 
ཚ་གདུག་གི་ཀློང་ན
ངལ་དུབ་ཀྱིས་བཟི་བའི་གྲོག་ཚང
 
ཁང་བརྩེགས་ཀྱི་སྲུབས་ན
སྦགས་བཙོག་གིས་གླན་པའི་སྙིགས་ཟོ
 
ཙོང་ཆུའི་ལྗིད་ཏིག་ཏིག་གི་གོམ་འགྲོས་ཀྱིས
གནའ་མཁར་ཟི་ལིང་གི་དགུང་ལོ་ལ
ཤེས་མེད་ཚོར་མེད་ཀྱིས་ཅོང་བརྡ་རྒྱག་བཞིན་པ་འདྲ
                               2017.6.25
 
ཁ་བ་དཀར་བོ།
------- འདས་པོ་ཁ་བ་སྙིང་ལྕགས་ལ་ཕུལ།
ཨ་མའི་པང་ནས་རྨི་ལམ་ཞིག་གི་ཡལ་ག་ཆག
མཚོ་མོའི་གཞུང་ནས་ཚེ་སྲོག་ཅིག་གི་གཤོག་སྒྲོ་ཆད
 
ཁྲི་ཤོར་རྒྱལ་མོ
"ཁྱོད་ནི་མ་ཡུམ་སུ་ཞིག་གི་མིག་ཆུ་ཡིན་སོང"
ཁ་བ་དཀར་བོ
ཁྱོད་ནི་སྐེ་རྒྱན་གང་ཞིག་གི་བྱུ་རུ་ཡིན་སོང
 
གསེེར་ཉ་དག་གི་རྣམ་ཤེས་ལ་འཁོར་བའི
བཙན་པོའི་རྟ་དམག
རླབས་ཕྲེང་ཞིག་གི་བྲན་གཡོག་ཏུ་སྐྱེས་པའི
རྒྱལ་སྲས་ཆུང་ཆུང
མྱ་ངན་ཐང་ན་རྒྱུ་སྤུན་གྱི་བརྩེ་དུང་ལ་བརྒྱུས་པའི
"འབུ་མེ་ལྕེབས"
                              2017.6.26
སྟོང་བ་ཉིད།
བརྗིད་ཆགས་ཀྱི་འདས་དོན་ཡོད་ཚད
གྲམ་གཞུང་གི་དར་ལ་འབྱར་བའི་ཕ་བོང་དུ་གྱུར
 
འབྱུང་འགྱུར་གྱི་མཛེས་སྡུག་དེ་དག་ཀྱང
རེ་ཞིག་ས་འོག་གི་དོང་ཞབས་སུ་སྦས
 
ཚ་བེར་བེར་གྱི་ལམ་ནས
ལྷོད་ལྷོད་ངང་གཅིན་པ་ཞིག་གཏོང་བཞིན་པའང
གློ་བུར་ཏུ་བརྗེད་དེ
རྐང་སྣམ་དེ་ཡང་དོར་ཆབ་དང་བཅས་སྒྱིད་རྩར་དེ་མ་ཐག་ཤུད
                                   2017.6.28
                                   
ཤོག་བྱང་ནག་ནག
ཐ་སྙད་ཤི་མ་གསོན་ཞིག་གིས
རྫ་བུམ་ཆག་རོ་ལ
སྤོས་འགྱིག་གི་མེ་ཏོག་བསླེས
ཚིག་གྲུབ་ནད་པ་ཞིག་གིས
བཙས་སྐག་པའི་འཕྲུལ་འཁོར་དེ་བསྒུལ་མ་ནུས
 
གསོན་ངོགས་ན་ལུས་པའི་དྲན་ཤིང་ལྷག་མ
འཇིག་རྟེན་གྱི་ཕ་མཐའ་ནས་མྱངས་དགོས་པའི་ལས་འཕྲོ་སྐྱ་བོ་དེ་ཡིན་ནམ
མིག་མདུན་དུ་མངོན་པའི་བཞིན་རས་གསལ་བོ
རྨི་ལམ་གྱི་ཁ་ཚར་ལ་བཏགས་པའི་སྐད་ཅིག་མའིའཇའ་ཚོན་དེ་ཡིན་ནམ
 
སྲིབ་ངོས་སུ་གཟེངས་པའི་ཚེར་མ་སྐམ་པོ
སྨག་རུམ་ན་འཁྱིལ་བའི་ཆབ་རོམ་འཁྱག་པོ
འོད་ལམ་ལམ་བཞད་པའི་མགོ་དཀྲིས་དམར་བོ
གྲང་ཤུར་ཤུར་གཡུག་པའི་འཐོར་རླུང་དྲག་པོ
……
                             2017.7.18
འཁྲེང་ཞེན་གྱིས་དྲུབ་པའི་མར་ལོ
ཚིག་གི་མཚོན་ཆས་བསྣུན་ནས
རྡོ་བའི་མེ་ཏོག་ལ་སེར་ག་གས
ཆུ་བོའི་སྦུབས་རྒྱའང་ལྷུག་པོར་གྲོལ
 
ཁུར་དུ་ལྕི་བའི་རྡོག་ཁྲེས་ལྕི་མོ
འཐེན་མ་དྲུད་ཀྱིས་ཕྲག་པར་བླངས
 
ཡང་ན
ངས་ཁྱེད་ཀྱི་ལྷམ་ཆུང་དེ
བསམ་གཟས་ནས་མགོ་ལ་གོན་རྩིས་རེད
ཡང་ན
ངས་ཁྱེད་རང་སེམས་ཆུང་ངང
ཤེས་མེད་ཚོར་མེད་ཀྱིས་བརྐུ་གྲབས་ཡིན
 
ང་ལ་འཆི་མེད་རྒས་མེད་ཀྱི་དྲན་པ་ཞིག་ཡོད
དེ་ནི་ཁྱེད་རང་བརྗེད་མི་གཏུབ་པའི་དྲན་པ་དེ་ཡིན
 
ཁྱེད་རང་ཤག་ཤག་ཤག
ངའི་བློ་སྙིང་སིལ་བུར་མ་གཤགས
ཁྱེད་རང་ལྷུང་ལྷུང་ལྷུང
ངའི་བྲང་གཞུང་དུ་བཞུར་རྒྱུ་བྱུང་ན
                                2017.7.23
ཁྱོད་ནི་རྟོགས་དཀའ་བའི་གསང་ཨང་ཞིག
དྲི་བསུང་འཐུལ་བའི་རྒྱ་སེ་མེ་ཏོག་རྐང་གཅིག་བཏེགས་ན
མཚོན་ཆས་སྤྲས་པའི་ཚིག་གིས
ཁྲག་དམར་ལྟ་བུའི་མིག་ཆུ་ཟགས་སུ་བཅུག
 
ལྟེབས་ཁུག་ན་བསྐྱུར་བའི་གཏམ་རྒྱུད
རེ་རེ་བཞིན་སེམས་ཆུང་གིས་བཏུས
ཕྲག་རྒྱབ་ཏུ་དཔྱངས་པའི་སྐྲ་ལོ་ཟང་ཟིང
ཡང་ཡང་རླུང་གི་གཤོག་པ་ཐོགས
 
མུན་ནག་ནང་ན་ངའི་མལ་ཁྲིའི་གམ་དུ
འཇབ་ཀྱིན་འཇབ་ཀྱིན་ཡོང་གིན་ཡོད་པ་དེ་ཁྱོད་ཡིན་ནམ
མི་ཚོགས་གསེང་ན་ངའི་ཡོད་ཚད་མཐོང་ཡང
འཇབ་ཀྱིན་འཇབ་ཀྱིན་བྲོས་འགྲོ་བ་དེའང་ཁྱོད་ཡིན་ནམ
 
ཁྱོད་ནི་རྟོགས་དཀའ་བའི་གསང་ཨང་ཞིག
                                   2017.8.5



ཞོལ་མ།:ཆང་ལྷའི་རང་མོས་སྙན་ངག

分享到: 更多
copyright@2007 www.haixi.gov.cn All Rights Reserved
པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
ICP 05001235