མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
སྒྱུ་རྩལ་དོ་ར།
 

ས་སྲོད་ཀྱི་གར་ཆུང་།

ཡོང་ཁུངས།:ཚྭ་འདམ་བོད་ཡིག་དྲ་བ།  སྤེལ་དུས།:2017-12-05  རྩོམ་པ་པོ།:དུང་ཞེན་ཉི་མ།  རྩོམ་སྒྲིག་པ།:འདམ་འཇིལ་ལི།    ཀློགས་གྲངས།:

ཉི་མ་ནུབ་ཁའི་སྤྲིན་པ་དག་ཀྱང་ང་ཡི་མགོ་ཐོག་འཁོར་རམ་ཅི།།

རི་སྐེད་གྲིབ་མ་དལ་གྱིས་འཕགས་ཏེ་ཕར་གི་རི་སྒང་རྩེ་རུ་སོང་།།

རླུང་བུ་ཤུར་ཤུར་དྲུང་དུ་ཡོང་ནས་ལུས་ཀྱི་ཕྱི་ནང་བྱིལ་བྱིལ་གཏོང་།།

འཁྱམས་པོ་གན་ནི་གྲོང་འདབས་ཞིག་ལ་གར་འགྲོ་མེད་པ་དལ་ཅིང་ལུས།།

སེམས་པ་གྲང་མོ་གོམ་པ་འཁྱར་འཁྱོར་ལམ་བུ་གང་ཞིག་རྡོག་པས་ལེན།།

                       

ང་དང་ཁྱོད་ཀྱི་རྡོག་ལམ་དེ་དག་བཀག་བརྒྱ་ཞིག་གིས་ཐམ་ག་བརྒྱག།

དྲན་པའི་སྦུབས་ཀྱི་རྟོག་འགྱུ་དེ་དག་ཡིད་ཀྱི་སྒྲོམ་ནས་རྡོག་པོ་ཡལ།།

རེ་དོགས་རྒོད་པའི་སེམས་ཁམས་དེ་ནི་དྲན་པ་འཐོར་བའི་སྨྱོན་པ་ཞིག།

ཅི་ཞིག་ཟེར་ཡང་གང་ཞིག་གདོན་རུང་གནས་དེར་ཡུད་ཙམ་འཚོ་བར་དཀའ།།

བཅོས་མའི་རྫུན་འབག་གྲིག་མ་བཞིན་དུ་གང་དུ་དེ་རུ་ཤར་ཤར་བྱེད།།

                       

རི་བོ་དེ་ཡི་གྲིབ་མ་ཕོག་པས་སྐབས་རེར་དྲན་པ་ཐམ་ཐོམ་རེད།།

ཉི་མ་དེ་ཡི་འོད་མདངས་འཕྲོས་པས་ལན་རེར་རིག་པ་དྭངས་དྭངས་རེད།།

སྣང་བ་ཁྲ་ཁྲ་འཚོ་བ་སྐྱུར་སྐྱུར་རེ་ཟུང་ཞིག་གི་མགོ་ཐོག་མིན།།

བར་གྱི་སྟོང་བས་ཁྱབ་པ་དེ་རུ་དེ་དང་ནི་དེ་ནི་སྔ་གཞུག་ཙམ།།

སྐད་ཅིག་རང་བཞིན་ཞིབ་ཅིང་ཕྲ་བ་སུ་ཞིག་དེ་ལ་འཕྲུལ་མེད་རེད།།

                 

དབུགས་རྒྱུ་དེ་ཡང་སྔ་དང་མི་འདྲ་ལུས་ཀྱི་གོ་ས་སྤོར་བར་བརྩོན།།

ཆུ་ཕྲན་དེ་ཡང་མཁའ་ནས་སྤུར་བྱུང་ང་ཡི་ལུས་ཀྱང་བརླན་ལ་ཉེ།།

མདུན་གྱི་ལམ་བུ་ཡངས་པོ་མ་རེད་འགག་དང་འཕྲང་གིས་གོ་ས་བཀག།

རྡུལ་གྱི་ཕུངས་པོ་ས་རུ་ཐིམས་པའི་སྐལ་ངན་དེ་ཡང་སྐྱིད་སྣང་འཆར།།

ང་ཡི་འཁོར་མོ་ཡུག་ཏུ་ཡོད་པ་མིག་ཏུ་མི་འཐད་ཡི་ག་ལོག།

               

རི་དང་ཆུ་བོའི་བར་ཐག་དེ་ནི་མི་རབས་ཤིག་གི་རྗེས་ཤུལ་མིན།།

གོམ་གང་སྤོ་བའི་རྡོག་པའི་རི་མོ་སེམས་ལ་ཁྲིག་ཁྲིག་མེད་ཀྱང་རུང་།།

དམར་པོའི་རླབས་ཀྱི་ཕྲེང་བ་མ་འགག་རྟོག་པའི་སྣེ་མོ་མ་ཆད་ན།།

ས་གནམ་བར་ནས་ལུས་སེམས་ཕྲ་མོས་སེམས་ཀྱི་གར་ཆུང་ཅི་ཡང་འཁྲབ།།

ས་ཆེན་འདི་རུ་ཡོང་བ་དེ་ཡང་འདི་ཙམ་ཞིག་གིས་ཆོག་པར་བྱ།།

-2017-9/9/10/ཉིན་མཇུག་གྲུབ།


སྡོད་གནས་བོད་ལྗོངས་ཆབ་མདོ་འཇོ་མདའ།

དངོས་མིང་དུང་ཞེན་ཉི་མ།

ལས་རིགས་སློབ་གྲྭ།



ཞོལ་མ།:མིང་མེད།ཞར་བཀོད་གཉིས།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235