མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
སྒྱུ་རྩལ་དོ་ར།
 

ལྗོན་པ། ཞར་བཀོད་ལྔ།

ཡོང་ཁུངས།:ཚྭ་འདམ་བོད་ཡིག་དྲ་བ།  སྤེལ་དུས།:2017-12-05  རྩོམ་པ་པོ།:རོ་ཀོག  རྩོམ་སྒྲིག་པ།:འདམ་འཇིལ་ལི།    ཀློགས་གྲངས།:

     རོ་ཀོག མཚོ་ནུབ།

ང་ཡི་འཁོར་བའི་གཞུང་ལ་སྨུག་པ་འཐིབ།།

རྩྭ་དག་རྙིད་སྐམ་སོང་བས་རེ་ཐག་ཆད།།

བཞིན་སྣོད་ནང་དུ་སྤྲིན་པ་ཐར་ཐོར་བབས།།

སྤྲིན་པ་བསྲེགས་ནས་ཐལ་བ་མིག་ནང་གཏོར།།

ཕོ་བྲང་སྒེའུ་ཁུང་ངོས་སུ་ཉི་འོད་འཚེར།།

མེ་ཏོག་འཐོར་བ་ང་ཡི་གཤིས་ཡིན་ན།།

དེ་ལ་འཁོར་བའི་རྐང་དྲུག་བཙོན་ལ་བཟུང་།།

2017.11.11

ཉིན་དེ་ནས།

སྲོག་ཀི་རྩ་ལ་རླུང་ཆེན་ལྡིང་བ་ན།།

ང་ནི་སྐད་ཅིག་ཉིད་ལ་འཆི་བར་ངེས།།

རྨི་ལམ་མཐུན་གཅིག་ཙམ་ཡང་རྨི་ཁོམ་མེད།།

དེ་བས་ལག་པ་ཡ་གཅིག་ཁྱོད་སར་སྲིང་།།

དེ་ནས་སྣང་བ་རྫོགས་ཏེ་མུན་པ་འཁོར།།

   

ལོ་མས་མགོ་བོ་ཕར་གཡོ་ཚུལ་གཡོ་བྱེད།།

དགུན་ཁ་མཐོངས་བས་རྐང་བ་འགུལ་རྒྱུ་མེད།།

ཨ་ཅག་སེམས་ཀྱི་མུ་ཏིག་སྔོན་པོ་དེ།།

ཁྱོད་རང་འདོགས་པར་སྤྲོ་བའི་རྒྱན་ཆ་ཡིན།།

   

དྲན།

སྐལ་བཟང་མེ་ཏོག་བཞད་པའི་འཛུམ་གྱི་མདངས།།

ང་ལ་ད་དུང་ཁྱོད་ཀྱི་འདོད་པ་ཡོད།།

ཁ་བ་བབས་ཏེ་རླུང་བུ་ག་ལེར་ལྡིང་།།

ཉི་མའི་ནང་དུ་སྟོན་གྱི་ལོ་མ་འཐོར།།

ལུས་ཀྱི་རྨ་ཁ་དག་ཀྱང་ཆགས་གླང་རེད།།

མཚན་མོའི་རོལ་དབྱངས་རྣ་བར་ཉན་པ་ན།།

མདང་དགོང་ཆུ་ལ་བྲིས་པའི་རི་མོ་དྲན།།

དབེན།

རྩྭ་ཡི་ཟིལ་བ་དང་བཅས་འགུལ་བ་འདིས།།

ཅི་ཞིག་འདོད་པའི་སེམས་ཀྱིས་མ་ཐེག་པར།།

ན་བུན་རི་བོའི་འཕྲེད་དུ་འགྱུ་བའི་ཤུལ།།

མུ་ཏིག་ཆག་དོ་སླར་ཡང་སྒྲིག་ཨེ་དགོས།།

འཁོར་བའི་གྲིབ་མ་གདོང་ལ་འཚང་པ་ན།།

སྐད་ཅིག་ཉིད་ལ་འུ་ཅག་འགྱུར་ལྡོག་ཆེ།།

ཡིད་ལ་ད་དུང་བསམ་བློ་སྐྱེ་ཆོག་གམ།།

ཉི་མ་འདི་ལ་ཆགས་པ་བྲལ་བའི་ངང་།།

ལ་མོའི་རྒྱབ་ནས་ལུས་ལ་ལྷན་པ་རྒྱབ།།

ནམ་ཞིག་བུང་བའི་གཤོག་སྒྲ་ཆད་ཙ་ན།།

བདག་ནི་དོ་ཞག་ལྟ་བའི་དུས་དབེན་ནོ།།

2017.11.16

ཡོད་ཚད།

ང་ཡི་མིག་མཐའ་སྔོན་པོར་གྱུར།།

ཁྱོད་ཀྱི་མཆུ་ལ་དམར་སྨིག་ཆག།

རླུང་གི་དྲི་ལ་ཆགས་པ་ཡིས།།

ས་གཞི་འདི་ལ་རྡོག་པས་མནན།།

མཚན་མོ་མིག་གི་བར་ལ་འཚང་།།

ང་ཡིས་རང་གི་གྲིབ་མ་བོར།།

ཟླ་བའི་ཐུལ་ལ་གཅིན་པ་བཏང་།།

སྨུག་པའི་ནང་དུ་ལག་པ་སྲིང་།།

སྒེའུ་ཁུང་ནང་ནས་ལྐོག་བལྟ་བྱས།།

ང་ཡི་ཞེ་ལ་ག་རེ་དྲན།།

རྨི་ལམ།

མེ་ལོང་ངོས་སུ་རི་མོ་བྲིས།།

ནགས་ཀླུང་ཚལ་ལ་ཟླ་བ་ཤར།།

གཙང་བོའི་ནང་དུ་ལྷུང་བ་ན།།

བྱིས་པ་དེ་ཡང་གཉིད་དུ་ཡུར།།

མལ་ཁྲིའི་སྟེང་དུ་བདེ་མོར་གཟིམ།།

མེ་ཏོག་གློ་ཁ་བཞད་པ་དང་།།

གྱང་ངོས་དེ་ཡི་རླུང་བུ་ཡིས།།

བ་སྤུ་འཐག་པ་སུ་ཡིས་མཐོང་།།

ཡིད་ཀྱི་མཁའ་ལ་གླང་པོ་རྒྱུགས།

གང་གིས་དེད་པ་མ་ཡིན་པར།།

རླུང་བུར་སྐྲག་ནས་བྲོས་པ་ཡིན།།

2017

གོང་མ།:དུས་ཀྱི་ཕོ་ཉའི་རྩོམ་གསར་གཉིས།

ཞོལ་མ།:ང་ལ་བརྩེ་བ་ཞིག་གི་མིག་ཆུ་འཁྱིལ།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235