མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
སྒྱུ་རྩལ་དོ་ར།
 

དུས་ཀྱི་ཕོ་ཉའི་རྩོམ་གསར་གཉིས།

ཡོང་ཁུངས།:ཚྭ་འདམ་བོད་ཡིག་དྲ་བ།  སྤེལ་དུས།:2017-12-06  རྩོམ་པ་པོ།:དུས་ཀྱི་ཕོ་ཉ།  རྩོམ་སྒྲིག་པ།:འདམ་འཇིལ་ལི།    ཀློགས་གྲངས།:

འདང་ལ་འཁྱུད་པའི་ལས་སྐལ།   ཞར་བཀོད་གཉིས།

                       དུས་ཀྱི་ཕོ་ཉ། མཚོ་ལྷོ།

དོ་ནུབ་རླུང་བུས་ཅ་ཅོ་སྒྲོག་ཡོང་།།

མེ་ཏོག་ཞིག་ཀྱང་ལྡེམ་ལྡེམ་འགུལ་བྱུང་།།

སྒེའུ་ཁུང་ནང་ནས་བལྟས་ཙམ་བྱས་དུས།།

མག་མོག་གཡོ་བའི་དབྱིངས་ཀྱི་མཁའ་རུ།།

སྐར་ཚོགས་ཚོམ་བུ་ཁྲི་འབུམ་ཤར་བྱུང་།

ཟླ་བའི་ཞལ་ཁ་རི་རྩེར་ཕོག་འདུག།

གྲིབ་རས་ནག་པོར་མིག་ཏུ་གཟན་པ།།

ཁེར་རྐྱང་མི་ཡི་འཚོ་བ་ཡིན་ནམ།།

ལྷོད་ཀྱིས་བླངས་བའི་གཞས་ཆུང་འདི་ནི།།

ཚོར་བའི་དབྱིངས་དང་སེམས་ཀྱི་གཏིང་དང་།།

རུས་པའི་གསང་དང་མགྲིན་པའི་ལམ་དུ།།

སུ་ཞིག་དྲན་པའི་འབོད་པ་ཡིན་ནམ།།

བརྩེ་འདང་མངར་མོ་བདུད་རྩི་འདྲ་བོར།།

དམ་ཚིག་གོར་མོ་རྡོ་ལ་འཁྱུད་དེ།།

སྨོན་འདུན་གསོལ་བ་དབྱངས་སུ་གྱེར་ཡོད།།

ལས་དང་ལམ་གྱི་མེ་ཏོག་སེར་ཆེན།།

འདང་དང་བརྩེ་བས་དམ་པོར་བཅིང་ཏེ།།

གནའ་དང་ཚིག་གི་དམ་བཅའ་བཞག་པ།།

ལས་སྨོན་སྐལ་བའི་བསྐོས་ཐེངས་ཡིན་ནམ།།

འཇིག་རྟེན་སྣང་བའི་འཁྲུལ་སྣང་ཡིན་ནམ།།

སྒྱུ་མའི་གྲོང་གི་འཁྱམས་པོ་འདི་ལ།།

ལས་ཀྱི་སྡིག་སྒྲིབ་ཐོན་པ་ཡིན་ནམ།།

ཡིད་ཀྱི་ནོར་བུ།

ཁོ་བོའི་ཡིད་ཀྱི་ཁང་ཆུང་གྲུ་བཞི་ནང་།།

སེམས་ཀྱི་ཁྱོད་རང་ནང་གི་ནོར་བུ་ཡིན།།

ལས་ཀྱི་མྱ་ངམ་ཐང་གི་ཆུ་བོ་ཡིན།།

འཛུམ་གྱི་ར་བའི་དཀྱིལ་གྱི་དྭངས་མ་ཡིན།

སྔོན་གྱི་བག་ཆགས་ཤིག་གི་ཁ་དོག་ཡིན།།

སྒོ་ཡི་དྲིལ་ཆུང་སིལ་སིལ་སུ་ཡིས་བདུང་།།

ང་རང་རྨི་ལམ་ཞིང་ན་གཉིད་དུ་ཡུར།།

རྫོགས་མཐའ་མེད་པའི་ཚོར་བའི་རྔམ་ཁ་ན།།

གཞོན་པའི་སྒྱུ་རྩལ་དུངས་སྣང་སྒྱུ་འཕྲུལ་ཞིག།

སྣང་བའི་མེ་ཏོག་འཐུ་བཞིན་གཉིད་ལ་ཤོར།།

ཚོར་བའི་ངོས་སུ་ཉི་མའི་ཟེགས་མ་འཐོར།།

དགུན་གྱི་གྲོང་ལ་ཙག་རླུང་ལྷོད་ཀྱིས་ལྡང་།།

བྱེ་མའི་ཐང་དུ་མི་ཚེའི་མིག་ཆུའི་བྲིས།།

མིག་ཆུ་གཙང་བོར་འདྲིས་པའི་ལོ་ཟླ་འདིར།།

ཚོར་བ་ཡི་གེར་བཀྲམ་པའི་དུས་ཚུགས་ཡིན།།

           ༢༠༡༧.༣.༢༩ཉིན་སློབ་གླིང་ནས་བྲིས།

གོང་མ།:ཐ་སྐར་གྱི་ཉེ་བྲིས་སྙན་ངག

ཞོལ་མ།:ལྗོན་པ། ཞར་བཀོད་ལྔ།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235