མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
སྒྱུ་རྩལ་དོ་ར།
 

ཐ་སྐར་གྱི་བཅད་མ་བདམས་བཀོད།

ཡོང་ཁུངས།:ཚྭ་འདམ་བོད་ཡིག་དྲ་བ།  སྤེལ་དུས།:2017-12-07  རྩོམ་པ་པོ།:ཐ་སྐར།  རྩོམ་སྒྲིག་པ།:འདམ་འཇིལ་ལི།    ཀློགས་གྲངས།:

སེམས་ཉིད་རབ་ཏུ་སྐྱོ་བའི་གད་རྒྱངས།

                 

མཚན་མོ་སྨྲ་བ་འགག་པའི་དུས་ཚོད་ཁྲོད།།

འཁོར་བ་སྒྱུ་མའི་ཕོ་བྲང་ཆེན་པོ་ཞིག།

མུན་པས་གཡོགས་པའི་དགུན་གྱི་ས་སྲོས་ཅིག།

སྐྱེ་འཆི་གར་ལ་བསྲེས་པའི་འགྲོ་བ་དེས།།

སྐྱེ་བ་བརྒྱ་ཡི་སྨོན་ལམ་ཐང་ལ་སྦྱར།།

སྡུག་པའི་ལག་ཟུང་དམར་པོ་དོང་ཁར་བསྲིངས།།

ནམ་ཞིག་ང་ཡི་ལས་ཀྱི་གཙང་པོའི་ཁར།།

ཀོ་གྲུ་དང་ནི་བྱ་ཁྱུ་གང་མི་འདུག།

ངས་ནི་ལྷིངས་འཇག་རྣ་བར་གླགས་ན་ཡང་།།

སྐྱོ་ཤེས་རླུང་བུ་འབའ་ཞིག་མདུན་ན་རྒྱུ།།

སྐྱོ་བའི་མནར་བས་མེ་ཏོག་ཚིག་རོ་འགའ།།

གཙང་བོ་སྔོན་པོ་ཞིག་གི་འཇིངས་སུ་ནུབ།།

ང་རང་གཙང་བོ་བཞིན་དུ་རྒྱང་རིང་བཞུར།།

རྒྱང་ཐག་རིང་ནས་གཡུག་པའི་རླུང་བུ་དེ།།།

ནམ་ཞིག་བདག་གི་གམ་དུ་སླེབས་སྲིད་པ།།

དེ་དུས་ཁོ་བོ་གྲོལ་བའི་བརྡ་རྟགས་མཆིས།།

སྐྱེ་འཆིའི་སྡུག་བསྔལ་ཁུར་བས་ཡི་གེ་དེ།།

དྲན་པའི་མེ་ལོང་ངོས་ནས་བསུབ་ཐུབ་བྲལ།།

བོད་མེ་བྱ་ལོའི་ཟླ་བ་བདུན་པའི་ཚེས་ཉེར་གཉིས་ཀྱི་མཚན་མོར་སྦྱར།


             

  བདག་མེད་མ་ལ་སྤྲིངས་པ།

 

             

བརྒྱད་ཁྲི་བཞི་སྟོང་ཆོས་ཀྱི་ངོ་བོ།།

ཞག་ནག་སུམ་བརྒྱ་དྲུག་ཅུའི་དྲན་གདུང་།།

མ་བོར་རྟོགས་པའི་བདག་མེད་མ་ནི།།

སེམས་པ་གཡོ་དང་ཟོལ་ཀྱིས་མ་ལྷད།།

གཤིས་ཀ་མིག་འཕྲུལ་སྒྱུ་མས་མ་གོས།།

ངག་ལ་རྩུབ་མོ་ཚིག་གི་དབེན་པ།།

ཞེ་དང་སྣང་བའི་སྦར་ཁ་མཐུན་པ།།

མཆོག་དགའི་རང་བཞིན་བདག་མེད་ལྷ་མོ།།

བཅོ་ལྔའི་ཟླ་བ་ལྟར་དུ་མཛེས་པ།།

རབ་འབྱམས་དག་པའི་ཞིང་ན་བཞུགས་པ།།

སྐྱོ་ཤས་རླུང་བུ་གཡོ་བར་འགྱུར་ཨང་།།

           

               ༢༠༡༧ ༧ ༢༩ མཚན་མོར་སྦྱར།


སྣང་བའི་ཁ་དོག་འཁྱག་པ།

 

       

རྡོ་དང་ཆུ་ཡི་གཉེར་མ་དག།

ལས་རླུང་འཁྱག་པ་ལས་མངོན་པ།།

ཉི་འོད་ཆུ་བོའི་ནང་དུ་ཟགས།།

འཛིན་མའི་ཁྱོན་ཀུན་སྡུག་བསྔལ་བ།།

མུན་པས་བཟོས་པའི་ནམ་མཁའ་དང་།།

བྲིས་པ་འཁོར་བ་ཆེན་མོ་ལ།།

གདུང་བའི་ཆུ་བོ་ཟད་མཐའ་མེད།།

སྡུག་པས་བསྔལ་བའི་སྐྱེ་འགྲོ་ཀུན།།

ན་ཟུག་སྐྱེས་པ་གྲངས་ཀ་མེད།།

རྣམ་ཤེས་སྐུད་སྣེ་ཕྲ་མོ་དེ།།

སྐྱོ་ཤས་རླུང་བུས་ཡང་ཡང་སྒུལ།།


 བདག་ཉིད་རབ་ཏུ་སྨྲེང་ནས་ཡོང་།

ཁ་བ་བབས་ནས་རང་བྱུང་ཁམས་ཀྱི་པང་སྟེང་གི།

མི་རྣམས་བྲེལ་བཞིན་དགུན་གྱི་དུས་ཚིཊ་བསུ་ཡི་འདུག།

གུག་ཅིང་རིང་བའི་སྲང་ལམ་དེ་ཡི་ཉེ་འགྲམ་གྱི།།

གཉིད་དུ་ལོག་པའི་རྡོ་བ་དེ་དག་རབ་འཁྱག་པ།།

ནམ་ཟླ་གོར་མོ་དྲོད་གྲང་འགྱུར་བག་རབ་འཕག་པས།།

ཁྲུང་ཁྲུང་ཁྱུ་རྣམས་རྒྱང་བཞུད་སེམས་པ་ཤིན་ཏུ་ལྕི།།

རབ་ཏུ་འཁྱག་པའི་སྟོན་གྱི་རླུང་བུའི་གཤོག་སྟེང་དུ།།

མེ་ཏོག་བྱེ་བ་ཁྲག་ཁྲིག་ཙག་གིས་བསྡམ་པ་ཤར།།

རླུང་དམར་ལྡིང་ནས་ལྷ་ཚོགས་ཕོ་བྲང་བཞེང་འདྲ་བ།།

ཁ་བ་བབས་པའི་གོ་རིམ་ཁྲོད་ནས་ཆག་ཤོར་བས།།

ཉི་རྡུལ་དེ་དག་བྱེ་མའི་ཐང་དུ་གཉིད་ལ་འཐིམ།།

ཞོགས་པ་རེ་རེ་རྩྭ་ཐང་སྟེང་དུ་བ་མོ་ཁུད།།

ལམ་ནས་མཐོང་བའི་མི་བུ་དག་གི་ངོ་གདོང་ཡང་།།

སྐྱོ་བ་མང་པོའི་ཐ་སྙད་སྣ་ཚོགས་ཁུར་ནས་འདུག།

རབ་ཏུ་མཛེས་པའི་ས་སྲོད་དག་ཀྱང་ཁེར་ཧྲེང་བསྐྱལ།།

སྟོན་མཇུག་སྡོང་ལོ་སེར་པོ་འགྱུར་ནས་ས་རུ་འཐོར།།

ཤིན་ཏུ་སྐྱོ་བའི་སྟོན་མཇུག་ཐང་དུ་སྨྲེང་ནས་འོང་།།


         རབ་ཏུ་ཆད་པའི་ངག

མུ་མཐའ་མེད་པའི་ནམ་མཁའི་འགྲམ་ཁུག་ནས།།

རྟ་བདུན་དབང་པོའི་ཞལ་ངོ་བར་སྣང་ཁྱབ།།

འོད་ཀྱི་ཉག་མ་དཔག་མེད་འཇིག་རྟེན་འཕྲོས།།

ངལ་བའི་ཟོལ་གྱིས་ཡང་ཡང་མཁའ་རུ་བལྟས།།

དཀར་པོ་སྤྲིན་གྱི་བང་རིམ་འཐོར་ལ་ཁད།།

གཙང་བོར་བལྟས་ནས་ཞལ་ཤ་འཚིག་པ་མཐོང་།།

ཚ་བའི་མནར་བའི་སྐྱེ་འགྲོའི་ཚོགས་དེ་དག།

ལུས་ཀྱི་ཤུག་ཟད་སེམས་ཀྱི་ཉིན་སྲིབ་བསྲེགས།།

རྩྭ་ཐང་ལྷིངས་འཇག་ཁོ་ནར་སྡོད་པ་དེ།།

སྐྱེ་འགྲོ་ཚ་བའི་གདུང་བས་ཡིན་ནམ་ཀྱེ།

                                           


         

࿔ གྲོགས་ལ་བཏང་བའི་ངག་ཐུན།

                            གྲོགས dai qu ལ་ཕུལ།

1                        

སྒེའུ་ཁུང་ལས་མཁའ་དབྱངས་མཐོང་དུས།།

གྲོགས་མེད་ཀྱི་ཟླ་བ་སྒོར་སྒོར།།

ཁེར་ཧྲེང་ངང་འགྲུལ་བཞུད་རྒྱགས་པ།།

ཡིད་སེམས་ཀྱི་གཏིང་དུ་ཟུགས་པ།།

ལྷད་མེད་ཀྱི་གྲོགས་དེའི་ཞལ་རས།།

ཟླ་བ་ལས་མཛེས་པ་སེམས་ཡོད།།

2

ཞི་འཇམ་གྱི་གྲོང་རྡལ་ཞིག་ནས།།

དྲན་ཤེས་ཀྱི་མེ་ལོང་ངོས་སུ།།

ཆ་མེད་ཀྱི་ཕྱི་དྲོ་ཞིག་ལ།།

ཆ་ཡོད་ཀྱི་གྲོགས་དེ་དྲན་དུས།

བར་ཐག་འདི་མཐུད་པའི་སྐུད་པ།།

ཁྱེད་ཉིད་ཀྱི་ཕྱོགས་སུ་སྤྲིངས་ཡོད།།

3

ལམ་འཕྲད་ཀྱི་གྲོགས་པོའི་མིང་ཡིག།

བདག་སེམས་ཀྱི་ནང་ལ་བརྐོས་ཡོད།།

བདག་ཉིད་ནི་རྒྱང་རིང་བྱིན་ཀྱང་།།

ཕྱིར་མིག་འདི་ཁྱེད་ཕྱོགས་འཁོར་ཡོད།།

4

ལས་ཀྱིས་རླུང་བུས་དེད་པའི་མི་ཡུལ་ནས།།

སྐྱེས་ནས་སྐད་ཅིག་མི་སྡོད་མི་རྟག་པ།།

སེམས་དང་བསམ་པ་འགྲོག་པའི་གྲོགས་ལགས་དང་།།

གནས་སྐབས་སོ་སོར་བྲལ་དགོས་ཆོས་ཉིད་རེད།།

དེ་ལ་སྐྱོ་བ་མ་སྐྱེས་སྙིང་གི་གྲོགས།།

           

                                               2017/11/11


འགྲོ་བ་སྐྱོ་བའི་གཞས།

མིག་ལམ་མངོན་པའི་སྲང་ལམ་ཆུང་ཆུང་དེའི།།

མདུན་དུ་བཞུད་པའི་འགྲོ་བའི་ཚོགས་དག་གིས།།

མེ་ཏོག་དམར་པོ་ཞིག་གི་ངོ་གདོང་བཀླགས།།

འཇིགས་སྐྲག་ཡོད་ཚད་རང་གི་རྒྱབ་ཏུ་བརྐོས།།

སྒོ་གསུམ་རེས་མོས་བྱས་ནས་སུན་སྣང་འཁོར།།

རྨི་ལམ་ནང་གི་མིག་ཆུ་འཁྱག་པོར་འགྱུར།།

     

གྲིབ་མའི་གྲིབ་མར་སྦྲེལ་བའི་འཇིག་རྟེན་ནས།།

ཟླ་འོད་བསིལ་ཟེར་ངོ་གདོང་ཕོག་དུས་སུ།།

སྡིག་སྒྲིབ་ལག་མཐིལ་འཐོར་བའི་འགྲོ་བ་དེས།།

ཕྱིར་དྲན་རི་མོ་མང་པོ་རླུང་གིས་ཁུར།།།

ལས་ཀྱི་འཕྲོ་མ་བཞག་པའི་དགའ་སྐྱོ་ཡིས།།

ཉིན་མཚན་མེད་པར་འགྲོ་བ་ཤེད་ཀྱིས་བརྡུང་།།

   

སྐྱེ་འཆིའི་ཡིག་འབྲུ་ཁུར་བའི་འགྲོ་བ་དེའི།།

རབ་ཏུ་མཐུག་པའི་གྱང་དེར་མང་བརྡུང་མཐར།།

རྐང་རྗེས་ནང་དུ་སྡུག་པའི་ཐ་སྙད་འཐོར།།

མཚན་མོའི་ལག་པ་འདི་ཡང་རབ་ཏུ་འཁྱག།

འཆི་བའི་གྲིབ་མ་སྟེང་དུ་སླེབས་ཙམ་ན།།

ཐང་ཆད་པ་ཡི་སྣང་བ་ཞིག་བྱུང་སོང་།།

   

སྒེའུ་ཁུང་ཁྲི་སྟོང་མང་བོས་གློག་གཟིམ་དུས།།

ཡོད་ཚད་གཉིད་དུ་ཡུར་བའི་མཚན་མོའི་གདོང་།།

བསམ་ན་སྙིང་བོ་ཡོད་པའི་ལས་བྱ་དབེན།།།

སེམས་ངལ་མཐའ་དག་ཁོག་ལ་རབ་བཟུང་བས།།

ནགས་ཚལ་ཁྲོད་ཀྱི་རི་དྭགས་རྨས་མ་ཞིག།

འཁོར་བའི་གྲོང་ནས་སྨྲེང་གཞས་ལྷོད་ཀྱིས་ལེན།།


བདག་ཉིད་རབ་ཏུ་སྨྲེང་ནས་ཡོང་།

ཁ་བ་བབས་ནས་རང་བྱུང་ཁམས་ཀྱི་པང་སྟེང་གི།

མི་རྣམས་བྲེལ་བཞིན་དགུན་གྱི་དུས་ཚིཊ་བསུ་ཡི་འདུག།

གུག་ཅིང་རིང་བའི་སྲང་ལམ་དེ་ཡི་ཉེ་འགྲམ་གྱི།།

གཉིད་དུ་ལོག་པའི་རྡོ་བ་དེ་དག་རབ་འཁྱག་པ།།

ནམ་ཟླ་གོར་མོ་དྲོད་གྲང་འགྱུར་བག་རབ་འཕག་པས།།

ཁྲུང་ཁྲུང་ཁྱུ་རྣམས་རྒྱང་བཞུད་སེམས་པ་ཤིན་ཏུ་ལྕི།།

རབ་ཏུ་འཁྱག་པའི་སྟོན་གྱི་རླུང་བུའི་གཤོག་སྟེང་དུ།།

མེ་ཏོག་བྱེ་བ་ཁྲག་ཁྲིག་ཙག་གིས་བསྡམ་པ་ཤར།།

རླུང་དམར་ལྡིང་ནས་ལྷ་ཚོགས་ཕོ་བྲང་བཞེང་འདྲ་བ།།

ཁ་བ་བབས་པའི་གོ་རིམ་ཁྲོད་ནས་ཆག་ཤོར་བས།།

ཉི་རྡུལ་དེ་དག་བྱེ་མའི་ཐང་དུ་གཉིད་ལ་འཐིམ།།

ཞོགས་པ་རེ་རེ་རྩྭ་ཐང་སྟེང་དུ་བ་མོ་ཁུད།།

ལམ་ནས་མཐོང་བའི་མི་བུ་དག་གི་ངོ་གདོང་ཡང་།།

སྐྱོ་བ་མང་པོའི་ཐ་སྙད་སྣ་ཚོགས་ཁུར་ནས་འདུག།

རབ་ཏུ་མཛེས་པའི་ས་སྲོད་དག་ཀྱང་ཁེར་ཧྲེང་བསྐྱལ།།

སྟོན་མཇུག་སྡོང་ལོ་སེར་པོ་འགྱུར་ནས་ས་རུ་འཐོར།།

ཤིན་ཏུ་སྐྱོ་བའི་སྟོན་མཇུག་ཐང་དུ་སྨྲེང་ནས་འོང་།།



ཞོལ་མ།:དུས་ཀྱི་ཕོ་ཉའི་རྩོམ་གསར་གཉིས།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235