མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
སྒྱུ་རྩལ་དོ་ར།
 

དབྱངས་རྫིའི་རང་མོས་བཏུས་བཀོད།

ཡོང་ཁུངས།:ཚྭ་འདམ་བོད་ཡིག་དྲ་ཚིགས།  སྤེལ་དུས།:2017-12-07  རྩོམ་པ་པོ།:དབྱངས་རྫི།  རྩོམ་སྒྲིག་པ།:འདམ་འཇིལ་ལི།    ཀློགས་གྲངས།:

སྐྱེ་བ་བརྒྱ་ཡི་སྨོན་འདུན།

         སྐྱེས་མ“Sun doctor”ལ།

                          དབྱངས་རྫི།  མགོ་ལོག


གཟི་བྱིན་གྱི་མེ་ཏོག་ལགས།

འཛུམ་དམུལ་གྱི་ཞལ་རས་ཏེ་རིང་དུ་མ་ཡལ་ཞིག

རི་རབ་དང་གཙང་བོ།  མུན་ནག་དང་འཚོ་བའི་ཁ་ཉེ་ལ་ཁྱོད་རང་ཧ་ཅང་གལ།

       

འོད་ཕུང་གིས་གྲུབ་པའི་ལང་ཚོ་དེ།

སྐྱེ་བ་སྔ་མོའི་དར་མ་དེའི་རྣམ་ཤེས་ཡིན་ནམ།

འཇིག་རྟེན་འདིར་ཆེད་དུ་མིག་འབྲས་ལ་ཕུལ་བའི་སྙན་ངག་ཡིན།

 

སུས་ཀྱང་མ་ཡིན་པའི་བསམ་མནོ་དྲི་མེད་དེ།

ང་དང་སྙུག་འཛིན་པ་རྣམས་ཀྱི་གསལ་བྱེད་ཀྱི་དོ་ཤལ་ལོས་ཡིན་སྙམ།

འཇིགས་རུང་གི་ཕྲང་ལམ་ནས་བརྒལ་དུས།

ཁྱོད་ནི་གཞི་ནས་ངའི་སྐྱབས་འཇུག་གི་གཞི་རུ་གྱུར།

                                          ༢༠༡༧.༡༡.༡༥རང་ཤག་ནས།


གྱེས་འཛོམས།

ངས་སྐྱ་རེངས་མ་ཤར་བའི་སྔུན་ནས་རྟ་ལ་སྒ་ཆས་བྱས་ཏེ།

རིམ་གྲོ་མ་བཅུག་པར་འགྲུལ་བཞུད་བྱེད་རན་སོང་།

མིག་ཆུས་བརླན་གྱིན་པ་ཁྱོད་ཀྱི་སེམས་པ་དང་ཞལ་ངོ་ཡིན།

   

སྲོད་དུས་སུ་ཁྱོད་ཀྱིས་ངས་ཕྱིར་མིག་འཐེན་སའི་ཡུལ་གྲུ་དེ་ནས།

དྲན་པ་དབྱངས་ལ་དྲངས་ཏེ་ལ་གཞས་ཁག་ཅིག་བླངས།

དུས་ན།  དྲན་པས་གཟིར་གྱིན་པ་ང་དང་ཁྱོད་ཀྱི་ལོ་ཟླ་ཡིན།

   

འདས་ཟིན་པ་དག་བརྗེད་ལ་ཉེ་བའི་ལོ་ངོ་དུ་མ་ཞིག་གི་རྗེས་ནས།

གློ་བུར་མ་ཡིན་པའི་གློ་བུར་ཞིག་ལ།         ཁྱོད་དང་ང་།

འུ་གཉིས་གྱེས་ཕྱག་གི་ལག་བརྡ་གཏོང་མྱོང་སའི་གནས་དེ་ནས་སླར་ཡང་འཕྲད་བྱུང་།

                                           ༢༠༡༧.༩.༡ཉིན་སྡོད་ཤག་ནས།


རྣམ་ཤེས་ཀྱི་གསང་བ།

རྨི་ལམ་གྱི་རྭ་བར་འཛུལ་ཏེ།

སེམས་གཏམ་གྲངས་མེད་ཅིག་བསླུས།

ཡིན་ཙང་སྙིང་དབུས་ན་སྦས་པའི་གསང་གཏམ་དེ་སུས་ཀྱང་ཚོར་མེད།

   

ནམ་ཡང་འཛུམ་མདངས་ཀྱིས་བྱུགས་པའི་ཞལ་གདོང་དེས།

ཚོད་ཚོད་དུ་མྱི་དག་འཆི་བར་འདེད་ཀྱིན་ཡོད།

བསམ་ཞིང་བསམ་དུས་སླར་ཡང་དྲན་པར་འཇུ་དགོས་བྱུང་།

     

ངའི་ཉིན་ཞག་དུ་མ་ཞིག་འདས་རྗེས་སླར་ཡང་དཔེ་མཚོན་གྱི་འདྲ་རིས་ཤིག་རྙེད།

དེ་ནི་རྨི་ལམ་གྱི་མཛའ་ན་མོར་ཕུལ་བའི་མཚན་ལྗོངས་ཀྱི་གསང་གཏམ་དེ་ཡིན་པ་ཚོར།

     

འུ་གཉིས་ལ་དབང་བའི་མུན་པ་དེ་རབ་ཏུ་སྟུག་པའི་སྐར་ཆེན་འགྱིངས་བའི་མཁའ་དབྱིངས་རུམ་དུ་བཅུགས་ནས།

མུ་མཐའ་མེད་པའི་རྩྭ་ཐང་དེ་ཡིད་ལ་སྒོམ་བཞིན་རྫོགས་པ་མེད་པའི་གསང་གཏམ་དེ་ལྷོད་ཀྱིས་མྱེད།

                                                               ༢༠༡༧.༧.༢༢ལ་སྡོད་ཤག་ནས།


«   དོན་འགྲུབ་རྒྱལ་དྲན་པའི་མིག་ཆུ།   »  

ཉི་ནུབ་ཀྱི་པང་བ་ནས།

དཀར་གསལ་གྱི་ཞལ་རས་དེ་ལྷོད་སོང་།

སྦྲ་ནག་གི་ལྷས་འདབས་ནས་གངས་ཕྲུག་ཁོའི་རྣམ་ཤེས་ཤོར་སོང་།

སྙན་ངག་གི་བླ་ཤིང་ལགས«ལང་ཚོའི་རྦབ་ཆུ»བརྩམས་ཏེ་བགྲོད་ཟིན།

   

རུས་པ་སྨུག་པོ་ཅན་གྱི་མི་བུ་ཞིག

འཇིག་རྟེན་གྱི་མཐོ་སར་སླེབས་ནས་རྒྱང་རིང་ལ་བཞུད་དེ་ལོ་ཟླ་ཅིག་ཅར་འདས་ཟིན།

སྔོན་རབས་པ་ཞིག་གི་སེམས་གཏམ་དེ་«ཤ་དང་རུས་པའི་བརྩེ་དུང»ལ་བྲིས་ཤིང་།

«རྐང་ལམ་ཕྲ་མོ»བརྒྱུད་ནས་བཞུད་སྐད།

རྗེས་རབས་པ་ང་ཚོ«སད་ཀྱིས་བཅོམ་པའི་མེ་ཏོག» བཞིན།

ཁ་ཆར་དང་བུ་ཡུག་གིས་གཉའ་ནས་བཅོམ།

     

དུས་ན་ཁྱོད་ཀྱི་རྒྱབ་ལྗོངས་སུ་འཆམ་འཆམ་དུ་བལྟ་ཞིང་།

ཁྱོད་ཀྱི་ཞབས་རྗེས་ལ་ཕྱིར་ཀློག་ཅིག་བྱས་སྟབས།

མིག་ཀོང་གི་མཆི་མ་མཁུར་ངོས་ནས་འཛད་དགོས་བྱུང་།

     

དྲན་གདུང་གི་ན་ཟུག་ལྕི་བོ་དེ་སྙིང་ཁུང་ནས་བོར།

ལང་ཚོའི་ཚེ་སྲོག་གང་ཡིག་འབྲུ་ལ་བཅོལ་བའི་དོན་འགྲུབ་རྒྱལ།

ང་ཡང་ཁྱེད་ཀྱི་རྗེས་ན་བསྙེགས་དང་སྙེག་བཞིན་ཡོད།

རྒྱང་བཞུད་པ་ཡཱ།ཡིག་འབྲུ་འཐུ་བའི་དོན་འགྲུབ་རྒྱལ།

གོང་མ།:ལང་ཚོ། ཞར་བཀོད་གཉིས།

ཞོལ་མ།:ཡིད་ཀྱི་སྐར་ཆེན།ཞར་བཀོད་གསུམ།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235