མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
སྒྱུ་རྩལ་དོ་ར།
 

ལང་ཚོ། ཞར་བཀོད་གཉིས།

ཡོང་ཁུངས།:ཚྭ་འདམ་བོད་ཡིག་དྲ་བ།  སྤེལ་དུས།:2017-12-11  རྩོམ་པ་པོ།:སྦྲང་བུ།  རྩོམ་སྒྲིག་པ།:འདམ་འཇིལ་ལི།    ཀློགས་གྲངས།:

སྦྲང་བུ།


༡.

ལང་ཚོ་ཡི་མེ་ཏོག་ཀློང་ནས།།

སྙན་ངག་གི་ལང་ཚོ་སྨིན་པའི།།

ཚངས་སྲས་ཀྱི་ཉི་འོད་འཚོལ་བའི།།

ག་ལེར་བཞིན་ལང་ཚོ་རྒས་སོང་།།

འཚོ་བ་ཡིས་མེ་ཏོག་འཐུལ་བའི།།

གཞོན་པ་ཡི་སྙན་ངག་དུམ་བུ།།

སོ་སོ་ཡི་གྱེས་ཁ་ཤོར་བའི།།

དགུན་ཟླ་ཡི་ལང་ཚོའི་ཁོག་ནས།།

ཚོར་བ་དང་སྨུག་པ་རྒུད་སོང་།།

ཆང་གཞས་ཀྱི་གླུ་རུ་གྱེར་ཆོག།

སྙན་ངག་དང་ཚོར་བ་བསེད་པའི།།

ལང་ཚོ་ཡི་སྨིན་མ་དེ་ཡང་།།

སྐྱོ་གཞས་ཀྱི་སྙན་ངག་འབུལ་ཆོག།

༢.

སྣང་བ་ཡིས་འཁོར་བར་འཐག་པའི།།

ཟླ་བ་ཡིས་སྐྱོ་བ་བཞེངས་པའི།།

ས་སྲོད་ཀྱི་སྙན་ངག་ཕུང་པོ།།

ནམ་ཞིག་ལ་ཕུང་པོ་བསྲེག་ནས།།

ངེས་མེད་ཀྱི་འཆི་བ་གསོན་པོ།།

འཆི་བདག་གི་སྐེ་རུ་ཐོགས་ནས།།

འཆི་བ་ཡི་དར་ལྕོག་ལྷབ་ལྷུབ།།

སེམས་པ་ཡི་ངོགས་ནས་ཆས་སྲིད།།

དེ་དག་ལ་བསམ་གཞིག་བཏང་བས།།

ཚོར་བ་ལ་སེམས་གཞས་ཕུལ་ནས།།

སྙན་ངག་གི་ལང་ཚོ་མཛེས་མ།།

ཁོ་བོ་ཡི་སྐེ་རུ་འདོགས་ནས།།

སྙན་ངག་ལ་ལང་ཚོ་འབྲི་ཆོག།

                       ༢༠༡༧ ༡༡ ༡༢ ཉིན།


ས་སྲོད་ཀྱི་གཞས་མ།

ལོ་ན་ཆེ་བའི་ས་སྲོད་ཞིག།

སྐྱེ་རྒ་ན་འཆིའི་གོ་རིམ་ནང་།།

གཅོང་ནད་ཞིག་གི་སྣེ་ཁྲིད་དེས།།

མུན་པའི་ནང་གི་གཤོག་པ་རྙེད།།

གཤོག་པའི་ངོས་ལ་ཁྲག་དྲི་བྲོ།།

རྔོན་པ་ཞིག་གི་མདའ་མོ་འདུག།

མདའ་རྩེ་གཏུམ་གྱིས་འདུལ་བ་འདི།།

རྔོན་པའི་གོང་མའི་ལན་ཆགས་ཡིན།།

   

ས་སྲོད་འགྲིམས་པའི་ནུབ་མཐའི་ན།།

བྱེའུ་ཆུང་འཇོལ་མོ་ནུབ་ཏུ་སོང་།།

བྱང་ཕྱོགས་བསྟི་གནས་ཕ་བོང་ལ།།

འཕྲིན་པ་ཞིག་གིས་ངག་སྒོ་བསྐུར།།

ཚེ་འདིའི་ག་ལེར་ཕེབས་པར་འདི།།

ས་སྲོད་ཉི་མའི་བརྡ་རྟགས་ཤིག།

གདུང་བ་ཞིག་གི་རྒྱང་དུ་འགྲིམས།།

གྱེས་ཁ་ཤོར་བའི་ཚིག་དུམ་ལ།།

གདུང་བ་ཞིག་གི་གཟིམ་ཆུང་བཞེངས།།

དེ་རུ་གཟིམས་པའི་མཆོད་མེ་དེ།།

སྨག་རུམ་ནང་གི་གཡུལ་ས་རྙེད།།

 

ངང་བ་ཞིག་ལ་དར་ལྕོག་བཙུགས།།

དར་ལྕོག་སྣ་མ་དགུ་འདུས་བསྙལ།།

རི་སྒང་རླུང་གིས་གཡོགས་པར་འདི།།

སྣང་བ་བཀང་བའི་གཞས་ཆུང་ཡིན།།

མུན་པའི་གློད་ནས་དཀར་ཆུང་འདི།།

སྣང་བའི་གུར་ནས་འཆིང་བར་གྲོལ།།

གྲོལ་བའི་འཇིག་རྟེན་སྤྱན་ཆུང་འདི།།

ངག་ནས་གྲོལ་བའི་ས་སྲོད་ཚུགས།།

   

ས་སྲོད་ཞིག་ལ་འཐམས་པར་འདི།།

ནུབ་མཐའི་ཉི་མའི་ལན་ཆགས་ཤིག།

ང་ཡང་དེ་ལ་གོམས་པར་འདི།།

མཐོང་བར་གྲོལ་བའི་ས་སྲོད་ཡིན།།

ས་སྲོད་ཁོང་གི་བརྗོད་བྱ་འདི།།

བརྗོད་བྱའི་དོན་གྱི་བག་ཆགས་ཡིན།།

                           ༢༠༡༧ ༡༡༡༨ ཉིན།


སྨྲེང་གཞས།

དོ་ནུབ་འདི་ནས་ཟླ་བ་ཧ་ཅང་དྲན།།

དེ་ཡི་ཞར་ལ་སེམས་པའི་ང་རོ་ཞིག།

སྙིང་གི་སྟེང་དུ་བང་ཆེན་རྣལ་མ་འཇོག།

རྒྱང་རིང་དེ་ནས་ས་སྲོད་དལ་གྱིས་ནུབ།།

     

ད་ནི་གྲིབ་མས་གྲིབ་མ་དེད་ནས་འོང་།།

གྲིབ་མའི་བུ་མོ་སྨག་གིས་སྒྲིབ་དུས་ན།།

ཁྱེད་ལ་འདོགས་པའི་སྐེ་རྒྱན་ཁྲ་བོ་འདིས།།

ཉི་ནུབ་བར་ནས་ང་རང་གཙེས་ཙམ་བྱུང་།།

   

ཀྱེ་མ་དོ་ནུབ་སེམས་གཞས་འཐུལ་ཞོར་ན།།

མི་ཞིག་རི་བོའི་སྒང་ནས་སྨྲེང་ཞིང་སྨྲེང་།།

ས་སྲོད་ཞིག་ལ་མཚར་སྡུག་དང་བཅས་ཏེ།།

ཁྱེད་ཀྱི་བཞིན་རས་གཙང་པོ་བརྒལ་ཏེ་འགྲོ།

   

མི་ཞིག་རྟ་ཞིག་བཞོན་ནས་ཕ་གི་ན།།

ཉི་འོད་གཙང་པོ་རྒལ་བཞིན་ཉེ་རུ་བཅར།།

རྒྱང་དུ་མཐོང་བའི་ཉིད་ཀྱི་འཇིག་རྟེན་ན།།

དེ་རུ་འདངས་ནས་ས་སྲོད་མགྲོན་པོར་གྱུར།།

   

རྒྱང་རིང་ཉི་མས་ང་ལ་ག་ལེར་བལྟ།།

ཡིད་དུ་ཟུག་པའི་གངས་རིའི་མཐོན་པོ་སྟེ།།

གཞས་མ་ཞིག་གིས་ང་ཡི་སྙན་ངག་ལ།།

ས་སྲོད་ཞིག་དང་ནུབ་མཐའི་ཁ་བྱང་བྲིས།།

                             ༢༠༡༧ ༡༡༡༢ ཉིན།

  ▓  



ཞོལ་མ།:དབྱངས་རྫིའི་རང་མོས་བཏུས་བཀོད།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235