མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
སྒྱུ་རྩལ་དོ་ར།
 

མཐོང་ཐོས་ཀྱི་འགྱུར་བ།

ཡོང་ཁུངས།:ཚྭ་འདམ་བོད་ཡིག་དྲ་བ།  སྤེལ་དུས།:2017-12-26  རྩོམ་པ་པོ།:གྱིན་འདའ་བ།  རྩོམ་སྒྲིག་པ།:འདམ་འཇིལ་ལི།    ཀློགས་གྲངས།:

                 གྱིན་འདའ་བ།     ཁྲི་འདུ།


སྤྱིར་ན་འཁོར་བར་རྙོག་དྲ་མང་བ་འཇིག་རྟེན་འདི་ཡི་གཤིས་ལུགས་རེད།།
ད་དུང་འཚོ་བར་སྡུག་བསྔལ་མོད་པ་འཁོར་བ་འདི་གའི་ཆོས་ཉིད་རེད།།
ལྷག་པར་དུས་ཀྱི་སྙིགས་མ་འདི་ཡི་མྱི་སེམས་འདོད་ཧམ་ཇེ་ཆེ་རེད།།
དེ་བས་དེང་གི་འཚོ་གནས་འགྲན་རྩོད་གཅིག་ལས་གཅིག་ལྷག་ཇེ་རྒོད་རེད།།
  ●
ཡུན་རིང་འདྲིས་པའི་སྨོན་འདྲིན་ཡིན་ཡང་མིང་ཆེན་ཐོབ་དུས་རྒྱུས་མེད་ལོག།
དམ་ཚིག་གཅིག་པའི་མཆེད་གྲོགས་ཡིན་ཡང་གོ་གནས་རག་དུས་ཆ་མེད་གྱུར།།
ཐོབ་དང་གོ་སའི་སྒྲུན་རྩོད་དབར་ནས་ཁྲེལ་དང་ངོ་ཚ་བརྗེད་ནས་འདུག།
རྒྱུ་དང་འབྱོར་བའི་ཐབས་རྩོད་དབར་ནས་ལས་དང་རྒྱུ་འབྲས་དོར་ནས་འདུག།
 ●

དེ་རིང་བླ་མའི་མདུན་དུ་སོང་སྟེ་དཔོན་པོའི་བྱ་གཞག་ནོར་འདུག་སྐད།།
སང་ཉིད་དཔོན་པོའི་སྔོན་དུ་རྒྱུག་སྟེ་བླ་མའི་མཛད་པ་འཆུག་འདུག་ཅེས།།
སུ་དང་གང་ལ་མཐུན་སྒྲིལ་བཟང་ན་དེ་དང་དེའི་བར་དཀྲུགས་ཤིང་འཛུགས།།
སུ་དང་གང་ལ་མཛའ་བརྩེ་ཡོད་ན་དེ་དང་དེ་གཉིས་འགལ་ཟླ་འཕེན།།
  ●

གྲོགས་པོ་ག་གེས་གཏམ་བཤད་མདའ་མོའི་འབེན་མིག་ཁྱོད་རང་ཡིན་ཚོད་རེད།།
གྲོགས་མོ་ལ་ལས་གསང་གཏམ་ཞྭ་མོ་བསྐོན་ས་ཁྱོད་རང་རེད་འདུག་ཅེས།།
རུ་དང་སྡེ་བ་ཡར་ལ་འཐེན་ཞིང་ཡུལ་དང་འཚོ་བ་མར་ལ་འཕེན།།
སེམས་དང་སེམས་པ་ཚིག་གིས་བསད་དེ་མྱི་དང་མྱིའི་བར་གཏམ་གྱིས་དཀྲུགས།།
  ●

སྒེར་དོན་ཆེད་དུ་སྤྱི་སེམས་རྫུས་ཏེ་བདེན་བདེན་འགྲིག་འགྲིག་ཉི་ཤུ་བཤད།།
སྤྱིའི་མིང་འོག་ནས་སྒེར་དོན་གཉེར་ཏེ་ཆེ་ཆེ་རྫིག་རྫིག་བཅོ་བརྒྱད་ལབ།།
ཁེ་དང་རྒྱལ་ཁ་ག་ཡོད་གང་ཡོད་རང་གི་སྟེང་དུ་ཤུགས་ཀྱིས་ལེན།།
གྱང་དང་ཕམ་ཁ་དུ་ཡོད་ཅི་མཆིས་གཞན་གྱི་རྒྱབ་ཏུ་བཙན་གྱིས་འཕེན།།
  ●

ཁྱོད་ལ་བཞུགས་ཁྲི་ཅུང་ཙམ་ཡོད་དུས་དེ་ཙམ་མཁས་པར་རློམ་དགོས་མེད།།
ཁྱོད་ལ་མིང་བྱུང་ཨེན་ཙམ་རག་དུས་དེ་ཙམ་འགྱུར་བར་འགྲོ་དགོས་མེད།།
བླ་ཆེན་འབྱོར་ཆེན་རྒྱབ་ལ་ཡོད་ཀྱང་ཡོད་ཚད་དབང་སྒྱུར་བྱེད་མི་ནུས།།
རང་ཉིད་རང་གིས་རང་སྐྱ་ཐུབ་ན་ད་གཟོད་ཁྱེད་ནི་བུ་རབས་ཡིན།།
  ●

སྐྱེས་བུ་ཞིག་གིས་བདེན་དོན་འཆད་ན་རྒྱལ་བའི་བཀའ་དང་འཛོལ་འདུག་དང་།།
མཁས་པ་ཞིག་གིས་ལ་རྒྱ་བརྗོད་ན་རྒྱལ་ཁབ་ཁྲིམས་དང་འགལ་འགྲོ་ཞེས།།
དགོས་ཡོད་དགོས་མེད་གཉི་ག་བརྗོད་དེ་དོན་ཡོད་དོན་མེད་གཉིས་ཆར་བརླགས།།
དོན་དུ་སེམས་བྱུང་ལྔ་བཅུ་གཅིག་ལས་ཕྲག་དོག་ཅེས་པ་འདི་ལས་མེད།།
  ●

རང་སྡེ་རང་ཡུལ་གཅེས་སུ་འཛིན་པའི་ལྷག་བསམ་ཅན་གྱི་མི་བུ་འགས།།
ཡར་གའི་དགོན་ནས་ཡིག་རྨོངས་སེལ་ན་དེ་དག་མཇུག་འབྲས་མེད་ཅེས་བརྗོད།།
མར་གའི་སྡེ་ནས་གསབ་སྦྱོང་བཙུགས་ན་དེ་ལ་མ་ཉེས་ཁ་གཡོགས་བཀལ།།
དོན་དུ་རང་གི་མིང་གྲགས་དང་ནི་ལྟོ་ཕོར་ཙམ་ལ་དམིགས་ནས་འདུག།
  ●

ཕ་མ་གཅིག་གི་བརྒྱུད་ལས་ཆད་ཀྱང་འབྱོར་བ་མེད་ན་གཉེན་ཉེ་མིན།།
ཁྱིམ་ཚང་གཅིག་གི་རྒྱུད་ལས་སྐྱེས་ཀྱང་གོ་གནས་མེད་ན་དགྲ་རུ་སྒོམ།།
རྒྱུས་ཡོད་ཐམས་ཅད་རྒྱུས་མེད་གྱུར་ཏེ་ཆ་མེད་ཐམས་ཅད་ཆ་ཡོད་བརྩིས།།
དུས་ཀྱི་མི་འདིར་ཨ་གསར་ཆེ་ལ་དེང་གི་མི་དག་ཨ་མཚར་མཚར།།
  ●

ན་ནིང་ད་ལོར་ཀུན་གྱི་ཁ་ནས་གོ་ཚོར་བྱུང་བའི་སྣང་ཚུལ་དང་།།
དོ་ཞག་ད་སྐབས་ཕ་ཡུལ་གན་ནས་མངོན་སུམ་བློ་ཡི་འཆར་ཚུལ་ཡིན།།
དཔྱོད་ལྡན་མིག་གིས་ཞིབ་མོར་གཟིགས་དང་བདེན་པ་ཁྲ་ཁྲ་བྲིས་བཞག་ཡོད།།
སུ་ལ་ཕོག་ན་དེ་ལ་རྒྱོབས་ཤིག་ཀི་ཀི་བསྭོ་བསྭོ་ལྷ་རྒྱལ་ལོ།།


                   
བོད་རྒྱལ་ལོ་ ༢༡༤༤ ལོའི་ཟླ་བཅུ་བར་བྲིས།

 



ཞོལ་མ།:མེ་ལྕེ་མཆེད་པའི་གདངས།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235