མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
མི་སྣ་ངོ་སྤྲོད།
 

ལོ་ཆེན་རིན་ཆེན་བཟང་པོར་བསྔགས་པའི་རབ་བྱེད།

ཡོང་ཁུངས།:ཀྲུང་གོ་བོད་ཀྱི་དྲ་བ།  སྤེལ་དུས།:2018-05-18  རྩོམ་པ་པོ།:ཞང་ཞུང་ཆོས་དབང་གྲགས་པ།  རྩོམ་སྒྲིག་པ།:པད་མོ་འཛིན།    ཀློགས་གྲངས།:

1.jpg

    ན་མཿ ཤྲི་གུ་རུ་རཏྣབྷདྲ་ཡེ།དཔལ་ལྡན་ཡོན་ཏན་སྦྲང་རྩིའི་དོག་པ་ཡིས། །འཁྱུད་པའི་ཞབས་སེན་རེག་པའི་དགེ་མཚན་ཅན།།ལྷ་དབང་གཙུག་གི་མཚོ་སྐྱེས་ཕྲེང་བ་ཡིས། །འགྲོ་འདིའི་སྤྱོ་བོ་རྟག་ཏུ་མཛེས་གྱུར་ཅིག།ཚོགས་གཉིས་རིན་ཆེན་མ་ལུས་གཅིག་བསྡུས་པ། །སྐལ་བཟང་བསོད་ནམས་ཕུང་བོ་ཡ་མཚན་ཞེས།།མཁས་མང་དེད་དཔོན་ཚོགས་འདིས་བསྟོད་པའི་གླུ། །སྦྱར་བས་ཐུབ་བསྟན་མཚོ་ཆེན་གང་བར་གྱུར།།ཀེ་ལ་ཤས་མཚོན་བྱང་དུ་དགེ་སློང་མཆོག །བྱ་ཡི་གདོང་ཅན་ཐུབ་བསྟན་དམིགས་བུ་ཞིག།འབྱུང་པོ་ཀུན་དགའ་རངས་པ་སྐྱེད་ཅིག་ཅེས། །སྟོན་པས་བསྟོད་ཚིག་ཕྲེང་བ་རྣམ་པར་སྤེལ།།མཆོད་པ་གསལ་བྱེད་ཐལ་མོ་སྦྱར་མཛེས་སུ། །ཚངས་པའི་ཅོད་པཎ་ས་ལ་ལྷུང་བ་ན།།ས་སྐྱོང་ཚོགས་འདིའི་གཙུག་རྒྱན་གསེར་ལྡན་མའི།།ལྟོ་བའི་རྒྱན་དུ་ཅི་སྟེར་མི་བགྱི་ལགས། །ཉིད་ཀྱི་ཡབ་རྗེ་འབྱོར་བ་དུལ་བས་བརྒྱན།།ཡོན་ཏན་སྐྱིལ་ཀྲུང་འགྲོ་འདིའི་སྤྱི་བོར་འཛེགས།།གྲོང་ཁྱེར་པ་རྣམས་གསེར་གྱི་ཁང་བའི་ཕྲེང་།།མུ་ཏིག་ཚོགས་འབར་བརྒྱ་བྱིན་སར་གཤེགས་འདྲ། །མཐོ་རིས་དཔལ་མོ་ཡུམ་གྱི་ཡོན་ཏན་ཆེས།།སྐྲག་ལྡན་སྒྱུ་འཕྲུལ་ཞག་བདུན་ཉིད་དུ་ལྷུང་།།ཁྱོད་སྐུའི་འབབ་ལྡན་ཡུམ་གྱི་དགའ་ཚལ་དུ། །གཤེགས་པ་ལ་འགྲན་ཆུ་གཏེར་སྒྲོལ་བྱེད་བཤེས།།ལེགས་བྲིས་འདི་དག་བསོད་ནམས་ནོར་འཛིན་གྱི། །གདོང་ལ་སྐྲག་པས་ཀུན་བཟང་ཤར་གྱི་རིའི།།ཕྲག་པ་ལ་འཛེགས་དེ་ཚེ་ཡན་ལག་མཆོག །གསེར་གྱི་འདབ་བཟང་རྐང་སྟེགས་རྣམ་པར་བསྟེན།།ཡོན་ཏན་མཐའ་དག་ཀུན་འགྲོ་ནགས་ན་བདེ། ། འབྲུག་སྒྲའི་གར་གྱི་ངང་ཚུལ་ལ་ཆགས་པ།།སྤྱོད་བཟང་ཡུམ་གྱི་འོ་མའི་ཆུ་གཏེར་ཆེ། །གྱེན་དུ་འཕྱུར་ལྡན་འདིར་ནི་རྣམ་པར་རོལ།།མཁའ་འགྲོའི་དྲིལ་ཆེན་གླུ་དབྱངས་གྲེ་འགྱུར་བརྒྱའི།།སེར་བུས་འདར་ལྡན་རབ་སད་བུ་མོའི་མཚོ། །ཁྱབ་འཇུག་རྐང་པར་བཅོས་པའི་ལུས་ཀྱིས་ནི།།མགྲིན་སྔོན་རལ་བའི་མཐོ་རིས་སྐས་ལ་འཛེག །ཕྱག་མཐིལ་རྩིབས་སྟོང་འཁོར་ལོའི་མཚན་མ་དང་།།ས་ལ་དབྱངས་ཡིག་ཕྲེང་བ་ལྷན་ཅིག་ཏུ། །བཀོད་ལེགས་ཁྱོད་ནི་སྲིད་པའི་འཁྲུལ་བ་ལ།།བཞད་པའི་ཚེམས་ཕྲེང་འོད་ཀྱིས་ས་འདི་འགེངས། །ལེགས་གསུང་གཙུག་ལག་སྣང་བྱེད་བཟང་པོ་ཡི།།དཀྱིལ་འཁོར་ལ་འཕོས་ངུར་སྨྲིག་ཚོན་བཟང་ནི།།ངེས་པར་འབྱུང་བློ་འདབ་བརྒྱ་དང་འགྲོགས་པ། །དགེ་བ་ཀུན་བྱེད་སྤྲུལ་པའི་འཁོར་ལོ་ཉིད།།ཆོས་རྒྱལ་ཨིནྡྲ་བྷུ་ཏིའི་གྲོང་ཁྱེར་པའི། །གླེགས་བམ་བརྒྱ་བྱིན་གྲོང་གི་ཡི་གེ་ཅན།།ཕོ་ཉའི་གདམས་པ་འཛིན་དེ་ལས་དཀར་བརྒྱའི། །ལྕགས་ཀྱུས་དྲངས་ཏེ་ཕྱག་གི་ལྡུམ་རྭར་འོངས།།འཕགས་ཡུལ་ཡི་གེ་ལས་འོངས་དོན་བཟང་པོ། །མུན་པར་བྱེད་གང་མངལ་གྱི་དྲི་མ་ཡི།།བློ་མིག་རབ་རིབ་བསལ་བའི་ཐབས་གང་ཞེས། །ས་ཧ་ཀ་རའི་འཁྲི་ཤིང་གྲིབ་མ་ལ།།མཉམ་པར་འཇོག་པའི་བསམ་གཏན་ལ་ཞུགས་ཚེ། །རྨི་ལམ་སྐྲུན་པར་བྱེད་དེ་ཉེ་བར་འོངས། །དེ་ཚེ་དེ་ཡི་ཡིད་ཀྱི་མཁའ།།བྱི་རུའི་ཆུ་འཛིན་ཉི་གཞོན་བརྒྱའི། །མདངས་ཀྱི་རྣམ་པར་བཀྲ་བ་བཞིན།།མཁའ་འགྲོའི་གཟུགས་ཀྱིས་རྣམ་པར་ཁྱབ། །དགའ་མ་གསེར་གྱི་གདོང་མཛེས་མ།།མུ་ཏིག་དོ་ཤལ་འོག་པག་གི །མཁའ་ལ་སྤྲིན་དཀར་འགོད་བཞིན་དུ།།བུང་བའི་གླུ་དབྱངས་འདི་བྱས་སོ། །སྲིན་བུའི་ཁ་ཆུས་རང་ལུས་བཅིངས་པ་ལྟར།།ཡུལ་ལ་ཞེན་པས་བདུད་ཀྱི་རྒྱ་རུ་ཆུད། །བདེ་འགྲོ་ཐར་བ་འདོན་པའི་མི་སུ་དག།བྱང་ཕྱོགས་ཁ་ཆེའི་ཡུལ་དུ་ཕྱིན་ནས་ཀྱང་། །རྒྱ་གར་ཤར་ནུབ་ཆུ་བཞིན་མྱུལ་ནས་ནི།།དམ་ཆོས་རྒྱ་མཚོ་བོད་དུ་བསྒྱུར་ན་བདེ། ། འདབ་གཤོག་མ་རྫོགས་མཁའ་ལྡིང་སྲས་དེ་ལ།།མཁའ་ཡི་ཕ་རོལ་རྟོགས་ཞེས་ཡུམ་གྱི་བཀའ། །འདའ་བར་དཀའ་བ་དེ་ཐོས་རྣམ་པར་འདར།།ངོ་འཛུམ་ནག་པོ་བདུད་ལ་བསྡིག་པ་བཞིན། །ཉིན་བྱེད་གདོང་བ་ཆུ་འཛིན་ཡོལ་བའི་གོས།།འཛིན་པ་ཅི་ཞེས་བསྐྱེད་མཛད་ཏི་ཏིའི་དྲིས། །མཁའ་འགྲོ་འབྲུག་གི་བུ་མོས་ཟབ་མོའི་སྒྲ།།སྙིང་ལ་སྐྲག་པ་སྟེར་བ་བསྒྲགས་ཏེ་སྨྲས། །སྣག་གི་གཉེན་བཅས་རི་ཡིག་ཚོགས་རྣམས་ཀྱིས།།རྣམ་དཔྱོད་དབུ་བ་དཀར་པོའི་དོ་ཤལ་ཅན། །རིན་ཆེན་ཚོགས་འཛིན་ཛ་ཧུའི་བུ་མོ་དེ།།འཕགས་ཡུལ་ནུབ་ཕྱོགས་ཁ་ཆེའི་རྒྱ་མཚོར་བཏང་། །སྙིང་རྗེའི་ལང་ཚོ་རྒྱས་པའི་ཟླ་བ་དེ།།བཀྲ་ཤིས་རྒྱུ་སྐར་འོད་ཟེར་རྩེ་མོའི་ཚོགས། །འཁྲིད་དེ་དམ་ཆོས་མཁའ་ཡི་ལམ་ཞུགས་ཀྱིས།།ཉ་ཡི་ཏོག་སྡེ་མུན་ཆེན་བག་ཡོད་བྱོས། །རྔ་ཡབ་གཡོ་ལྡན་ཤིང་རྟའི་འཁྲུལ་འཁོར་གྱིས།།ཆུ་མཐོངས་འགོག་པ་ལྷུར་ལེན་རི་དྭགས་འཛིན། །འདི་ཡི་མགོན་བཅས་དཔལ་ལྡན་སྙན་ངག་མཁན།།ཀུ་མུད་ཚལ་འདི་ཀུན་དགའི་གེ་སར་རྒོད། །ཟླ་བ་རང་གི་རྗེས་འབྲང་སྐར་ཚོགས་དང་།།འགྲོགས་པ་རྫོགས་པའི་དུས་ཀྱི་འཕགས་པའི་ཡུལ། །ཉེ་བ་མ་ཧཱ་པི་གྷའི་གྲོང་ཁྱེར་དུ།།སྙིང་སྟོབས་བཞོན་པ་ཁོ་ནས་དྲངས་པར་གྱུར། །དེར་ནི་ཉལ་འགྲོའི་རྒྱུན་ཆེན་པོ།།ཨིནྡྲ་ནཱི་ལའི་གསོ་བཟང་ཅན། །གསེར་ལྡན་མ་ཡི་ལྟོ་བ་ནི།།རིལ་གྱིས་འཁྱུད་པར་བྱེད་པ་སྟེ། །དེ་ལ་རྐང་པས་འཐུང་བ་ཡི།།སྐེ་རགས་སྙིང་ལ་འཇིགས་སྟེར་བ། །ཡོད་དེ་དེ་སྲུང་གནོད་སྦྱིན་མོ།།སྡིག་ཅན་སོག་ལེའི་སེམས་འཆང་བ། །དེ་ཡིས་དམད་པའི་དུག་མདའ་ཡིས།།མདུན་ན་འདོན་དེ་རྣམ་པར་ལྷུང་། །སྙིང་སྟོབས་ཆུ་ཡི་རྡུལ་ཚོགས་ཀྱིས།།གང་བའི་གསེར་གྱི་ཆུ་འཛིན་ཡང་། །མི་འདོད་བྱེ་བའི་འཐོར་རླུང་གིས།།སྐད་ཅིག་རྣམ་པར་འཁྲུགས་པ་ཐོབ། །ཉི་མ་དང་ནི་དགའ་བའི་མིག།ལྷན་ཅིག་ཟུམ་ཚེ་ལྟས་འདི་མཐོང་། །དཔལ་མོ་གསེར་གྱི་གོ་ཆ་ཅན།།ཕྱོགས་ཀུན་བསྲུང་བའི་ཡི་གེའི་ཕྲེང་། །གསེར་གྱི་ཁུ་བས་འབྲི་བྱེད་པ།།དེ་ཡིས་མགོན་དེ་དབུགས་ཕྱུང་ངོ་། །ཀ་ཡེ་སྤྱོད་བཟང་འོ་མའི་མཚོ།།སྲིད་རྩེའི་བར་དུ་ལུད་ཁྱོད་ཀྱི། །མངག་གཞུག་གདུང་བྱེད་ཚང་ཚིང་ནི། །ཁོ་མོས་ད་ལྟ་ཐལ་བར་བྱ།།ས་འདིར་དགྲ་བོ་ནོར་ཕྱིར་སྲོག་འདོར་བ། །མཐར་བྱེད་རྟ་བབ་ཀ་བའི་དཔུང་པ་ཅན།།བརྒྱ་ཕྲག་གནོད་པ་འབྱུང་ངོ་ཕྱག་གི་ནི། །ལྕགས་ཀྱུས་གྲོགས་འདི་ཁྲིད་དེ་མྱུང་དུ་སོང་།།ཅེས་སྨྲས་པ་དང་ལྷན་ཅིག་གཉིད་ཀྱིས་ནི། །ཟུམ་པའི་འདྲེན་བྱེད་འདབ་བརྒྱས་ཉི་འོད་ཐོབ།།རྨི་ལམ་ལྟས་ཏེ་རྗེས་ཞུགས་འཛིན་པ་ཡི། །ལྟོ་ལ་གོམ་པ་བཞི་བཅུ་བཀོད་པ་ནི།།ལུང་བསྟན་ས་དེར་སླེབས་པའི་དཔུང་གི་ཚོགས། །མིག་གི་འོད་ཟེར་ཅིག་ཅར་མུན་པས་ཁྱབ།།གང་ཡང་གྲང་དང་ཚ་བ་དང་། །བཀྲེས་དང་སྐོམ་པ་མི་སེམས་ཤིང་།།རྒྱལ་བའི་ཆོས་ཚུལ་མ་ལུས་ཀུན། །ཚོལ་ལ་ཞུགས་པའི་སེམས་དཔའ་འདིས། །ཤེར་ཕྱིན་ཁོ་ན་འཚོལ་བྱེད་པའི།།རྟག་ཏུ་ངུ་ཡི་གྲགས་པ་ཕྲོགས། །རིད་ཀྱང་དགའ་སྤྲོའི་གཟི་བྱིན་ཅན།།ཟླ་ཚེས་འདྲ་དེ་རྗེས་འབྲང་བཅས། །གཤེགས་ཚེ་རྐང་འཐུང་དྲ་བའི་གསེབ།།བྱེད་པོས་མངོན་པར་སྤྲུལ་པ་ཡི། །ནུ་མ་མངོན་དགའ་སྨིན་ལེགས་ཟུང་།།ཡིད་སྲུབས་གསལ་བ་བཞིན་དུ་སྣང་། །དེ་དག་སྙིང་ནི་དད་པ་དང་།།ཕྲག་པ་ཟས་ཀྱི་ཁུར་གྱིས་ནོན། །དང་པའི་མིག་ཆུས་སྡིག་པ་ཡི།།དྲི་མ་འཁྲུད་ཅིང་ཟས་ཀྱི་ཚོགས། །རོ་བརྒྱ་ལྡན་པས་ཉེར་མཆོད་དེ།།སྡེ་ཆེན་གྲོང་གཤེགས་དོན་གྲུབ་བཞིན། །སྲོག་འདོར་ན་ཡང་དམ་པ་ལ།།ཕན་བཏགས་དྲིན་ལན་མི་འདོར་ཏེ། །དེ་དག་མགོ་སྐྱེས་ལྕང་ལོའི་ཤས། །དགེ་ལེགས་སླད་དུ་མངོན་པར་བཞེས།།སྦྲང་རྩིས་མྱོས་པའི་བུང་བ་དེས། །མཁའ་ལྡིང་ཕམ་བྱེད་འདམ་མའི་གར།།ཉིན་ཕྱེད་བསྐྱོད་པས་ཁ་ཆེའི་ཡུལ། །གཉིས་སྐྱེས་གྲོང་ཁྱེར་བདུན་པར་ཕྱིན། །དེར་ནི་དེ་དག་གྲོང་པའི་སྐད། །ཟུར་ཆགས་ལ་སོགས་ཐོས་ཙམ་གྱིས།།ཁོང་དུ་ཆུད་དེ་ཀུ་མུད་ད། །ཟླ་བ་མཐོང་བ་ཉིད་ཀྱིས་རྒོད། །དེ་ལས་རྒྱང་གྲགས་སོང་བའི་ནགས།།འཇིགས་རུང་ཅེ་སྤྱང་ཕེ་སྒྲ་སྒྲོགས། །བུང་བ་གཡོ་བའི་མུན་གཏིབས་པས།།སོ་ལྡན་འགྲམ་པ་གནག་གྱུར་པ། །དེར་ནི་སྟག་གི་ཆུང་མས་མ་ཡི་དངོས།།གསར་དུ་ཐོབ་སྟེ་བཀྲེས་པས་རྣམ་པར་འཁྲུགས། །དེ་མཐོང་ཆུ་བུར་ལྟ་བུའི་ལུས་འདི་ནི།།འཇིག་པ་རིང་བ་མིན་སྙམ་སྐད་ཅིག་བསམས། །སྐབས་དེར་མིག་སྨན་མདོག་ཅན་གཅེར་བུ་ཞིག།མཁའ་ལ་གར་བྱེད་ཉི་མ་འབུམ་དག་སྤྲོ། །ཟླ་བ་ཚེས་པ་ལྟར་དཀར་མི་རྐང་གི།གླིང་བུའི་སྒྲ་ཆེན་མཁའ་ཡི་ཕ་མཐར་སྒྲོགས། །དེར་ནི་གྲུབ་པ་མཆོག་བརྙེས་པ།།རཏྣ་སི་རླྷི་ཞེས་བྱ་སྟེ། །སྒྲ་དེ་གདོང་ལྔའི་གད་རྒྱངས་སུ།།འཁྲུལ་ལྡན་སྟག་མོ་ནགས་མཐར་བྲོས། །ཀ་ལ་བ་ཏིཞེས་བྱའི་གྲོང་། །ཁུ་བྱུག་གིས་རྒྱས་སྐྱེད་ཚལ་དུ། ། བསོད་ནམས་པིར་གྱི་རི་མོ་ཡི།།ཞབས་མཐིལ་གཟུགས་བརྙན་འབྲི་ཞིང་གཤེགས། །དེ་ནས་ཀརྨིར་རྒྱལ་པོའི་ཁབ།།མིག་ལ་མྱོས་པ་སྟེར་བྱེད་པ། །གྲོང་ཁྱེར་ཕ་མཐའ་གནམ་སྔོན་གྱིས།།ཕ་མཐའ་རྣམ་པར་འཁྱུད་པ་མཐོང་། །སྐར་མའི་ཚོགས་རྣམས་ནམ་མཁའ་ལ།།རྟེན་མེད་གནས་པར་མ་ནུས་ཏེ། །ས་འདིར་ལྷན་ཅིག་འགོད་པ་ཞེས།།བདག་ཉིད་ཆེན་པོས་རྣམ་པར་བསམ། །གྲིབ་བརྟན་ཡོན་ཏན་མེ་ཏོག་ཚོགས།།འཐུ་ཞིང་ཆུ་ཀླུང་བུ་མོ་རྣམས། །ཕྱོགས་ཀྱི་བུ་མོའི་རྣ་ལུང་ལ།།རྣ་རྒྱན་འགོད་ཕྱིར་རིངས་པར་རྒྱུ། །ཐོག་མར་ནུ་ཞོ་འཐུང་བའི་ཚོགས། །འདུས་ཏ་མགོན་འདི་བསུ་བྱས་ནས།།ཀ་ཡེ་ལྟོས་ཤིག་གསེར་མདོག་ཅན། །སྨ་ར་མེད་དེ་ཡ་མཚན་ཞེས།།ཕེག་རྡོབ་ཕལ་མོའི་སྒྲ་འབྱིན་ཞིང་། །ག་ཞ་བྱེད་ཅིང་གོས་དག་འཐོར།།འཆི་མེད་མདུན་སས་གང་གི་ནི། །ནོར་སྲུང་སྡེར་མོ་མཆོད་འོས་པ།།བཞི་མདོ་ཆེན་པོར་སྟོན་པ་བཞིན། །འབྱུང་པོ་དགོངས་པས་བསོད་སྙོམས་མཛད།།དེར་ནི་གཉིས་སྐྱེས་མངོན་ཤེས་ལྔ། །འཛིན་འདྲས་ཕྱག་འཚལ་འདབ་བརྒྱ་ཡིས། །གང་བའི་དངུལ་གྱི་སྤོས་ཕོར་ནི། །ཕུལ་ཏེ་མ་འོངས་ལུང་བསྟན་བྱས།།ཀ་ལི་ཀ་ཡི་གྲོང་དབུས་ན། །གཙུག་ལག་ཁང་ཆེན་བི་ཧ་ར། །འཇིག་རྟེན་ཀུན་ལ་རྣམ་གྲངས་པར།།བརྒྱ་ཕྲག་ལྔ་ཡི་ལྔ་རིག་གིས། །མདུན་བདར་གུ་ཎ་ཡི་ཏྲ་གང་། །སྒྲ་ཚད་རིག་པ་གང་ཞིག་གིས།།ཕྱོགས་སུ་ལྷུང་གྱུར་དེ་བསྟེན་ནས། །གང་བློ་ཆུ་ཤེལ་ཁོང་པར་ནི།།མ་ལུས་ཚོན་འཕོས་དབྱངས་ཅན་བཞིན། །དེ་དང་མཁན་པོ་ངྷ་རྨཱ་ཏ།།ཤྲི་ལ་དགེ་འདུན་བཅས་པ་ལས། །གསོལ་བཞིའི་ཆོ་ག་རྣམ་དག་གིས།།བསྙེན་རྫོགས་དགྲ་བཅོམ་མངོན་སུམ་ཉིད། །བིནྡྷ་ར་གྲོང་ཚོགས་མཆོད་ཀྱིས།།མཉེས་བྱས་རྣལ་འབྱོར་གྲུབ་མཆོག་ལས། །དེ་ནས་ཡིད་བཞིན་བསམ་འཕེལ་ཞེས།།བྱ་བའི་རྐང་མགྱོགས་དངོས་གྲུབ་བརྙེས། །གྲོང་ཁྱེར་ཏ་མ་ལ་ས་ནྟི།།ཤྲངྷ་ཀ་རས་མཛེས་དེར་གཤེགས། །དབང་རབ་མནོས་ཤིང་རྒྱུད་ཀུན་ཐོས།།མན་ངག་ཐོབ་ཅིང་གྲུབ་པ་བརྙེས། །གང་ཡང་རང་ཡུལ་གཤེགས་བརྩོན་ཆེ། །ལྷག་པའི་ལྷ་ཡིས་ལུང་བསྟན་པ།།འཇིག་རྟེན་རིན་ཆེན་མཐའ་དག་གིས། །རང་ཉིད་གཅིག་པུ་བརྒྱན་འདོད་འདི།།གདེངས་ཅན་དབང་པོ་ནཱ་རོ་པའི། །རིན་ཆེན་མཆོག་འདི་འདོར་བར་མཚར།།ཞེས་པ་ཚིག་མདའི་འཇམ་དཔལ་དབྱངས། །དབྱངས་ཅན་རྒྱུད་མངས་ལྟ་བུ་ཐོས།།གུར་ཀུམ་དོག་པོས་རྐང་བ་ཡི། །འདེགས་འཇོག་འགོག་པ་ལྷུར་ལེན་པ།།པུ་ལ་ཧ་རི་གྲུབ་པའི་གྲོང་། །ཡི་འགྲོགས་རྫུ་འཕྲུལ་མཆོག་གིས་གཤེགས།།བདེ་ཆེན་ལང་ཚོ་སྟོང་ཉིད་ཀྱི། །དགའ་མར་འཁྱུད་མཁས་ཀུན་ཏུ་བཟང་།།ཚེམས་ཕྲེང་གེ་སར་ཁྱོད་ཀྱི་གདོང་། །ཟླ་བ་སར་བ་ཤར་པས་རྒོད།།ཉི་ཟླའི་རླུང་བཞོན་ཕྲོགས་ནས་ནི། །གང་གིས་ཞོན་ནས་དབུ་མའི་ལམ། །ཞུགས་ཏེ་ཟུང་འཇུག་གཞལ་ཡས་ཁང་།།སྐད་ཅིག་གིས་བགྲོས་འདུས་པའི་ལམ། །ས་གསུམ་རིན་ཆེན་གཅིག་པུ་དེས།།ཁྱོད་ཀྱི་རལ་བ་རྣམ་པར་མཛེས། ། ཡུལ་དབུས་འཛིན་མར་ཞབས་མཐིལ་གྱི།།རྩིབས་སྟོང་འཁོར་ལོའི་རི་མོ་བཀོད། །གང་དག་དགག་སྒྲུབ་ཁྲིར་འདུག་ན།།འཇམ་དཔལ་དཔའ་བོ་དངངས་བྱེད་པ། །མཁན་ཆེན་གུ་ཎ་མི་ཏྲ་སོགས།།པཎ་ཆེན་བཅུ་ཕྲག་བདུན་དང་ལྔའི། །རིག་ཚུལ་ནོར་བུའི་དོ་ཤལ་གྱིས།།ཁྱོད་ཉིད་མགྲིན་པ་རྣམ་པར་བཀྲ། །གང་ཡང་མདོ་སྔགས་གཞུང་བཟང་བརྒྱ།།བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ། །རྒྱལ་བ་ཀུན་གྱིས་མ་མཛད་པའི།།སྟོན་པའི་བྱ་བ་མཐའ་དག་མཛད། །བྱ་བ་བྱས་ཏེ་ཞག་དྲུག་གིས། །འཕགས་པའི་ཡུལ་ལས་རང་ཡུལ་བྱོན།།ཏི་སེའི་གཙུག་ཏོར་འཆང་བ་ཡི། །པུ་ཧྲངས་ཞེས་བྱ་གངས་ཀྱི་ཡུལ།།ས་བདག་ལྷ་སྡེ་དཔུང་པ་ཡིས། །རྒྱ་མཚོའི་གོས་ཅན་འཁྱུད་བྱེད་པ།།བང་མཛོད་གནོད་སྦྱིན་རྨུགས་འཛིན་དང་། །གཅིག་གྱུར་ལུས་ངན་ཕམ་བྱེད་བྱུང་།།དེ་ཡིས་གཙུག་ལག་ཁང་ཆེན་བྱས། །དགེ་འདུན་ཚོགས་མང་རྣམ་པར་མཆོད། །བོད་ཀྱི་དགེ་བཤེས་སེ་ཏར་གྱིས།།ཡིད་བསྒྱུར་འཇག་རྩེར་སྐྱིལ་ཀྲུང་འཆིང་། །ཁྱོད་ཀྱི་སྡིགས་མཛུབ་དུས་མཐའི་མེས།།སྐད་ཅིག་ཉིད་ལ་ཐལ་བར་མཛད། །གུ་གེ་ཞེས་བྱ་འཛམ་གླིང་གི །ས་ལ་གནས་ཀྱང་ཡོན་ཏན་གྱིས།།སྲིད་པའི་རྩེ་མོར་བགྲང་བྱ་བ། །རབ་གསལ་ཡིད་གཞུངས་མཁས་པས་བསྟེན། །དེར་ནི་རྒྱལ་ཕྲན་བྱེ་བའི་མགོར།།ཞབས་སེན་ནོར་བུའི་འོད་ཆགས་པ། །ལྷ་ཡི་བླ་མ་ཡེ་ཤེས་འོད།།ས་གསུམ་མིག་གི་བདུད་རྩི་གང་། །རལ་བ་ལྡན་པའི་སངས་རྒྱས་ཏེ།།རྩོད་པའི་དུས་ཀྱི་འཁོར་ལོ་སྒྱུར། །འོད་གསལ་ལྟར་འཁྲུངས་མི་ཡི་དབང་།།ཉིན་པར་ཟླ་ཟེར་སྤྲོ་བ་བྱུང་། །ད་ལྟའང་སྙན་གྲགས་མེ་ཏོག་དཀར། །ཕྱོགས་ཀྱི་བུ་མོའི་རྣ་བར་འཆང་།།དེ་ཡིས་གསེར་གྱི་གཙུག་ལག་ཁང་། །དཔེ་མེད་ལྷུན་གྱིས་གྲུབ་པ་བཞེངས།།ནོར་བུའི་ཞལ་ཞལ་རྒྱལ་བའི་སྐུ། །གྲངས་མེད་འོད་རིས་འཆར་བ་ཅན།།ནོར་བུའི་འོད་ཀྱིས་སྐུ་གཅིག་ཀྱང་། །སྐུ་གཟུགས་བྱེ་བ་ཕྲག་བརྒྱར་སྣང་།།ངོ་མཚར་ཕུང་པོའི་འཇིག་རྟེན་འདི། །འབྲི་བྱེད་རི་མོ་མཁན་དེ་མཚར།།དཔག་ཚད་ལྔ་བཅུ་བར་བར་རྣམ་གནས་པའི། །ཡུལ་ཁོར་རྣམས་སུ་བརྒྱ་ཕྲག་གཙུག་ལག་ཁང་།།བཞེངས་པའི་ཐིག་གདབ་རབ་ཏུ་གནས་པ་སོགས། །དུས་གཅིག་ཉིད་དུ་ཁྱོད་སྐུ་གཅིག་གིས་མཛད།།ས་སྐྱོང་བཀས་བསྐུལ་བློ་བཟང་ཁྱེའུ་ལྔ། །ཁྲིད་དེ་ན་གེར་ཡུལ་ཁོ་ཆེན་པོར་གཤེགས།།རིན་ཆེན་རྒྱུ་ལས་འཕགས་པ་པད་དཀར་འཛིན། །བཞེངས་ཏེ་རྒྱ་བོད་གླེགས་བམ་སྟོང་དག་དང་།།ལྷན་ཅིག་གླང་ཆེན་ཤིང་རྟས་རྣམ་པར་དྲངས། །བྲག་རིའི་གདོང་གིས་འཁོར་ལོ་ཆགས་པ་ན།།ང་ཉིད་རྐང་པས་འགྲོ་ཞེས་སྐུ་དེ་ཡིས། །གོམ་པ་འདོར་བར་བརྩམས་ཚེ་ས་ཆེན་འདར། །འདི་ལ་རྡུལ་གྱིས་གོས་ན་མི་རུང་ཞེས། །པདྨ་བརྒྱུད་པ་སྟོང་དག་བྱུང་གྱུར་ཏེ།།ཟེའུ་འབྲུའི་རྐང་སྟེང་གསེར་གྱི་རྐང་པ་ཡི། །འཕུར་ལྡིང་མཛེས་པ་གསེར་གྱི་བུམ་པ་བཞིན།།འགྲོ་བའི་བླ་མ་ཡེ་ཤེས་འོད། །བསོད་ནམས་སྐས་ལས་ཐར་བར་གཤེགས།།ཐུགས་རྗེ་ཆེ་གང་བྱང་ཆུབ་འོད། །བློ་གྲོས་ཆེན་པོ་ཞི་བ་འོད།།རྒྱལ་བའི་ཟློས་གར་ཉི་བཞོན་ནི། །ཐུབ་བསྟན་ཤར་རིའི་དོ་རར་རོལ།།དེ་དག་དད་པ་གསེར་གྱི་ནི། །ལྕགས་ཀྱུས་དཔལ་ལྡན་མར་མེ་མཛད།།སངས་རྒྱས་གཉིས་པ་སྤྱན་དྲངས་ཏེ། །ཀེ་རི་ཟླ་བའི་འོད་ཀྱིས་འབར།།ཐུབ་བསྟན་ལོ་ནི་བཅུ་ཕྲག་དགུར། །ནད་མེད་མུ་གེ་མེད་པ་ཡིས།།དར་མཛད་རྐང་གཉིས་གཙོ་ཁྱོད་དང་། །སྤུ་ཧྲངས་བཞེས་ཝེར་ཞེས་བྱར་མཇལ། །ལྷན་ཅིག་སངས་རྒྱས་གཉིས་མིན་ཞེས།།སྨྲ་བ་རྫུན་གྱི་ཚིག་ཏུ་བྱས། །སྐྱེས་མཆོག་ཁྱོད་ཀྱིས་བདུད་རྩིའི་རོས།།ཡོངས་ཚིམ་འགྲོ་ལ་བ་ཚྭའི་ཆུ། །ང་ཡིས་ཅི་བྱ་ཅི་བྱ་ཞེས། །ངཱི་པམ་ཀ་རས་ཞུམ་ཚིག་གསུངས།།ཏིང་འཛིན་གང་ལ་ལོ་གཅིག་མཉམ་བཞག་ན། །རྨད་བྱུང་རྡོ་རྗེ་ལྟ་བུ་ཞེས་གྲགས་པ།།དཔལ་ལྡན་ས་བཅུའི་རྩེར་སོན་དེ་འགྲུབ་པར། །དགོངས་ཏེ་ཆུ་ཀླུང་ཆེན་པོ་པ་ཀྴུའི་འགྲམ།།བསམ་གཏན་ལ་འོས་བཞེར་རར་གཙུག་ལག་ཁང་། །བསྟན་མཛད་ནེ་རཉྫ་ནའི་རྒྱལ་སྲས་བཞིན།།རྒྱལ་རྣམས་ཞུམ་མཛད་ཐུགས་དམ་བཅའ་བ་གསུམ། །ནམ་ཡང་འགྱུར་མེད་རྡོ་རྗེའི་སྐུ་འདྲ་བ།།སྒོ་འཕར་ཕྱི་ནང་གཅིག་ངོས་དུང་དང་དངུལ། །གསེར་གྱི་ཡི་གེ་ངོ་མཚར་བྱེ་བ་འཛིན།།ཐེངས་གཅིག་ཙམ་ངས་མི་དགེའི་བློ་སྐྱེས་དང་། །རིན་ཆེན་སེམས་དང་ཡུད་ཙམ་བྲལ་བ་དང་།།ལུང་མ་བསྟན་བློ་སྐད་ཅིག་གཅིག་སྐྱེས་ན། །ཡན་ལག་མཆོག་གང་མཁའ་འགྲོས་ཁོས་ཤིག་ཅེས།།ལྷར་བཅས་བདུད་བཅས་སྐྱེ་རྒུའི་བདག་པོར་བཅས། །དགེ་སྦྱོང་གཉིས་སྐྱེས་དང་བཅས་འཇིག་རྟེན་ན།།སུས་ཀྱང་བགོམ་པར་མི་ནུས་མི་འཇིགས་བཞི། །བརྙེས་འདི་ངེས་པར་རྣམ་དག་སངས་རྒྱས་ཏེ།།རང་དོན་ལ་ཆགས་བདག་ཀྱང་གཞན་དོན་དུ། །ཁྱོད་ཀྱི་ཞབས་ལ་སྙིང་ནས་ཕྱག་འཚལ་ལོ།།ཁྱོད་ཀྱི་སློབ་མ་གྲུབ་པའི་དབང་ཕྱུག་ཚོགས།།མཁའ་ལ་འཕུར་ལྡིང་རྒྱུ་སྐར་གྲངས་མཚུངས་ཏེ། །འཛིན་མར་རབ་གནས་བསྟན་པ་འཛིན་པ་ནི།།གང་གཱའི་རྡུལ་གྲངས་ཉུང་ངུར་བྱེད་པ་ཉིད།།ཁྱོད་ལ་འགྲན་བཞིན་ཕུར་བུ་སྐྱེངས་བྱེད་བཞིན། །ཀུན་མཁྱེན་བཞིན་དུ་སྨྲ་བ་བྱང་ཤེ་དང་།།དགེ་བློ་སྨེ་དང་འཇང་བློ་རིན་གཞོན་རྣམས། །སོ་སོར་ཆོས་ཀྱི་ཁྲི་སྟན་ཆེ་ལ་བཀོད།།ཡུམ་གྱི་སྐྱེད་ཚལ་རིན་ཆེན་མྱུ་གུ་ནི། །སར་པས་རྣམ་མཛེས་དེ་ཚེ་ཡོན་ཏན་ཀུན།།གཙིག་ཕུད་ཅན་དང་ཁུ་བྱུག་སྨྲ་མཁས་ཀྱི། །གཟུགས་མཛེས་ཟོལ་གྱིས་འཇོ་སྒེག་རོལ་བ་འཛིན།།ཤཱཀྱ་སེང་གེའི་དྲུག་གཉིས་མཛད་པ་ལ། །འགྲན་པ་བཞིན་དུ་རྣམ་སྤྲུལ་འདི་གནས་དང་།།འཚོག་ཆས་ཚོགས་ལ་བདག་མེད་སྤོངས་ཤིག་ཅེས། །གྲུབ་པའི་སྐྱེ་བོས་སྙིང་ནས་འདོམས་པར་མཛད།།གཉིས་ཀྱིས་དམན་པ་བཅུ་ཕྲག་བཅུའི། །ལོ་ལ་ལང་ཚོ་གསར་བ་ནི།།ནམ་ཡང་རྒས་མེད་དེ་བརྙེས་ཚེ། །རླུང་གི་ཟས་ཅན་པགས་པ་བཞིན། །ཅ་ཡེ་བྲག་ཅེས་བྱ་བ་དང་།།གཡང་སྐྱུར་ཕུག་གི་གནས་དང་ནི། །གོ་ཁར་རེ་ཝིང་གོ་སོགས་ནས། །སྤྲུལ་པ་སོ་སོ་སོ་སོ་ཡི།།མངོན་སུམ་མྱ་ངན་འདས་གྱུར་ཏེ། །སྐུ་གདུང་འཛིན་བྱེད་བསྲེག་ཟ་ཡིས།།རིལ་མེད་ཉིད་བྱས་རིང་བསྲེལ་ནི། །གསུམ་ཞིག་ལྷག་མར་ལས་པ་ཡང་།།རྟག་ཏུ་མཉམ་འཇོག་སྐུ་བཞིན་དུ། །མཁའ་ཡི་དབྱིངས་སུ་མི་སྣང་གྱུར།།ཚུལ་འདིར་རང་སེམས་སྣང་བ་ཞེས། །མི་ཤེས་མི་དང་མི་མིན་དག།མིག་ཆུའི་རྒྱུན་དག་སྤྲོ་བྱེད་པ། །འཇིག་དུས་དག་བྱེད་ཕུང་པོ་བཞིན། །ཀ་ཡེ་གྲོགས་དག་འཁོར་བ་འདི་དང་མྱ་ངན་ལྷན་ཅིག་མྱུར་དུ་འོང་ཞིག་དགའ་བ་ཡི།།དགའ་སྟོན་རོར་ཆགས་དགའ་མ་འདི་ནི་བརྒྱ་ཕྲག་བཅུ་གཉིས་མཛེས་པ་ཡོངས་རྫོགས་རང་གི་གྲོགས།།སྲེད་ལྡན་འཁྱུད་པ་ནམ་ཡང་འདོར་མེད་དེ་ལྟ་ན་ཡང་ཁྱེད་ཅག་ལུས་སྲོག་གེ་སར་རྡུལ།།མི་རྟག་བུང་བས་ཁམ་ཟས་བྱེད་འདི་རྗེས་དཔག་བྱ་སླ་སྒྱུ་མ་འདི་བྱས་རྗེས་རིག་བྱ།།རིན་ཆེན་ཟ་མ་ཏོག་ལས་ནི། །རབ་འཐོན་རིན་ཆེན་བཟང་པོ་ཡིས།།དེ་གསུང་ཆོས་མཐོང་དེ་དག་གིས། །རྡུལ་མཉམ་མེ་ཏོག་ཆར་དག་སྤྲོས།།དེ་ལྟར་ལུང་བསྟན་དཔལ་ལྡན་མར་མེ་མཛད། །རིག་པ་འཛིན་པའི་འཕགས་ལམ་གྱིས་དྲངས་པའི།།མངོན་ཤེས་སྤྱན་ཡངས་ཅན་དེས་ཡང་གསུང་བ། །གྲུབ་པའི་ཕོ་ཉ་གསེར་གྱི་གོ་ཆ་སོགས།།མཁའ་འགྲོའི་ཚོགས་བཅས་འཇིག་རྟེན་འདྲེན་བྱེད་དེ།།མཁའ་སྤྱོད་གཤེགས་ཞེས་གྲགས་པ་དང་མཐུན་པར། །མཁའ་ལ་གོམ་པ་འདེགས་འཇོག་ཟུང་གཅིག་གིས།།རྨད་བྱུང་བདེ་བ་ཅན་གྱི་འཇིག་རྟེན་གཤེགས། །ཞིང་དེའི་མགོན་དང་གཉིས་སུ་མེད་པར་མཇལ།།ཆོས་ཀྱི་བགྲོ་བ་རྒྱ་ཆེའི་དགའ་བདེས་ཚིམ། །འདབ་བརྒྱའི་ཚལ་དུ་བུང་བ་རོལ་བ་བཞིན།།སླར་ཡང་ཞིང་དང་ཞིང་གཞན་ཀུན་ཏུ་གཤེགས། །སྐད་ཅིག་རེ་རེར་འགྲོ་བ་གྲངས་མེད་ནི།།གྲངས་མེད་སྨིན་ཅིང་གྲོལ་བར་མཛད་དོ་ཞེས། །ཅི་ཡང་དང་བའི་ཟླ་བ་ཤར་བ་དེས།།པཎ་ཆེན་དེ་ཡི་ཕྱག་པད་སྤྱི་བོར་ཟུམ། །ཁྱོད་ཉིད་གཅིག་པུས་བོད་ཡུལ་འདི།།སངས་རྒྱས་ཞིང་དང་འགྲོ་རྣམས་ཀྱང་། །རྒྱལ་དང་རྒྱལ་སྲས་ས་ལ་བཀོད།།མགོན་དེར་སླར་ཡང་ཕྱག་བགྱིད་དོ།།ཡང་ཡང་གོམས་མཛད་ལེགས་ལྡན་མཐའ་དག་རྒྱལ་རྣམས་ལྗགས་ཡངས་དབྱར་སྐྱེས་རྔ་གསང་གྲོགས་པོ་ལ་ནི་འཁུ་བ་ལྟར་སྟོན་རང་གི་ཀུན་སྤྱོད་ནམ་ཡང་མ་རྫོགས་ངལ་བ་ཅན།།ལྷག་བསམ་ཁུར་དང་འཁོར་བའི་དཔལ་ལ་འདོད་ཆགས་བྲལ་གང་དུག་ཅན་མ་ཡིག་བདག་པོའི་མགོ་སྐྱེས་མལ་སྟན་ལ་ཆགས་རིན་ཐང་རྒྱ་ཆེ་འདི་ཡིས་གང་གི་མཚན་ཙམ་གྱི།།རྒྱ་ཡི་ཆར་ཡང་བཟོད་པ་མ་ཡིན་དེའི་དཔལ་རང་མཚུངས་བསྔགས་འོས་སྤྱོད་མཐའ་དབང་ཕྱུག་སྐྲ་ཕྲེང་དོག་པ་ཉིད་བྱེད་ཁ་བ་སར་བའི་སྤུ་ལོང་གོས་གྱོན་འཛིན་མ་ལ།།རྣམ་པར་བཀོད་པའི་ཆུ་མཚོ་ཆེ་ལས་སྔོན་མེད་སྙན་ངག་ཟླ་བའི་མདངས་འཕྲོག་སེན་མོའི་རྩེ་མོས་ཟེགས་མ་ཙམ་བླངས་མངོན་པར་འཐོར་བྱས་མཁས་རྣམས་དགྱེས་པས་ཡི་རངས་བྱོས།།མང་ཐོས་སྤོབས་པའི་མཐེབ་ལོང་འགྲོགས་པ་ལས། །སྙན་ངག་ཉག་ཕྲན་འབད་མེད་སྤྲོས་པ་ཡིས།།སྲིད་འགྲོར་འཇིགས་པས་ཉེན་རྣམས་དགྲ་ཡི་སྡེ།།ཉོན་མོངས་ཀུན་འཇོམས་དཔའ་བོར་བདག་གྱུར་ཅིག །
   ཅེས་བྱ་བ་ནི་བགྲང་བ་ལས་འདས་པའི་སྔོན་གྱི་སྐྱེ་བ་རྣམས་སུ་ཚོགས་གཉིས་རླབས་པོ་ཆེ་ཀུན་ཏུ་བསྟེན་ཅིང་མང་དུ་བསྟེན་ཅིང་མང་དུ་བསགས་པ་ཡོངས་སུ་སྨིན་པ་ཉིད་ལས།སྲིད་པ་ཐ་མ་པའི་སྐུའི་སྐྱེ་བ་འདིར་དབང་ཕྱུག་བརྒྱད་དང་ལྡན་པའི་བྱང་ཆུབ་སེམས་རྡོ་རྗེའི་ས་བརྙེས་པ།།སྐྱེས་མཆོག་རིན་ཆེན་བཟང་པོའི་རྣམ་པར་ཐར་པ་ལོ་ཙཱ་ཆེན་པོ་ཉིད་ཀྱི་སློབ་མ་ཀ་བཞི་དང་གདུང་བརྒྱད་དུ་གྲགས་པའི་ནང་ཚན་ཁྲི་ཏང་བ་ཛྙ་ན་ཤྲིས་བཀོད་པ་དེ་ཉིད་འདིར་ཚིགས་སུ་བཅད་པའི་དབྱངས་ཀྱིས་བསྟན་ཅིང་སོ་སོར་བསྟན་ལ་རྣམ་པར་རིག་པར་བྱས་པ་སྟེ།།རང་དང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོ་ལྟ་བུ་ཁོང་དུ་ཆུད་པའི་ཞང་ཞུང་པ་ཕྱོགས་ལས་རྣམ་རྒྱལ་ཆོས་དབང་གྲགས་པའི་དཔལ་གྱིས་འབྲོག་རི་བོ་ཆེ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་སྦྱར་བའོ།།

གོང་མ།:རྗེ་འཇིགས་མེད་རིགས་པའི་བློ་གྲོས་ཀྱི་སྐུ་ཕྲེང་རྣམ་ཐར་མདོར་བསྡུས།

ཞོལ་མ།:རྗེ་བཙུན་ཤེས་རབ་རྒྱ་མཚོ་འཇམ་དཔལ་དགྱེས་པའི་བློ་གྲོས་ཀྱི་ལོ་རྒྱུས་བསྡུས་གསལ།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235