མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
མི་སྣ་ངོ་སྤྲོད།
 

ཧོ་ཐོག་ཨ་ཁུ་རིག་འཛིན་འཇིགས་མེད་རང་གྲོལ་མཆོག་གི་མཛད་རྣམ་ཉུང་བསྡུས།

ཡོང་ཁུངས།:ཀྲུང་གོ་བོད་ཀྱི་དྲ་བ།  སྤེལ་དུས།:2018-09-01  རྩོམ་པ་པོ།:ཀྲུང་གོ་བོད་ཀྱི་དྲ་བ།  རྩོམ་སྒྲིག་པ།:    ཀློགས་གྲངས།:

微信图片_20180717095033.jpg

དེ་ཡང་རྒྱུད་ལས།   སངས་རྒྱས་ཁམས་དང་སངས་རྒྱས་བྱང་ཆུབ་དང་། །སངས་རྒྱས་ཡོན་ཏན་སངས་རྒྱས་འཕྲིན་ལས་རྣམས།།དག་པའི་སེམས་ཅན་གྱིས་ཀྱང་བསམ་བྱ་མིན།།ཞེས་པ་ལྟར་སྐུ་གསུང་ཐུགས་ཀྱི་རོལ་བ་ཚད་མེད་ཀྱང་རེ་ཞིག་ཞིང་འདིའི་གདུལ་བྱའི་སྣང་ངོར་སྣང་གི་མཛད་པ་དང་བསྟུན་ནས་གླེང་ན་།སྐྱབས་རྗེ་བླ་མ་དམ་པ་མཆོག་ནི་བོད་རབ་བྱུང་བཅོ་ལྔ་བའི་ཤང་གླང་སྟེ་སྤྱི་ལོ་༡༩༢༥ལོར་དཔལ་ལུང་ཁུ་སྒར་ཐང་སྟོད་སྨད་གཉིས་སུ་ཕྱེ་བའི་སྟོད་ད་ཁ་འོག་ཚང་གི་ཚོ་བར་ཡབ་སྔགས་འཆང་ལྷ་འབུམ་བཀྲ་ཤིས་དང་ཡུམ་ཚེ་མོ་སྒྲོལ་མའི་སྲས་སུ་སྐུ་འཁྲུངས།ཆུང་དུས་ནས་ཆོས་ལ་དད་ཅིང་སྙིང་རྗེ་ཅན་དུ་ལགས་པས་དགུང་ལོ་གཞོན་པའི་སྐབས་སུ་སྔགས་གྲལ་དུ་ཞུགས་ཤིང་།ཡབ་སྔགས་འཆང་ཆེན་པོའི་དྲུང་དུ་ཡི་གེ་འབྲི་ཀློག་དང་ཆོ་གའི་གཞུང་གི་འགྲོས་ལུགས་སྙན་པའི་དབྱངས་ཀྱི་འགྱུར་ཁུགས་འབུད་རྡུང་དཀྲོལ་གསུམ་ལ་སྦྱངས་བརྕོན་བླ་མེད་གནང་བས།སྔགས་པ་གྲྭ་ཚང་གི་བྱིངས་འདྲེན་ཀྱང་ལོ་གཅིག་ལ་བཞེས།དགུང་གྲངས་ཉེར་གཅིག་པར་འཁོར་བའི་ཕུན་ཚོགས་ལ་བློ་ལོག་ཅིང་ད་བར་དལ་འབྱོར་ཆུད་ཟོས་སུ་བཏང་བ་ལ་ཐུགས་འགྱོད་ཚད་མེད་སྐྱེས་ཏེ།ཉིན་ཞག་གཅིག་གི་ལྟོ་ཆས་དང་ཐ་ན་བཞེས་ཕོར་ཙམ་ཡང་མ་བསྣམས་པར་རི་དྭགས་རྙི་ནས་ཤོར་བ་ལྟར་གཙོད་དཔལ་སྤྲུལ་རིན་པོ་ཆེ་ཞེས་གངས་ཅན་སྰ་ལའི་ལྗོངས་འདིར་མཚན་སྙན་རྫ་རྔ་བཞིན་ལྡིར་བ་གང་གི་ཞབས་ལ་མངོན་པར་གཏུགས་ཏེ་དྲིན་ཆེན་རྩ་བའི་བླ་མར་བཀུར།དེ་དྲུང་དུ་སྙིང་ཐུག་དུམ་གཉིས་ཀྱི་ལུང་དང་ཐུགས་ཆེན་སྟོང་དབང་།གཟའ་གཉན་སྲོག་གཏད་བཅས་རང་རྒྱུད་སྨིན་བྱེད་ཀྱི་དབང་ལུང་མང་པོ་ཞུས།དེ་ཡང་ཁམས་གསུམ་ཆོས་ཀྱི་རྒྱལ་བོ་ཙོང་ཁ་བས།དེ་ལྟར་རྒྱུ་དང་འབྲས་བུའི་ཐེག་ཆེན་གྱི།།མགོན་ལ་བརྟེན་ནས་རྒྱུད་སྡེ་རྒྱ་མཚོ་ཆེར།།ཞུགས་ནས་ཡོངས་རྫོགས་མན་ངག་བསྟེན་པ་དེས།།དལ་འབྱོར་ཐོབ་པ་དོན་དང་ལྡན་པར་བྱས།།ཞེས་གསུངས་པ་ལྟར་དམ་པ་མཆོག་གིས་ཀྱང་དེ་བཞིན་དུ་ཉམས་སུ་བླངས།དེ་ནས་ཕྱི་དར་བསྟན་པའི་ཆུ་མགོ་འ་ཆུང་གནམ་རྫོང་རྫ་ཁྲོད་རྡོ་རྗེ་གླིང་གི་བྱ་བྲལ་བ་ཀུན་སྤངས་ཚུལ་ཁྲིམས་འོད་ཟེར་མཆོག་གི་ཞབས་པད་ཚུལ་བཞིན་བསྟེན་ཏེ་རྫོགས་ཆེན་སྙིང་ཐིག་གི་སྔོན་འགྲོའི་འགྲེལ་བ་ཀུན་བཟང་ཞལ་ལུང་རྒྱས་པར་བསན།དེ་ནས་དཀར་བརྗིད་ཨ་ཁུ་ཀུན་བཟང་རྡོ་རྗེ་ཞེས་ཚེ་གཅིག་སངས་རྒྱས་གྲུབ་པའི་རྟོགས་ལྡན་རྡོ་རྗེ་འཆང་གི་དྲུང་དུ་སྔོན་འགྲོའི་འགྲེལ་བ་ཀུན་བཟང་ཞལ་ལུང་རྒྱས་ཁྲིད་གསན་ཏེ།བླ་མ་མཆོག་གི་འོ་སྐོལ་རྣམས་ད་ལན་དལ་འབྱོར་གྱི་མི་ལུས་ནི་ཐོབ།ཐེག་ཆེན་གྱི་བསྟན་པ་རིན་པོ་ཆེ་དང་མཇལ།དམ་ཆོས་ཚུལ་བཞིན་སྤྱོད་པའི་རང་དབང་རང་ལ་ཡོད་དུས་མི་ཚེ་སྟོང་ཟད་དུ་མི་གཏོང་བར་གཏན་གྱི་འདུན་མ་ཡང་དག་ཅིག་བཙལ་དགོས།ཡིན་ཀྱང་བསྟན་པའི་རྣམ་གྲངས་ནི་མཐའ་ཡས།ཐེག་པའི་མཇུག་སྒོ་ནི་གྲངས་མང་།བཤད་པའི་ཚིག་ཚོགས་ནི་རྒྱ་ཆེ་བས།ཡང་དག་དོན་གྱི་སྙིང་པོའི་ཉམས་ལེན་ཞིག་མ་ནུས་ན་ཆོས་ཀྱི་གླེགས་བམ་མང་པོ་བློ་ན་ཡོད་ཀྱང་ཕན་པ་ནི་མེད།ཇི་སྐད་དུ།ཐོས་པ་ཆེ་ཡང་རྒྱད་ལ་མ་སྦྱར་ན།།མི་སྟེགས་པཎྟི་ཏ་དང་ལག་དཀར་བཞིན།།ཞེས་གསུང་པ་ལྟར་རྟོགས་པ་ནང་ནས་མ་ཤར་ན་ཁ་བཤད་གོ་ཡུལ་སྐམ་པོས་བྱང་ཆུབ་ཀྱི་འབྲས་བུ་མི་ཐོབ་བོ།།དེ་བས་བློ་སྣ་ནང་དུ་ཁུགས་ལ།ཀུན་ཤེས་གཅིག་སྡུག་མི་བྱེད་པར།གཅིག་ཤེས་ཀུན་གྲོལ་བྱས་ཏེ།འཆི་ཁར་ཕན་ངེས་པའི་ཉམས་ལེན་ཞིག་བྱེད་པ་གལ་ཆེ་དེ་ཡང་བསྐྱེད་རྫོགས་རྫོགས་ཆེན་གང་བསྒོམ་ཀྱང་ཆོས་ཐམས་ཅད་ཀྱི་རྩ་བ་སྔོན་འགྲོ་ཡིན་པས་ན།སྔོན་འགྲོའི་གཞི་བཟུང་ཐོག་ཉམས་ལེན་ལ་བརྩོན་པ་ཤེས་དགོས་ཞེས་བཀའ་སྩལ་ཏེ་སློབ་བུ་ཡོངས་ལ་སྔོན་འགྲོ་ཁས་ལེན་དུ་བཅུག་པ་ན་ཁོང་གིས་སྔོན་འགྲོ་གསུམ་ཁས་བླངས་ནས།བླ་མའི་དྲུང་དུ་ལོ་གཅིག་དང་ཟླ་ལྔར་སྔོན་འགྲོའི་བསགས་སྦྱངས་བླ་མེད་མཛད།དེ་ནས་མདོ་སྔགས་བསྟན་པའི་མངའ་བདག་མཁན་ཆེན་ཞི་མཚོའི་སྐུ་ཕྲེང་གསུམ་པ་འཇམ་དབྱངས་མདོ་སྔགས་བཤད་སྒྲུབ་ཉི་མ་མཆོག་སྤྱི་བོའི་རྒྱན་བཞིན་བཀུར་བ་ལས་རྫོགས་ཆེན་ཡེ་ཤེས་བླ་མའི་ཁྲིད་དང་རྫོགས་ཆེན་ཡང་རྒྱབ་ཀྱི་ཁྲིད།རྩ་གསུམ་དབང་།མ་གཟའ་རྡོར་གསུམ་གྱི་སྲོག་གཏད་སོགས་ཟབ་གསང་བླ་མེད་ཕྱོགས་ཀྱི་བཤད་ཁྲིད་ཡང་དག་མནོས་པས་ཐོས་བསམ་སྒོམ་པའི་རྩལ་རྫོགས།ཡབ་རྗེ་བླ་མ་ཞི་བ་འཚོས་ལུང་བསྟན་ལྟར་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་འཇམ་དབྱངས་དགེ་ལེགས་དཔལ་བཟང་པོ་མཆོག་གི་དྲུང་དུ་ཕྱིན་ནས།རྫོགས་ཆེན་སྤར་བཅིངས་མ་རྒྱས་འབྲིང་བསྡུས་གསུམ་གྱི་ཁྲིད།ཚིག་གསུམ་གནད་བརྡེག  ཀློང་ཆེན་སྙིང་ཐིག་གི་གཅོད་ཡུལ་མཁའ་འགྲོ་གད་རྒྱངས་སོགས་བསྐྱེད་རྫོགས་ཀྱི་ཞལ་ཁྲིད།གཞི་ཁྲེགས་ཆོད།ལམ་ཐོད་རྒལ།གྲོགས་རྩ་རླུང་གདམས་པའི་གནད་ཀུན་ཐུགས་སུ་ཆུད་པ་མཛད།ཁོང་གི་སྔ་རྗེས་སུ་འབའ་གཏེར་བླ་མའི་ཐུགས་སྲས་དམ་པ་སྦས་པའི་རྣལ་འབྱོར་བ་ཆེན་པོ་ཨ་ཁུ་ཐབས་མཁས་ཚང་དང་སྤྲུལ་སྐུ་རིག་ལོ།ལཱ་མོ་ཡོངས་འཛིན་བློ་བཟང་མཁས་གྲུབ་རྒྱ་མཚོ།འཇིགས་མེད་བསམ་གཏན་རིན་པོ་ཆེ།འབྲེལ་ཚུལ་དོན་དང་ལྡན་པ་ཨ་ཁུ་ཤེས་རབ་ཚང་།ཞྭ་དམར་པཎྟི་ཏ་སོགས་རིས་བྲལ་བསྟན་འཛིན་ཡོངས་ཀྱི་ཞབས་པད་ཚུལ་བཞིན་བསྟེན་ཏེ་མདོ་སྔགས་རིག་གཞུང་དང་བཅས་པ་བུམ་པ་གང་བྱོས་ཚུལ་དུ་མཛད།དེ་ནས་སྔོན་བྱོན་རྒྱལ་བ་གོང་མ་རྣམས་ཀྱིས་བྱིན་གྱིས་བརླབས་པའི་གནས་མཆོག་མཚོ་སྙིང་མ་ཧཱ་དེ་ཝ་དང་འ་ཆུང་གནམ་རྫོང་།འདམ་བུ་བྲག་དཀར།ཉིན་ཆུའི་བྲག་ཕུག་ལ་སོགས་པར་རྩེ་གཅིག་ཉམས་ལེན་ལ་འབད་པས་བསྐྱེད་རིམ་ལ་བརྟན་པ་ཐོབ།རྫོགས་རིམ་ཡེ་ཤེས་ལ་དབང་འབྱོར་བས་མཁས་གྲུབ་ཆེན་པོར་གྱུར།ས་ཁྱི་ལོའི་ཟིང་འཁྲུགས་སྐབས་ཉིན་ཆུའི་བྲག་ཕུག་ཏུ་གང་ཉིད་འཛིན་གཟུང་བྱས་ཏེ་དཔལ་རིས་ཞ་ཏ་ཐན་ཞེས་པར་བཙན་གྱིས་ཁྲིད།དེར་འོ་མའི་བཟོ་གྲྭ་ཞིག་གིབ་མོའི་རྫི་བོར་ལོ་གསུམ་གསུམ་དུ་བཞིགས་དགོས་བྱུང་། རེ་གཅིག་ལོར་བཙོན་གྲོལ་ཐོབ་རྗེས་རྐ་གསར་དུ་ལོ་གསུམ་ལ་ངལ་རྩོལ་དུ་ཞུགས།དེ་ནས་ཧོ་ཐོག་ཏུ་ཕེབས་ཏེ་སྐྱེས་མ་བཟང་མོ་ཞིག་གིས་མཐུན་རྐྱེན་གང་མང་བསྒྲུབ་འོག་རྗེ་ཉིད་ལ་གནོད་པ་ཅི་ཡང་མ་བྱུང་བར་ཆོས་ལུགས་དད་མོས་རང་དབང་གི་སྲིད་ཇིས་དངོས་སུ་ལག་ལེན་བྱས་ཐོག གདུལ་བྱ་སློབ་མ་ཡོངས་ཀྱི་རེ་འདུན་ལྟར་སྐྱབས་རྗེ་བླ་མ་དམ་པའི་དབུ་ཁྲིད་དེ་ལས་སྣེ་བསྐོ་བཞག་གནང་། ལོ་དེར་ལས་མགོ་ཚུགས་པ་དང་ཆུ་བྱ་ལོར་འདུ་ཁང་གྱན་བཅུ་ལྷག་སོ་ཕག་གིས་བརྒྱན་པ་བཟོ་བཀོད་ཕུན་སུམ་ཚོགས་པ་དང་།  ནང་རྟེན་སྐུ་གསུང་ཐུགས་རྟེན་དང་དངོས་ཆས་རྣམས་ཡོངས་སུ་བཞེངས་གྲུབ་མཛད། དེ་ནས་ཁོང་གིས་དམིགས་མེད་བརྩེ་བ་ཆེན་པོས་དད་ལྡན་སློབ་མའི་ཚོགས་ཆབ་ཆའི་ར་གོང་མ་དང་།  རྫི་ལུང་ཐང་། ས་སྣ།  ཨིར་སྟི།  བདུད་ཤུལ། ཁྲི་ཀའི་དཀར་བརྗིད་དང་ཨ་སྐོང་། སུམ་པ།  ཧོར་རྒྱ།  རྡོ་རི་ཚང་། དཔའ་ལུང་ཁོ་ཚེ་སོགས་སུ་ཞབས་ཀྱི་བཅགས་ཏེ་དབང་ལུང་ཁྲིད་གསུམ་གྱི་གྲུ་ཆར་དགུང་ན་ཕབ་པས་སྐྱེ་འགྲོ་མཐའ་དག་དགའ་བདེའི་དཔལ་གྱིས་ཕྱུག   རྗེ་ཉིད་ཀྱི་ཞལ་སློབ་གཙོ་བོ་འགའི་མཚན་ཙམ་སྨོས་ན།   གྱི་ལིང་གཏེར་སྟོན་བདེ་ཆེན་འཇིགས་མེད་རྡོ་རྗེ་མཆོག་དང་།གླག་བླ་སྐུ་ཕྲེང་གཉིས་པ་ཐུབ་བསྟན་བཤད་སྒྲུབ་ཉི་མ། ཁམས་སངས་རྡོར་བའི་སྐྱེ་ཕྲེང་བཞི་བ་སྐུ་ཆུང་ཐུབ་བསྟན་སེང་གེ་དཔལ་བཟང་།  རིག་གཞུང་ཀུན་ལ་ནང་བྱན་ཆུད་པའི་མཁན་པོ་འོད་གསལ་རང་གྲོལ།  ཁམས་བླ་མ་པདྨ་བཟང་པོ། སྐྱབས་རྗེ་བདུད་འཇོམས་པའི་གསུང་སྤྲུལ་གསུམ་པ་ཀུན་བཟང་ལུང་རྟོགས་རྒྱ་མཚོ། ཨ་ལགས་པདྨ་འཕྲིན་ལས་སོགས་སྐྱེས་ཆེན་དུ་མ་དང་།  གཞན་ཡང་མ་ཧཱ་ཙི་ནའི་ཡུལ་དང་མདོ་དབུས་ཁམས་གསུམ་ཀུན་ན་སློབ་བུ་སྟོང་ཕྲག་ལས་བརྒལ་བ་བསྐྱངས།  དེ་ལྟའི་བསྟན་འགྲོར་སྨན་པའི་དོན་ཆེན་བླ་མེད་བསྒྲུབས་བཞིན་བོད་རབ་བྱུང་བཅུ་བདུན་པའི་ཤིང་སྤྲེལ་ཏེ་༼ཕྱི་ལོ་༢༠༠༤༽ལོར་ཧོར་ཟླ་བཅུ་གཅིག་པའི་ཚེས་བརྒྱད་ཉིན་གདུལ་བྱའི་བསོད་ནམས་ཀྱི་སྟོབས་ཀྱིས་མ་འཆུན་པར་རེ་ཞིག་དགོངས་པ་ཆོས་དབྱིངས་སུ་བསྡུས་སོ།།།།


གོང་མ།:དཀོན་མཆོག་བསྟན་འཛིན།

ཞོལ་མ།:པཎ་ཆེན་སྐུ་ཕྲེང་བཅུ་པ།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235