མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
མི་སྣ་ངོ་སྤྲོད།
 

༄༅།།རྡོ་སྐུ་བློ་བཟང་བསྟན་འཛིན་རྒྱ་མཚོ།

ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།  སྤེལ་དུས།:2018-12-17  རྩོམ་པ་པོ།:མཚོ་སྔོན་པོ་དྲྭ་བ།  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློགས་གྲངས།:

http://www.amdotibet.cn/files/Content/24-288442-1.jpg

    རྡོ་སྐུ་བློ་བཟང་བསྟན་འཛིན་རྒྱ་མཚོ་མཆོག་ནི་རྡོ་རྒྱལ་སྐུ་ལོ་སྟེ་སྤྱི་ལོ1923ལོར་བོང་སྟག་མོག་ཆེན་དུ་ཡབ་རྡོ་རྒྱལ་དང་ཡུམ་དཀར་མཚོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས།དགུང་ལོ་བདུན་པའི་ཐོག་ས་ཐོབ་དགོན་པའི་ཨ་ལགས་སྐལ་ལྡན་མཆོག་གི་ཞབས་ལ་གཏུགས་ནས་རབ་ཏུ་བྱུང་ཞིང་མཚན་ལ་བྱང་ཆུབ་འོད་ཟེར།དེ་ནས་ཞང་བོ་ཆོས་འབྱོར་གྱི་དྲུང་དུ་ཡི་གེ་འབྲི་ཀློག་སྦྱངས་ནས་བཞུགས།དགུང་ལོ་བཅུ་གསུམ་ཐོག་ཡབ་ཀྱི་ཐུགས་འདོད་ལྟར་བོང་སྟག་དགོན་དགེ་ལྡན་བཤད་སྒྲུབ་རྣམ་རྒྱལ་གླིང་དུ་བྱོན་ཏེ་རྭ་རྒྱའི་སྐུ་ཚབ་སེ་ར་དགེ་བཤེས་རིན་པོ་ཆེ་མཆོག་གི་དྲུང་དུ་རིག་གནས་སྤྱི་དང་ཁྱད་པར་དུ་ཚད་མ་རིག་པར་གསན་སྦྱོང་མཛད།དགུང་ལོ་བཅུ་བདུན་སྟེང་གཞལ་བྱ་མཐའ་དག་ལ་མཁྱེན་པའི་མངའ་བརྙེས་པའི་དྷཱིཿཚའི་ཞྭ་དམར་པཎྜི་ཏའི་ཐུགས་སྲས་དགེ་བའི་བཤེས་གཉེན་ཆེན་པོ་བཀའ་དྲིན་མཚུངས་པ་མེད་པའི་ནག་བཟའི་ཨ་ཁུ་རིན་པོ་ཆེ་བསྟན་པའི་རྒྱལ་མཚན་ཚུལ་བཞིན་དུ་བསྟེན་ནས་སུམ་རྟགས་དང་།སྙན་ངག སྡེབ་སྦྱོར། རྩིས་སྐར་ནག ཚད་མ། ཕར་ཕྱིན་སོགས་མང་དུ་གསན།དགུང་ལོ་ཉེར་གཅིག་ཐོག་ནག་བཟའི་ཨ་ཁུ་རིན་པོ་ཆེ་མཆོག་གི་དྲུང་དུ་དགེ་སློང་གི་སྡོམ་པ་ཡོངས་སུ་བཞེས་ནས་མཚན་ལ་བློ་བཟང་བསྟན་འཛིན་རྒྱ་མཚོ་གསོལ།དགུང་ལོ་ཉེར་ལྔའི་ཐོག་དབུས་གཙང་དང་བླ་བྲང་སོགས་གྲྭ་ས་ཆེན་པོ་རྣམས་འགྲིམ་རྒྱུའི་ཐུགས་སྨོན་བཅངས་ནས་ལུམ་བིའི་དགའ་ཚལ་གཉིས་པ་སྐུ་འབུམ་བྱམས་པ་གླིང་དུ་བྱོན་ནས་ཐོས་པ་རྒྱ་ཆེར་བཙལ་ནས་མཚན་སྒྲོགས།སྒར་བར་བཞུགས་སྐབས་དགོན་པའི་བང་མི་ཡོང་ནས་ཕྱིར་དགོན་པར་ཕེབས་རྒྱུར་ཞུ་བ་ཕུལ་བར་བཀའ་མ་ལྡོག་པར་ཕྱིར་དགོན་པར་ཕེབས་ནས་འཆད་ཁྲིད་གནང་།ལོ་རབས་ལྔ་བཅུ་བའི་མགོར་མཚོ་ནུབ་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིར་བདམས།ལོ་རབས་ལྔ་བཅུ་བའི་དཀྱིལ་དུ་རྒྱ་ནག་གི་ཡུལ་གྲུ་མང་པོར་བྱོན་པ་མ་ཟད།རྒྱལ་བཙུགས་དུས་ཆེན་ལ་པེ་ཅིན་གནམ་བདེ་སྒོ་མོ་ཆེའི་ཐོག་ཁང་དུ་མའོ་ཙེ་ཏུང་དང་།ཀྲོའུ་ཨན་ལེ། ཀྲུའུ་ཏེ།ལིའི་ཧྲོ་ཆི་བཅས་ཀྲུང་གོ་གསར་བའི་མི་སྣ་གྲགས་ཅན་བཞི་དང་གཞན་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་ཁག་ཅིག་གིས་མང་ཚོགས་ཁྲི་འབུམ་མང་པོ་དང་མཉམ་དུ་ཞལ་མཇལ་གནང་།
   
གཞན་ད་དུང་ལོ་རབས་ལྔ་བཅུ་བའི་དཀྱིལ་དུ་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་ནས་དགེ་བའི་བཤེས་གཉེན་ཆེན་པོ་འབྲས་སྤུངས་ཀླུ་འབུམ་ལྷ་རམས་པ་རྡོ་སྦིས་དགེ་བཤེས་ཤེས་རབ་རྒྱ་མཚོ་མཆོག་གིས་བཟང་སྤྱོད་སོགས་ཀྱི་དབང་ལུང་གནང་།གཞན་དྷཱིཿཚའི་གསུང་རབ་རྒྱ་མཚོ་དང་དྷཱིཿཚའི་ཨ་ཁུ་བསམ་གཏན།དགུ་རོང་རྒྱལ་སྲས་རྣམས་དང་མཉམ་དུ་བྱ་བ་མཉམ་སྒྲུབ་ཀྱིས་འབྲེལ་བ་ཟབ་མོ་ཆགས། སྤྱི་ལོ1958ལོར་ཟི་ལིང་ནས་མཐོ་རིམ་བླ་སེར་མང་པོ་དང་མཉམ་དུ་ལམ་ཕྱོགས་ཀྱི་སློབ་གསོ་མྱངས་སྐབས་ཁོང་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོར་ཕེབས་རྒྱུར་རྩ་འཛུགས་ཀྱིས་ཁ་བརྡ་བྱེད་སྐབས།ཁོང་གིས་ཆོས་གོས་དང་དགོན་པར་འདང་རྒྱབ་ནས་ཡིད་གཉིས་ཐེ་ཚོམ་དུ་གྱུར་ཡོད་སྐབས་མཚོ་ནུབ་ཁུལ་གྱི་ཁུལ་དཔོན་མོག་ཆུང་ཀུན་བྷ་ཟི་ལིང་ལ་ཚོགས་འདུར་ཡོང་ནས་ཁོང་ཆེད་དུ་བཙལ་ཏེ་དགོན་པར་ཡོང་ས་མེད་པ་དང་ཆོས་གོས་གྱོན་པར་རང་དབང་མེད་པའི་ཁྱེད་འདིར་བཞུགས་ན་བཟང་ཞེས་སློབ་གསོ་བཏང་མཐར།ལོ་དེའི་ཟླ་བཅུ་པར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོར་ཕེབས་ནས་འཆད་ཁྲིད་དགེ་རྒན་གྱི་འགན་བཞེས་ནས་རེ་ཞིག་ཆོས་གོས་མནབས་ནས་འཆད་ཁྲིད་བྱེད་སྐབས།ཁོང་ལ་གོང་རིམ་གྱིས་སློབ་གསོ་ཡང་ཡང་བཏང་མཐར།ཁོང་གིས་ཚུལ་ཁྲིམས་བསླབ་པ་འདུལ་ཁྲིམས་ལྟར་ཕུལ།ཉིན་དེ་ནས་བཟུང་ཁོང་གིས་ཆོས་གོས་ཕུད་ནས་སྤྱིར་བཏང་གི་ཁྱིམ་པའི་འཚོ་བ་མི་རོལ་ཀ་མེད་བྱུང་།དེ་ནས་མ་འགྱངས་པར་ཁོང་གིས་སྐུ་སྙུང་དྲག་པོ་ཞིག་བཞེས།མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་འགའ་དང་ཁོང་གི་སློབ་མ་ཚོས་མཚོ་སྔོན་མི་དམངས་སྨན་ཁང་དུ་བསྐྱལ།སྐབས་དེར་མཚོ་སྔོན་ཞིང་ཆེན་གྱི་འགོ་གཙོ་པདྨ་བསྟན་འཛིན་དག་དག་གི་སྨན་ཁང་འདིར་བྱ་བ་སྒྲུབ་བཞིན་པའི་སྒང་ཡིན།པདྨ་བསྟན་འཛིན་དབུ་མཛད་པའི་སྨན་བཅོས་མི་སྣ་ཚོས་འབད་བརྩོན་ལ་བསྟེན་ནས་སྐུ་སྙུང་ཡོངས་སུ་སངས་ནས་ཚེ་སྲོག་ཐེངས་གཉིས་པ་ཐོབ་པ་ཡིན།སྤྱི་ལོ1961ལོའི་དབྱར་ཁ་ཕྱིར་ཕ་ཡུལ་དང་གཉེན་ཉེར་ལྟ་བར་ཡོང་སྐབས་ཁུལ་དཔོན་རྣམ་རྒྱལ་གྱིས་སྨན་པ་ལོ་ཞང་གི་རྟ་གྱོ་ལྡང་གཡར་བར་མ་ཟད་ཁོས་ཆེད་དུ་མུ་རི་ཞང་མི་དམངས་སྲིད་གཞུང་ལ་ཁོང་ལ་དོན་དག་གང་གི་ཐད་ནས་ཀྱང་རྩད་གཅོད་བྱེད་མི་དགོས་ཞེས་མཚམས་སྦྱོར་བཀའ་ཤོག་བསྐུར་ནས་ཁོང་ལ་གནོད་སྐྱོན་ཅི་ཡང་མ་ཐེབས།སྤྱི་ལོ1966ལོར་རྒྱལ་ཡོངས་སུ་ཚ་ཚ་འུར་འུར་གྱིས་རིག་གནས་གསར་བརྗེ་ཆེན་པོའི་འགུལ་བསྐྱོད་སྤེལ་སྐབས་སུ་མ་ཉེས་ཁག་གཡོགས་ཐེབས་ནས་མཐོ་རིམ་དཔོན་རིགས་དང་ལོག་སྤྱོད་ཤེས་ཡོན་ཅན་གྱི་གྲས་སུ་བཞག་ནས་དཔའ་ལུང་ཀ་མདོ་ནས་ལོ་གསུམ་ལ་ངལ་རྩོལ་བསྒྱུར་བཀོད་བྱས།སྤྱི་ལོ1970ལོར་རྐང་ཚ་རྫོང་ཕྱི་ཕྱོགས་ཉོ་ཚོང་ཀུང་ཟིར་མངགས་ནས་ཀོ་པགས་ཉོ་བསྡུ་བྱེད་དུ་བཅུགསྤྱི་ལོ1972ལོར་རྐང་ཚ་རྫོང་མི་རིགས་སློབ་འབྲིང་གི་དགེ་རྒན་ལ་མངགས་ནས་དགེ་རྒན་གྱི་འགན་བཞེས།ཏང་གི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་རྗེས་སུ་ཡང་བསྐྱར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོར་གདན་དྲངས།སྤྱི་ལོ1980ལོར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་སློབ་དཔོན་གཞོན་པའམ་གཙུག་ལག་སློབ་དཔོན་གྱི་འགན་བཞེས།མཚོ་སྔོན་སློབ་གྲྭ་ཆེན་མོའི་ཨ་ལག་ཤར་གདོང་རིན་པོ་ཆེ་དང་ཁོང་རྣམ་པ་གཉིས་ནི་སློབ་གྲྭ་འདིའི་བོད་རིགས་དགེ་རྒན་གྱི་སློབ་དཔོན་ཐེངས་དང་པོ་ཡིན།སྔ་གཞུག་ཏུ་ཀུན་གཟིགས་པན་ཆེན་སྐུ་ཕྲེང་བཅུ་བ་མཆོག་གིས་ཐེངས་གཉིས་ལ་མཇལ་འཕྲད་གནང་།ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་རྗེས་སུ་མཚོ་བྱང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་དང་སྲིད་གྲོས་མཚོ་བྱང་ཁུལ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན།མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་དང་སྲིད་གྲོས་ཨུ་ཡོན།ཟི་ལིང་མཁར་ཤར་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་དང་སྲིད་གྲོས་ཨུ་ཡོན།མཚོ་ནུབ་ཁུལ་སྐབས་དགུ་བའི་མི་དམངས་འཐུས་མི་དང་སྲིད་གྲོས་ཨུ་ཡོན།ཀྲུང་གོ་ནང་བསྟན་མཐུན་ཚོགས་མཚོ་སྔོན་ཞིང་ཆེན་ཡན་ལག་ཚོགས་པའི་ཚོགས་མི་བཅས་ཀྱི་འགན་བཞེས་མྱོང་།སྤྱི་ལོ1980ལོར་མཚོ་སྔོན་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ནས་བོད་ཡིག་སློབ་ཁྲིད་བྱེད་མཁན་དང་པོ་ཡིན།སྤྱི་ལོ1981ལོར་བོད་གངས་ཅན་ཡུལ་དུ་མཚན་བླ་ན་འབར་བའི་རི་བོ་དགེ་ལྡན་པའི་གདན་ས་དྲུག་གི་ཡ་གྱལ་སྐུ་འབུམ་བྱམས་པ་གླིང་གི་བླ་སྤྲུལ་ཆེས་མཐོ་ཤོས་ཨ་ཀྱ་ཧོ་ཐོག་ཐུ་དང་གསེར་ཏོག་ཧོ་ཐོག་ཐུ།ཕྱིར་སྡོད་བོད་རིགས་ཕྱིར་རྒྱལ་ནང་དུ་སློབ་གཉེར་བྱེད་དུ་ཡོང་བའི་སློབ་མ་ཟླ་བ་ཚེ་རིང་སོགས་ལ་རིག་གནས་ཕྱོགས་ཀྱི་འཆད་ཁྲིད་གནང་།སྤྱི་ལོ1981ལོ་ནས་སྤྱི་ལོ1989ལོའི་བར་མཚོ་སྔོན་མི་རིགས་སློབ་ཆེན་ནས་ཞིབ་འཇུག་སློབ་མ་ཁག་ཅིག་སྐྱེད་བསྲིང་བྱས་པར་མ་ཟད།ཞིབ་འཇུག་སློབ་མ་དག་ཁྲིད་ནས་ནུབ་བྱང་མི་རིགས་སློབ་ཆེན་དང་། བླ་བྲང་།བོད་ལྗོངས་སོགས་ལ་ཕེབབས་ནས་བོད་ཀྱི་རིག་གནས་དང་ལོ་རྒྱུས་སོགས་ལ་ཞིབ་འཇུག་བྱས་ཤིང་།སྐབས་དེར་བོད་ཀྱི་མཁས་དབང་གྲགས་ཅན་ཚེ་ཏན་ཞབས་དྲུང་དང་བོད་ལྗོངས་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་དུང་དཀར་བློ་བཟང་འཕྲིན་ལས་རྣམ་པ་གཉིས་ལའང་ཞལ་འཛོམས་དང་གསུང་གླེང་མཛད།ཁོང་གིས་བསྐྱངས་པའི་སློབ་མའི་གྲས་སུ་མི་སྣ་གྲགས་ཅན་དང་མཁས་པ།རྩོམ་པ་པོ་སོགས་མང་དུ་ཡོད་པ་ལས་འགའ་ཞིག་དཔེ་མཚོན་དུ་དྲངས་ན།མཚོ་སྔོན་ཞིང་ཆེན་མི་རིགས་སློབ་ཆེན་གྱི་སློབ་གཙོ་གཞོན་པ་བསོད་ནམས་རྩེ་མོ།སི་ཁྲོན་ཞིང་ཆེན་གྱི་བོད་རིགས་བུད་མེད་ཞིབ་འཇུག་སློབ་མ་བསོད་ནམས་གཡང་འཛོམས།མཚོ་སྔོན་མི་རིགས་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་ཀླུ་རྒྱལ་འབུམ་དང་བློ་བཟང་ཆོས་གྲགས།གེ་སར་ཞིབ་འཇུག་པ་གཅོད་པ་དོན་འགྲུབ།མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་སློབ་གཙོ་གཞོན་པ་དང་དགེ་རྒན་ཆེན་མོ་རྒྱ་ཡེ་བཀྲ་བྷོ།སྙན་ངག་པ་གྲགས་ཅན་འཇུ་སྐལ་བཟང་སོགས་ཡིན་ལ།དེ་ལས་གཞན་སློབ་གྲྭ་ཆེན་མོ་བ་བརྒྱ་ཕྲག་ལས་བརྒལ་བས་འདིར་རེ་རེ་བཞིན་མ་བཀོད་དོ།།
   
སྤྱི་ལོ1986ལོར་ལས་འཁྱེར་ངལ་གསོ་བྱས་རྗེས་ཕྱིར་བོང་སྟག་དགོན་པར་ཕེབས་ནས་སེ་ར་དང་རྭ་རྒྱ་བཀྲ་ཤིས་འབྱུང་གནས་གཉིས་ཀྱི་ཕྱག་ལེན་དང་དགོན་པའི་སྔར་སྲོལ་ལྟར་ཚད་མ་གཙོས་པའི་འཆད་ཉན་སླར་གསོ་བྱས་ཏེ་སྐུ་ཉིད་ཀྱི་ཕ་ཡུལ་བོང་སྟག་ཏུ་བཞུགས་པ་ཡིན་ལ།སྐབས་དེར་ཡང་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་གླིང་གིས་པེ་ཅིན་དུ་ཕེབས་ཏེ་མཛུབ་སྟོན་ནམ་ཕྱག་ལས་གནང་བར་གདན་དྲངས་མོད།སྐུ་ཉིད་དགུང་ལོ་བགྲེས་པ་དང་ལྷག་པར་གལ་ཏེ་པེ་ཅིན་དུ་ཕེབས་ཚེ་སྐུ་ཉིད་ཀྱི་སྲས་མོ་ལྷ་མོ་ཚེ་རིང་མ་བུ་དང་བཅས་ཁྲིད་དགོས་ཕྱིར་དེ་དག་གིས་བོད་སྐད་དང་བོད་ཀྱི་ཡུལ་སྲོལ་གོམས་གཤིས་སོགས་བརྗེད་པར་དོགས་ནས་མ་ཕེབས་པ་ནི་ཕྱི་རབས་དག་གི་མིག་དཔེར་འོས་པའི་དམ་པའི་རང་བཞིན་འབའ་ཞིག་ལགས་སོ།།དེ་ལྟར་མཐར་དགུང་ལོ་དགུ་བཅུ་གོ་གཉིས་བཞེས་པ་བོད་རབ་བྱུང་བཅུ་བདུན་པའི་བགྲང་བྱ་ཉེར་བརྒྱད་པ་རྒྱལ་བ་ཤིང་རྟ་སྟེ་སྤྱི་ལོ2014ལོའི་ཟླ3པའི་ཚེས26ཉིན་གྱི་ཉིན་གུང་གི་ཆུ་ཚོད་གཅིག་དང་ཕྱེད་ཀའི་སྟེང་སྐུ་གཟུགས་ལ་ཟུག་གཟེར་དང་སྡུག་བསྔལ་སོགས་ཅི་ཡང་མེད་པར་བྱམས་བཞུགས་ཀྱི་རྣམ་པར་ཐུགས་དམ་ལ་བཞུགས་སྟེ་སྐུ་གཤེགས་པའི་ཚུལ་མཛད་དོ།།



ཞོལ་མ།:སི་ཁྲོན་ཞིང་ཆེན་གྱི་ཆེས་མཐོའི་དགེ་རྒན་ཧོར་ཁོག་ཟླ་བ་བཟང་པོ།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235