མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
མི་སྣ་ངོ་སྤྲོད།
 

ཡིག་མཁན་འགྱུར་མེད་ཚུལ་ཁྲིམས།

ཡོང་ཁུངས།:  སྤེལ་དུས།:2019-04-08  རྩོམ་པ་པོ།:  རྩོམ་སྒྲིག་པ།:    ཀློགས་གྲངས།:

   

བོད་ཀྱི་ཡིག་མཁན་ཆེ་མོ་འགྱུར་མེད་ཚུལ་ཁྲིམས་ལགས་ནི་རབ་བྱུང་བཅུ་དྲུག་པའི་བགྲང་བྱ་ཞེ་གསུམ་པ་ས་བྱ་སྟེ་སྤྱི་ལོ1969ལ་གཡོ་རུ་གྲའི་ཆར་གཏོགས་གྲྭ་ཕྱི་སྨོན་སྒྲུབ་ཕུ་ཤར་གནས་གསར་དོང་ལོའི་ཁྱིམ་དུ་འཁྲུངས། ཆུང་དུས་ནས་སློབ་ལ་དགའ་ཞིང་དགེ་རྒན་བསྟན་འཛིན་སྐལ་བཟང་དང་། ཀུན་བཟང་ཆོས་རྒྱལ་རྣམ་གཉིས་ཀྱི་དྲུང་དུ་ཡི་གེ་འབྲི་ཀློག་སྦྱངས། དེ་ནས་རིམ་པར་སློབ་གྲྭ་ཆུང་འབྲིང་དུ་མཁས་དབང་ངག་དབང་རྒྱལ་པོ་དང་། བསོད་ནམས་ཆོས་ལྡན། སྐལ་ལྡན་ཡེ་ཤེས། ངག་དབང་ཕུན་ཚོགས་བཅས་ཀྱི་དྲུང་ནས་སུམ་རྟགས་དག་གསུམ་སོགས་ལ་སྦྱངས་པ་གནང་བ་མ་ཟད། ཁོང་ཉིད་བོད་ཡིག་ཡིག་གཟུགས་སྒྱུ་རྩལ་ཐད་ལ་དད་ཞེན་ཆེ་བས་དེ་ཕྱོགས་ལའང་ཐུགས་སྣང་ཟབ་མོ་གནང་། ལྷག་པར་ཁོང་ཉིད1985ལོར་སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་ཐེག་མཆོག་བསྟན་པའི་རྒྱལ་མཚན་མཆོག་ལ་གཙུག་ཕུད་ཕུལ་བ་དང་། གྲུབ་དབང་པདྨ་ནོར་བུ་མཆོག་ལས་དགེ་ཚུལ་གྱི་སྡོམ་པ་བླངས་ཏེ་འོག་མིན་ཨུ་རྒྱན་སྨིན་གྲོལ་གླིང་དགོན་པར་ཆོས་ཀྱི་སྒོ་མོ་དམ་པར་བཞུགས་པར་མཛད། དགོན་དེའི་དགེ་སློང་དམ་པ་མཁས་དབང་འོད་ཟེར་བསྟན་འཛིན་མཆོག་དང་། སྔགས་རབ་འབྱམས་པ་དགེ་སློང་བཤད་སྒྲུབ་བསྟན་འཛིན། དགེ་སློང་བསྟན་འཛིན་ཉི་མ། དགེ་སློང་ཀུན་བཟང་ཆོས་འཕེལ་སོགས་སྐྱེས་མཆོག་དམ་པ་དག་ལས་ཆོས་བརྒྱུད་དེའི་ཕྱག་བཞེས་ཕྲིན་སྒྲུབ་ལུང་ཁྲིད་མན་ངག་སྟེ། ཆོ་གའི་ཕྱག་ལེན་དང་། གཏོར་བཟོ་དཀར་རྒྱན། སྒྲུབ་ཆེན་བཀའ་བརྒྱད་སོགས་བཀའ་མའི་ཆོག་མང་དང་། བདེ་གཤེགས་ཐུགས་རྟེན་བརྒྱད་དང་ཁང་བུ་བརྩེགས་པའི་མཆོད་རྟེན་བཅས་ཀྱི་ཐིག་རྩ་སོགས་ལ་སློབ་གཉེར་མཐར་ཕཡིན་པར་མཛད།

    1985ལོ་ནས1986ལོའི་བར་ཙམ་ནས་དགེ་རྒན་ཀུན་བཟང་ཆོས་འཕེལ་དང་འཇམ་དཔལ་རྒྱལ་མཚན་རྣམ་གཉིས་ནས་ཁོང་ལ་བོད་ཡིག་སོགས་ཀྱི་རྨང་གཞིའི་ཤེས་བྱའི་ལེགས་ཆ་ཡོད་པ་གཟིགས་ཏེ་ཕྱག་དཔེ་སློབ་གཉེར་གྱི་ཞོར་དུ་སླར་ཡང་སྦྱང་ཤིང་ཐོག་ཀ་ཁ་སྐམ་དྲས་ནས་དབུ་བཙུགས་ཏེ་ཡིག་གཟུགས་རྣམས་རིམ་པས་སྦྱངས་སུ་བཅུག་སྟེ་སློབ་སྟོན་དང་ཨེ་བྲིས་དབུ་མེད་ཀྱི་དཔེ་ཡང་གནང་བར་སྦྱང་བརྩོན་གནང་། སྐབས་དེ་ཙམ་ལ་འཕགས་ཡུལ་ལྷོ་ཕྱོགས་ཀྱི་མཁས་དབང་དགེ་སློབ་པདྨ་རྒྱལ་མཚན་ལས་ནཱ་ག་རཱའི་ཡི་གེ་དང་དབྱིན་ཡིག་དང་། གཙང་སྤྲུལ་ཀུན་བཟང་བསྟན་པའི་སྒྲོན་མེ་ལས་ལོ་ཆེན་དྷརྨ་ཤྲཱིའི་ཕྱག་རྒྱུན་གྱི་ལཉྫ་ཐོག་མར་སྦྱངས་པའི་དབུ་བརྩམས། དེ་མིན་ཁོང་གིས་སྔ་ཕྱིར་སྔ་འགྱུར་གྱི་ཟབ་ཆོས་ཀྱིས་གཙོས་པའི་གདམས་པ་ཞུས་སྐོར་ལས། རྩེ་རོང་སྤྲུལ་སྐུ་བསྟན་པའི་རྒྱལ་མཚན་མཆོག་དང་། མཁན་པོ་གཟོ་བཟང་། རྫོགས་ཆེན་པདྨ་སྐལ་བཟང་། མཁན་དཀོན་མཆོག་བསྟན་འཛིན། རྗེ་བཙུན་ངག་དབང་ཕུན་ཚོགས། སྔགས་ཆེན་བློ་བཟང་ཆོས་གྲགས་དཔལ་བཟང་པོ་སོགས་སྐྱེས་ཆེན་དམ་པ་དུ་མ་ལས་བློ་སྦྱོང་སྔོན་འགྲོའི་ཆོས་སྐོར་སྣ་ཚོགས་དང་། སྤྱོད་འཇུག ཟབ་མོ་བཀའ་གཏེར་གྱི་དབང་ལུང་གང་མང་། ངེས་ཤེས་སྒྲོན་མེ། པདྨ་བཀའི་ཐང་ཡིག  རི་ཁྲོད་ལོ་མ་གྱོན་མ་བཅས་ཀྱི་སྐུ་གསུང་ཐུགས་ཀྱི་དབང་རྗེས་གནང་དང་བཅས་པའི་བཀའ་དྲིན་གྱི་བགོ་སྐལ་ལེགས་པར་ནོད།
    1990ལོར། ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དུ་ལོ་གཉིས་ཀྱི་ཡུན་ལ་སློབ་སྦྱོང་གནང་རྒྱུའི་གོ་སྐབས་བཟང་པོ་ཐོབ་སྟེ། སློབ་གླིང་དེ་གར་དགེ་བའི་བཤེས་གཉེན་མགོ་ལོག་ཁྲ་གླིང་དགོན་གྱི་སྤྲུལ་བའི་སྐུ་བསྟན་པའི་ཉི་མ་མཆོག་དང་། སློབ་དཔོན་བསོད་ནམས་རྒྱ་མཚོ། དགེ་བཤེས་བསམ་འགྲུབ་རྒྱ་མཚོ། རྒན་ངག་དབང་བཟང་པོ། སྒྲུབ་རྒན་ཀཾ་ཚང་ཀརྨ་སེངྒེ། ས་སྐྱ་མཁན་ཆེན་ཀླུ་སྒྲུབ་རྒྱ་མཚོ། ཆེ་ཤོས་བློ་བཟང་དཔལ་ལྡན་ལུང་རིགས་རྒྱ་མཚོ། ཧར་བ་འཇམ་དབྱངས་བློ་གྲོས། བསེ་ཚང་བློ་བཟང་དཔལ་ལྡན། དགེ་བཤེས་ཡེ་ཤེས་དབང་ཕྱུག གླིང་དབོན་པདྨ་སྐལ་བཟང་སོགས་ལས་སུམ་དག་དང་། སྙན་ངག རྩིས་དཀར་ནག  དབྱངས་ཅན་སྒྲ་མདོ། སྡེབ་སྦྱོར་རིན་ཆེན་འབྱུང་གནས་སོགས་རིག་གནས་སྐོར་དང་། ཀློང་ཆེན་སྙིང་ཐིག་དང་། ལམ་རིམ་ཁྲིད་ཚིག་བརྒྱད། འཇམ་དབྱངས་དཀར་སེར་དམར་གྱི་དབང་དང་རྗེས་གནང་། སྒྲ་མི་སྙན་པའི་ཚེ་དབང་། རྗེ་བཙུན་ཏེ་ལོ་དང་རས་ཆུང་། གྲུབ་རྒྱལ་ལུགས་བཅས་ནས་བརྒྱུད་པའི་ཚེ་དབང་དང་ཁྲིད་ལུང་སོགས་བཀའ་དྲིན་བསྐྱངས་པའང་ལེགས་པར་ཐོབ། པེ་ཅིན་དུ་སློབ་སྦྱོང་ལོ་གཉིས་གནང་བའི་དུས་ཡུན་ནང་ཁོང་ཉིད་སློབ་མ་ཡོངས་ལས་སྦྱངས་འབྲས་མངོན་གསལ་དོད་པས་ཕུལ་བྱུང་སློབ་མའི་མཚན་སྙན་ཡང་ཐོབ་མྱོང་།
    ཡང་སྒོས་ཁོང་གིས་གོང་གསལ་རིག་གནས་སྐོར་ལ་ལེགས་པར་སྦྱངས་གནང་ཐོག་ཡིག་གཟུགས་སྒྱུ་རྩལ་ལའང་བརྩོན་པ་ལྷུར་ལེན་གནང་རྒྱུ་ནམ་ཡང་མ་བརྗེད་པར། སྔ་ཕྱིར་སློབ་དཔོན་ཆེ་མོ་བསོད་ནམས་རྒྱ་མཚོ་ལས་ལན་ཝར་སོགས་ཀྱི་ཡིག་གཟུགས་སླར་ཡང་ལེགས་པར་སྦྱངས་གནང་བ་དང་ཅོག་གྲྭ་རིན་པོ་ཆེ་སྐུ་ཕྲེང་བརྒྱད་པ་ཆོས་ཀྱི་སེངྒེ་དང་། སྔོན་རྩེ་སློབ་གྲྭའི་གཞུང་ཞབས་པ་བྱམས་པ་འཕྲིན་ལས་མཆོག་རྣམ་གཉིས་ལས་རྒྱལ་དབང་ཐུབ་བསྟན་རྒྱ་མཚོ་མཆོག་གིས་གཏན་ལ་ཕབ་པའི་དབུ་མེད་གཞུང་རིས་ཀྱི་ཁྲིད་རྒྱུན་གནད་འགག་དང་བཅས་པ་ལེགས་པར་སྦྱངས་བ་དང་། སྙེ་བྲིས་ཡིག་མཁན་ཆེ་མོ་བཀྲ་ཤིས་རྡོ་རྗེ་དང་བསྟན་འཛིན་རྣམ་རྒྱལ་རྣམ་གཉིས་ལས་སྙེ་བྲིས་བྲི་རྒྱུན་དང་། མཐིང་ཤོག  རིན་ཆེན་བཏུལ་ཚུལ་སྐོར་སོགས་ལའང་ལེགས་པར་སྦྱངས།
    ཁོང་གིས་ལས་ཞོར་གྱི་དུས་ཡུན་ལེགས་པར་བེད་སྤྱད་ནས་ད་སྔ《གངས་ལྗོངས་མེས་པོའི་ཕྱུག་རྒྱུན》དང《ལན་ཝར་གྱི་ཕྱི་མོ་འཕགས་བོད་ལོ་པཎ་གྱི་ཕྱུག་རྒྱུན་ཀེ་ཏ་ཀ》དང་། དེ་མིན་ཡིག་གཟུགས་སྒྱུ་རྩལ་ལ་དགའ་བ་དང་སྦྱང་འདོད་ཡོད་པའི་སྐྱེ་བོ་ཀུན་གྱི་ཐུགས་འདོད་སྐོང་ཆེད་ནོར་བུ་གླིང་ག་དོ་དམ་ཁྲུའུ་ཡི་བཀོད་འདོམས་དང་རྩ་འཛུགས་འོག ཡིག་གཟུགས་རིགས་བརྒྱད་ཀྱི་སྦྱོང་དེབ་བདུན་གྱི་བདག་ཉིད་ཅན་ཏེ《བོད་ཀྱི་ཡིག་གཟུགས་ཐོན་མིའི་མཛུབ་རིས》ཞེས་པའི་དཔེ་ཚོགས་ཤིག་ཀྱང་གསར་སྤེལ་གནང་ཡོད།
    ད་དུང་ཁོང་གིས་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་ལེགས་པར་སྤེལ་བའི་ཇོ་མོ་གླང་མའི་རྩིས་འཁོར་ཡིག་གཟུགས་རྣམ་གྲངས་ལས་ཚུགས་ཐུང་ཡིག་གཟུགས་ཀྱི་མ་དཔེ་ཕྱག་བྲིས་གནང་བ་དང་། 《ས་སྐྱ་ལེགས་བཤད》རིང་ཚད་སྨི240དང་མཐོ་ཚད་སྨི0.67ཡོད་པ་ཅན་ཞིག་ཕྱག་བྲིས་མཛད་པ་ཕུད། སྔ་རྟིང་དུ《ཏཱ་ལའི་ལོ་མའི་ཞིབ་འཇུག》དང་། 《སྦྲང་ཆར》། 《བོད་ལྗོངས་ནང་བསྟན》། 《བོད་ལྗོངས་སྒྱུ་རྩལ་ཞིབ་འཇུག》། 《བོད་ལྗོངས་ཉིན་རེའི་ཚགས་པར》སོགས་སུ་དཔྱད་རྩོམ་དང་ཡིག་གཟུགས་བརྩམས་ཆོས་མང་པོ་སྤེལ་མྱོང་། ཡིག་མཁན་ཁོང་གི་ཡིག་གཟུགས་བརྩམས་ཆོས་ལ་རྒྱ་ཆེའི་མང་ཚོགས་དང་རྒྱལ་ཁབ་ཕྱི་ནང་གི་རིག་གནས་ལ་དགའ་བའི་དཔྱོད་ལྡན་སྐྱེ་བོ་ཀུན་གྱིས་ཉར་ཚགས་བྱེད་རྒྱུར་ཧ་ཅང་མཉེས་པོ་གནང་བ་མ་ཟད། པེ་ཅིན་བོད་ལྗོངས་རིག་གནས་རྟེན་རྫས་བཤམས་མཛོད་ཁང་དང་། བོད་ལྗོངས་དཔེ་མཛོད་ཁང་། ལྷག་པར་དུ་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་དང་། མཚོ་སྔོན་བོད་ཀྱི་རིག་གནས་རྟེན་མཛོད་གླིང་། མཚོ་སྔོན་མི་རིགས་སློབ་ཆེན་བཅས་ནས་ཀྱང་ཁོང་གི་བརྩམས་ཆོས་བརྒྱ་ལྷག་ཙམ་གཅེས་ཉར་གནང་ཡོད།
    ཁྱད་པར་དུ་ཡིག་རིགས་སྣ་ཚོགས་ལ་བྱང་ཆུབ་པའི་ཡིག་མཁན་ཁོང་གིས་ལེགས་སྦྱར་ཡི་གེ་འབྲི་ཀློག་དང་སྒྲ་རིག་པར་ཡང་སློབ་སྦྱོང་ཅུང་ཟད་ཡོད་པར་བརྟེན། 2005ལོའི་ལོ་མཇུག་ཙམ་ལ་བོད་རང་སྐྱོང་ལྗོངས་ཏཱ་ལའི་ལོ་མའི་ཕྱག་དཔེ་སྲུང་སྐྱོབ་ལས་དོན་གཞུང་ལས་ཁང་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་དུ་དབུ་བརྙེས་རྗེས། གཞུང་ལས་ཁང་དེའི་དབུ་ཁྲིད་མཁས་དབང་དམ་པ་ཚེ་དབང་འགྱུར་མེད་མཆོག་དང་། པ་སངས་ཚེ་རིང་། འགྱུར་མེད་རྡོ་རྗེ་རྣམ་གསུམ་ཆེད་མངགས་ནོར་བུ་གླིང་གར་ཡིག་མཁན་ཁོང་གི་གམ་དུ་བཅར་ཏེ་དཀའ་ཚེགས་ཆེ་ཞིང་གཟི་བརྗིད་ལྡན་པའི་ཏཱ་ལའི་ལོ་མའི་ཕྱག་དཔེ་སྲུང་སྐྱོབ་ལས་གྲྭ་དེར་མཉམ་ཞུགས་དགོས་པའི་ཐུགས་རེ་དང་། ནོར་བུ་གླིང་ག་དོ་དམ་ཁྲུའུ་ཡི་ཆོག་མཆན་ཐོབ་པ་བརྒྱུད། བོད་ལྗོངས་ཀྱི་རྒྱ་དཔེ་ཡོངས་ཁྱབ་ཞིབ་བཤེར་སོགས་རྒྱལ་ཁབ་རིམ་པའི་ལས་དོན་རླབས་པོ་ཆེ་དེའི་ནང་ལོ་ངོ་བརྒྱད་ཙམ་རིང་ཕྱག་ལས་གནང་སྟེ་རྒྱ་དཔེའི་ཤེས་བྱ་མི་ཉུང་བའང་ཁོང་དུ་ཆུད། རྒྱ་དཔེ་དེ་དག་ནི་སངས་རྒྱས་ཀྱི་བཀའ་དང་པཎྜི་ཏའི་བསྟན་བཅོས་བོད་དུ་འགྱུར་རོ་ཅོག་གི་མ་ཕྱི་དངོས་ཏེ་ནང་དོན་མང་ལ་ཡིག་རིགས་ཀྱང་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད། རླབས་ཆེན་གྱི་ལས་དོན་དེ་གཞུང་ལས་ཁང་གི་ལས་དོན་མི་སྣ་བདུན་པོའི་འབད་ཐབས་ལ་བརྟེན་ནས་ཡོངས་སུ་ལེགས་འགྲུབ་བྱུང་།
    མདོར་ན། ཡིག་མཁན་ཁོང་ནི་ད་ལྟ་བོད་ལྗོངས་ཡིིག་གཟུགས་མཁས་པའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ལྗོངས་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་རྒྱུན་འཛིན་པ། བོད་རང་སྐྱོང་ལྗོངས་གནའ་དཔེ་སྲུང་སྐྱོབ་ལས་དོན་མཁས་དབང་ཨུ་ལྷན་གྱི་ཨུ་ཡོན། བོད་རང་སྐྱོང་ལྗོངས་ཏཱ་ལའི་ལོ་མའི་ཕྱག་དཔེ་ཞིབ་འཇུག་ཁང་གི་ཁོངས་མི། བོད་རང་སྐྱོང་ལྗོངས་གནམ་རིག་སྐར་རྩིས་ཞིབ་གྲོས་ཚོགས་པའི་རྒྱུན་ལས་ལས་འཛིན། བོད་རང་སྐྱོང་ལྗོངས་པར་རྒྱག་མཁས་པའི་མཐུན་ཚོགས་ཀྱི་ཚོགས་མི་བཅས་ཀྱི་ལས་གནས་ཐོག་ལྷ་ས་ནོར་བུ་གླིང་ག་རུ་ཕྱག་ལས་གནང་མུས་མཆིས་པའོ།།

གོང་མ།:སྐད་གྲགས་ཆེ་བའི་བོད་ཀྱི་ལོ་ཙཱ་བ་སྐ་ཅོག་ཞང་གསུམ།

ཞོལ་མ།:དགེ་རྒན་ཆེན་མོ་རྟ་མགྲིན་རྒྱལ་ཡི་ལོ་རྒྱུས།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235