མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
མི་སྣ་ངོ་སྤྲོད།
 

བོད་ཀྱི་སྐད་བརྡ་རིག་པའི་ཆེད་མཁས་པ་ཡེ་ཤེས་འོད་གསལ་ཨ་ཚོགས་ཀྱི་མི་ཚེའི་འགྲུལ་བཞུད།

ཡོང་ཁུངས།:藏地阳光  སྤེལ་དུས།:2020-02-17  རྩོམ་པ་པོ།:  རྩོམ་སྒྲིག་པ།:    ཀློགས་གྲངས།:

1.jpg

   ཁོང་གིས་ཀུན་ལ་བཞག་པའི་བག་ཆགས་ཆེས་ཟབ་ཤོས་ནི་འགྲོགས་བདེ་ཞིང་འདྲིས་སླ་བ།ཞུ་བདེ་ཞིང་ཕུགས་རིང་བའི་རང་གཤིས་དེ་ཡིན་ལ།འཚོ་བའི་ཁྲོད་ཀྱི་རྩེད་མཚར་ལ་དགའ་བའི་ལྷན་སྐྱེས་ཀྱི་གཤིས་ཀ་དང་རིག་གཞུང་ལ་བཅངས་པའི་ཞིབ་ཚགས་དང་གཟབ་ནན་གྱིས་རྣམ་དཔྱོད་ཅན་མང་པོའི་ཡིད་ཀྱི་བརྟན་པ་འཕྲོག་ཡོད།

       ཀུན་གྱིས་ཁོང་ལ་ཨ་ཚོགས་ཞེས་འབོད་ཅིང་།དོན་དམ་དུ་ཁོང་གི་མིང་ལ་ཚེ་རིང་ཕུན་ཚོགས་ཟེར།ཀུན་ལ་རྒྱུས་མངའ་ཡོད་པའི་ཡེ་ཤེས་འོད་གསལ་ཨ་ཚོགས་ཞེས་པའི་ནང་བསྟན་འཇིམ་བཟོ་སྒྱུ་རྩལ་པའི་མིང་འདི་ནི་སྔོན་མའི་དཀར་མཛེས་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་གཡུང་དྲུང་བསྟན་པའི་རྒྱལ་མཚན་མཆོག་གིས་གསོལ་བ་ལགས།

   ཁོང་གིས་ནན་ཁའེ་སློབ་གྲྭ་ཆེན་མོའི་སློབ་དཔོན་ཆེན་མོ་དང་།ཞིབ་བསྡུར་སྐད་བརྡ་རིག་པ་དང་གྲངས་ཉུང་མི་རིགས་སྐད་བརྡ་རིག་པའི་ཆེད་ལས་ཀྱི་རབ་འབྱམས་པ་དང་འབུམ་རམས་པའི་མཛུབ་སྟོན་དགེ་རྒན།ནན་ཁའེ་སློབ་གྲྭ་ཆེན་མོའི་རྒྱ་བོད་སྐད་བརྡ་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་བཅས་ཀྱི་འགན་གཅིག་ལྕོགས་སུ་བཞེས་ཡོད་པར་མ་ཟད།ཁོང་ཀྲུང་གོའི་མི་རིགས་སྐད་ཡིག་སློབ་ཚོགས་ཀྱི་ལས་འཛིན་པ་དང་།རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་སྐད་ཡིག་ཆེད་མཁས་པའི་མཛུབ་སྟོན་ཨུ་ཡོན།སློབ་གསོ་པུའུ་ཡི་དུས་རབས་གསར་པའི་འཇོན་ལྡན་འཆར་གཞིའི་ཆེད་མཁས་པ་བཅས་ཡིན།སྔོན་མར་དབྱིན་ཇིའི་ལོན་ཏོན་སློབ་གྲྭ་ཆེན་མོའི་འབུམ་རམས་པ་ཕྱི་ཚར་གྱི་ལས་གཞིའི་ཞིབ་འཇུག་པ་དང་།ཉི་ཧོང་ཏུང་ཅིན་སློབ་གྲྭ་ཆེན་མོ་དང་ཨ་མེ་རི་ཁའི་མཱ་ལི་ལན་སློབ་གྲྭ་ཆེན་མོའི་འཚམས་འདྲིའི་ཆེད་མཁས་པའི་འགན་བཞེས་མྱོང་།ཁོང་གི་འབུམ་རམས་པའི་མཐར་ཕྱིན་དཔྱད་རྩོམ་ལ་རྒྱལ་ཡོངས་ཕུལ་བྱུང་དཔྱད་རྩོམ་བརྒྱའི་གཟེངས་རྟགས་དང་།ཀྲུང་གོའི་མཐོ་རིམ་སློབ་གྲྭའི་མི་གཞུང་སྤྱི་ཚོགས་ཚན་རིག་གི་ཕུལ་བྱུང་གྲུབ་འབྲས་གཟེངས་རྟགས་ཀྱིས་གཙོས་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཟེངས་རྟགས་བརྒྱད་ལྷག་ཐོབ་པ་དང་།གཞན་ཁོང་སློབ་གསོ་པུའུ་ཡི་དུས་རབས་གསར་པའི་ཕུལ་བྱུང་མི་སྣའི་འཆར་གཞི་དང་།ཐེན་ཅིན་གྲོང་ཁྱེར་གྱི་ཁག་དང་པོའི་131འཇོན་མིའི་འཆར་གཞི་ལ་བདམས།ད་ལྟ་ཁོང་གིས་བོད་སྐད་ཀྱི་སྒྲ་གདངས་དང་རྒྱ་བོད་སྐད་བརྡའི་ཞིབ་བསྡུར།སྐད་ཆ་མཉམ་འདྲེས་བཅས་ལ་ཞིབ་འཇུག་གནང་བཞིན་པར་མ་ཟད།ཞོར་དུ་ཤེར་རྟོག་རིག་པ་ལའང་ཞིབ་འཇུག་གནང་མུས་སུ་མཆིས།

   ཁོང་གིདབྱར་ཁར་སྒུག་པ།དངལྷིང་འཇགས་ཀྱི་གཙང་པོ།སོགས་ཀྱི་བརྩམས་སྒྲུང་དང་།

ཕ་ཡུལ་དྲན་པ།དང་གཅུན་ཐབས་བྲལ་བའི་སེམས་པ།སོགས་ཀྱིས་གཙོས་པའི་སྙན་ངག དག་ཞིང་དང་ཐག་ཆེས་ཉེ་བའི་ས་ཆ།དང་སྒོ་བསྟེན་སྨན་ཁང་ཆུང་ཆུང་།སོགས་ཀྱིས་གཙོས་པའི་ལྷུག་རྩོམ་བཅས་གཞུང་སྒེར་གྱི་དུས་དེབ་ཏུ་བཀོད་ཡོད་པ་དང་།

   བོན་གྱི་མཉམ་མེད་ཤེས་རབ་རྒྱལ་མཚན་རྗེ་ཡབ་སྲས་གསུམ་གྱི་སྐུ་བརྙན།དང་བན་དེའི་འཇམ་པའི་དབྱངས་དང་ཡུམ་ཆེན་མོ་ཕྱག་བཞི་པའི་སྐུ་བརྙན།དང་།བོན་གྱི་རྣམ་པར་རྒྱལ་བའི་སྐུ་བརྙན།སོགས་ཀྱིས་མཚོན་པའི་སྒྱུ་རྩལ་གྱི་སོར་རྩེ་ནས་འཁྲུངས་པའི་བོད་བརྒྱུད་ནང་བསྟན་གྱི་འཇིམ་བཟོའི་བརྩམས་ཆོས་དག་དགོན་སྡེ་ཁག་ཏུ་ཉར་ཡོད།རིག་གཞུང་བརྩམས་ཆོས་ལ་སྐད་ཆའི་འཕེལ་འགྱུར་གྱི་སྐྱེ་ཁམས་རིག་པ།》(གཞན་དང་མཉམ་དུ་བསྒྱུར།དངལོག་སྐད་ཞིབ་འཇུག》《མར་ཁེ་སིའི་ལག་ལེན་མཚན་ཉིད་རིག་པའི་ཞིབ་འཇུག》(གཞན་དང་མཉམ་དུ་བརྩམས།)《དེང་རབས་དཔལ་འབྱོར་མཚན་ཉིད་རིག་པའི་ཞིབ་འཇུག》(གཞན་དང་མཉམ་དུ་བརྩམས།བཅས་ཡོད་པ་དང་། རིག་གཞུང་དཔྱད་རྩོམ་ལསེང་གེ་གཤོང་གི་སྐད་ཀྱི་སྒྲའི་ང་རོ་དང་དབྱངས་ཀྱི་རིང་ཐུང་།སྒྲ་ལྕི་བ་བཅས་ལ་དཔྱད་པ།དངསེང་གེ་གཤོང་གི་སྐད་ལ་ཡི་གེའི་ཇུས་གཞི་འགོད་ཐབས་ཀྱི་སྐོར་གླེང་བ།》《སེང་གེ་གཤོང་གི་སྐད་ཀྱི་སྒྲའི་ང་རོ།》《བོད་སྐད་དང་རྒྱ་སྐད་བར་གྱི་ཕྱོགས་ཐ་དད་པའི་གྲུབ་ཚུལ་གྱི་འབྲེལ་བར་དཔྱད་པ།》《གནའ་བོའི་སྐད་ཀྱི་ལྕེ་ངོས་ཀྱི་གསལ་བྱེད་ཅ་ཆ་ཇ་ཉ་ཞ་ཤ་(/tɕ/tɕʰ/dʑ/ȵ/ʑ/ɕ/) བཅས་ཀྱི་འབྱུང་ཁུངས་ལ་དཔྱད་པ།》《རིག་གཞུང་མཐོང་སྣེའི་ཚད་གཞི་སྣ་མང་དང་དམངས་ཚོགས་ཀྱི་རྒྱུན་སྤྱོད་སྐད་ཆའི་གོམས་ལོབས།——“སྐད་ཆ་ངོས་འཛིནཁྲོད་ཀྱི་སྐད་ཆ་གླེང་བ།》《བོད་ཡུལ་གྱི་སློབ་གསོ་འདྲ་མཉམ་གྱི་སྔོན་འགྲོའི་ཆ་རྐྱེན་ལས་འཕྲོས་ཏེ་བོད་སྐད་དང་།རྒྱ་སྐད། ཨར་ཐེ་སྐད་བཅས་ཀྱི་ཁྱད་ཆོས་དང་ལོ་རྒྱུས་ཀྱི་འབྲེལ་བ་མདོ་ཙམ་བཤད་པ།སོགས་ཀྱིས་གཙོས་པའི་རྒྱ་བོད་ཡིག་རིགས་གཉིས་ཀྱི་དཔྱད་རྩོམ་དྲུག་བཅུ་ལྷག་སྤེལ་ཡོད།

2.jpg

1998ལོའི་སྟོན་ཁར་བོད་ཀྱི་རིག་གནས་འགྲེམ་སྟོན་གྱི་བྱེད་སྒོར་ཞུགས་པ།

   དགེ་རྒན་ཨ་ཚོགས་ཀྱིས་དགུང་ལོ་ལྔའི་སྟེང་ཕ་དབང་འདུས་དང་མཉམ་དུ་ཨ་ཕའི་སློབ་གསོའི་ལས་དོན་བསྒྲུབ་སའི་ཞིང་གྲོང་གི་སློབ་ཆུང་ཞིག་ཏུ་ཕུགས་བསམ་ལ་དབུ་ཁྱུད་བྲིས་ཤིང་།མཚར་འཛིན་གྱིས་ཕྱུག་པའི་ནང་སེམས་ཀྱི་གཤིན་སར་ཤེས་བྱའི་མེ་ཏོག་རེ་རེ་ལྷུག་པར་བཞད་མགོ་བརྩམས།དེ་ནས་རིམ་བཞིན་དམའ་འབྲིང་དང་འབྲིང་རིམ་དགེ་ཐོན་སློབ་གྲྭར་འགྲིམས་ཤིང་།སློབ་མཐར་ཕྱིན་རྗེས་ཁོང་གིས་བོད་ཁུལ་གྱི་གྲོང་མཐའ་ཞིག་ཏུ་དགེ་རྒན་དང་། ཚེམས་བཟོ།ཤིང་བཟོ། འཇིམ་བཟོ། རྩོམ་རིག་གསར་རྩོམ།སྦྲེལ་མཐུད་ཚོང་གཉེར་སོགས་དངོས་གཞི་དང་ལས་ཞོར་གྱི་ལས་ཀ་ལོ་ངོ་བཅུ་ལྷག་ལ་གཉེར།

   དགུང་ལོ་བཅོ་བརྒྱད་དེ་སྤྱི་ལོ1987ལོར་ཁོང་རང་སྦྱོང་རྒྱུགས་སྤྲོད་ལ་ཞུགས་ཤིང་།དུས་དེ་ནས་བཟུང་ཁོང་གི་བསླབ་པ་སློབ་གཉེར་གྱི་ལོ་ཟླ་རིང་མོའི་འགྲུལ་བཞུད་ཀྱི་འགོ་དངོས་སུ་བརྩམས།ཕ་ཡུལ་གྱི་འགྲིམ་འགྲུལ་སྟབས་མི་བདེ་ཞིང་།གློག་དང་དེང་རབས་འཕྲིན་སྦྱོར་སོགས་ཀྱི་ཆ་རྐྱེན་ཞན་ཕྱིར།ཁོང་དར་རྩེ་མདོར་རྒྱུགས་སྤྲོད་དུ་ཕྱིན་ཐེངས་རེར་ཧ་ལམ་ཉིན་དྲུག་ལ་རྐང་ཐང་དང་།ཉིན་གཉིས་ལ་རླངས་འཁོར་ལ་བསྡད་ནས་འགྲོ་དགོས།ཁོང་རང་སྦྱོང་རྒྱུགས་སྤྲོད་ཀྱི་དངོས་གཞི་རིམ་པ་ལས་སློབ་མཐར་ཕྱིན་རྗེས་རྐང་ཐང་ལ་སློབ་གྲྭར་རྒྱུགས་སྤྲོད་དུ་ཕྱིན་པའི་ལམ་ཐག་ལ་ཁྱོན་བསྡོམས་སྤྱི་ལེ2600ཡོད་པ་དང་།དེ་ནི་ཏག་ཏག་ཁོང་གི་ཕ་ཡུལ་ནས་སྟོད་ཉི་མ་ལྷ་སའི་བར་གྱི་ཕར་ཕྱིན་ཚུར་ལོག་གི་ལམ་ཐག་ཡིན་འདུག

   དགུང་ལོ་བཅུ་དགུའི་སྟེང་ཁོང་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མིར་གྱུར་པ་དང་།དགུང་ལོ་ཉེར་བརྒྱད་སྟེང་རྒྱུགས་འབྲས་ཨང་དང་པོ་བླངས་ཏེ་ལྷོ་ནུབ་དགེ་ཐོན་སློབ་གྲྭ་ཆེན་མོའི་མཚན་ཉིད་རིག་པའི་ཆེད་ལས་ཀྱི་ཞིབ་འཇུག་སློབ་མར་རྒྱུགས་འཕྲོད།དུས་དེ་ནས་བཟུང་ཁོང་ཐོག་དང་པོར་རང་ཉིད་གཉོམ་ལག་རྒྱས་སའི་ཕ་ཡུལ་དང་ཁ་བྲལ་ནས་ནང་ལོགས་ལ་ཕྱིན་ཏེ།གློག་སྒྲོན་འོག་ཏུ་འཛམ་གླིང་ཤར་ནུབ་ཀྱི་མཚན་ཉིད་རིག་པར་འབད་པ་བརྒྱ་དང་བརྩོན་པ་སྟོང་གིས་སྦྱངས།ཁོང་ལ་མཚན་ཉིད་རིག་པའི་བློ་སྦྱོང་ངེས་ཅན་མངའ་གཤིས་ལས་གང་ལའང་གཟབ་ནན་གྱིས་འཇུག་པ་དང་།གནད་དོན་གཅིག་ལ་ཟུར་ངོས་མི་འདྲ་བ་ནས་དཔྱད་པའི་མྱོང་རྟོག་ཟབ་མོ་ལྡན་ཞིང་།དཔྱད་པ་དག་རྣལ་ལ་འཁེལ་བ་དང་རྩོམ་པ་དག་གཏན་ཚིགས་ཀྱིས་ཕྱུག་པ།འཆད་ལ་གོ་རིམ་གསལ་བའི་ཁྱད་ཆོས་མངའ། དགུང་ལོ་སོ་བཞིའི་སྟེང་ནན་ཁའེ་སློབ་གྲྭ་ཆེན་མོ་ནས་འབུམ་རམས་པའི་སློབ་མཐར་ཕྱིན་ཏེ་སློབ་གྲྭ་དེ་གར་དགེ་རྒན་གྱི་ཕྱག་ལས་གནང་ཞིང་།ལོ་གཉིས་པར་སློབ་ཆེན་གྱི་འཆད་ཁྲིད་པའི་གོ་གནས་ཐོབ་པར་མ་ཟད།ཁོང་ལ་དམིགས་བསལ་གྱིས་སློབ་དཔོན་ཆེན་མོ་གཞོན་པའི་གོ་ཐོབ་སྤྲད།ལོ་གསུམ་པ་སྟེ་དགུང་ལོ་སོ་བདུན་གྱི་སྟེང་ཁོང་ལ་དམིགས་བསལ་གྱིས་སློབ་དཔོན་ཆེན་མོའི་གོ་ཐོབ་སྤྲད་པ་དང་།ཁོང་ནན་ཁའེ་སློབ་གྲྭ་ཆེན་མོའི་ལོ་ན་ཆེས་གཞོན་པའི་རིག་ཚན་ཁྱབ་ཁོངས་ཀྱི་དགེ་རྒན་ཆེན་མོར་གྱུར།

   ཁོང་གི་སྐད་བརྡ་རིག་པའི་ཐད་ཀྱི་རིག་གཞུང་དཔྱད་འབྲས་ཀྱིས་རིག་གཞུང་ཞིབ་འཇུག་པའི་སྡེ་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པ་དང་།ཐོད་བརྒལ་རང་བཞིན་གྱི་དཔྱད་འབྲས་མང་པོར་རྒན་རབས་ཆེད་མཁས་པ་མང་པོས་གདེང་འཇོག་ཐོབ།ཁོང་གི་ཚབ་མཚོན་རང་བཞིན་གྱི་རིག་གཞུང་དཔྱད་འབྲས་ལ་གཙོ་བོ་གཤམ་གསལ་ལས།

3.jpg

ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོར་རིག་གཞུང་འཆད་ཁྲིད་གནང་བཞིན་པ།

   དང་པོ་ནི་སྐད་ཆ་མཉམ་འདྲེས་ཀྱི་འབྲེལ་བ་དང་མཉམ་འདྲེས་གཞུང་ལུགས་ཐད་ཀྱི་ཞིབ་འཇུག་སྟེ།སྔོན་མའི་ཀྲུང་གོའི་སྐད་བརྡ་རིག་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་སྐུ་ཞབས་ཧུའུ་མིང་དབྱང་གིསཀྲུང་གོའི་སྐད་ཡིག》(2006དུས་དེབ་ཏུ་ཁ་བྱང་ལམཉམ་འདྲེས་སྐད་ཆའི་གཞུང་ལུགས་ཀྱི་ཐོད་བརྒལ།ཞེས་པའི་ཆེད་རྩོམ་ཞིག་བྲིས་ཏེ།ཆེད་དུ་དགེ་རྒན་ཨ་ཚོགས་ཀྱི་རིག་གཞུང་དཔྱད་འབྲས་ལ་གདེང་འཇོག་གནང་།སྐུ་ཞབས་ཧུའུ་མིང་དབྱང་གིས་ཆེད་རྩོམ་དེ་ལས། རྩོམ་པ་པོས་བཏོན་པའི་སྐད་ཆ་མཉམ་འདྲེས་དང་འབྲེལ་བའི་གཞུང་ལུགས་ནི་སྔོན་གྱི་སྐད་ཆ་མཉམ་འདྲེས་དང་འབྲེལ་བའི་གཞུང་ལུགས་ཀྱི་ཐོད་བརྒལ་ཆེན་པོ་ཞིག་ཡིན་པར་མ་ཟད།སྐད་རིགས་ཁྱབ་ཁོངས་མང་པོ་ཞིག་གི་ཞིབ་འཇུག་ལ་མཛུབ་སྟོན་དང་བློ་འབྱེད་ཀྱི་ནུས་པ་ཐོན་འདུགཅེས་བསྟན།རྒྱལ་སྤྱིའི་མིང་དུ་གྲགས་པའི་སྐད་བརྡ་རིག་པ་བ་དང་རྒྱལ་སྤྱིའི་ཀྲུང་གོའི་སྐད་བརྡ་རིག་པའི་མཐུན་ཚོགས་ཀྱི་འགན་འཛིན་པ་ཝང་ཧྲི་ཡོན་གྱིས་བླ་ན་མེད་པའི་མཛད་རྗེས་བཞག་པ་རེདཅེས་ཁོང་གི་དཔྱད་འབྲས་ལ་གདེང་འཇོག་གནང་།2008དགེ་རྒན་ཨ་ཚོགས་ཀྱི་སྐད་ཆ་མཉམ་འདྲེས་ཀྱི་ཞིབ་འཇུག་ལ་སྐབས་བཞི་པའི་ཀྲུང་གོའི་མཐོ་རིམ་སློབ་གྲྭའི་སྤྱི་ཚོགས་ཚན་རིག་གི་ཕུལ་བྱུང་དཔྱད་འབྲས་ཀྱི་བྱ་དགའ་ཨང་གཉིས་པ་དང་།སློབ་གསོ་པུའུ་ཡི་ཧུའོ་དབྱིན་ཏུང་ཞིབ་འཇུག་བྱ་དགའ་སོགས་ཞིབ་འཇུག་ཁྱབ་ཁོངས་ཀྱི་བྱ་དགའ་ཐོབ།

   གཉིས་པ་ནི་བོད་སྐད་ཀྱི་སྒྲའི་སྡེབ་སྦྱོར་ཐད་ཀྱི་ཞིབ་འཇུག་སྟེ།སྤྱི་ལོ2003ལོའི་འབུམ་རམས་པའི་དཔྱད་རྩོམ་དུ་ཁོང་གིས་ཆེས་ཐོག་མར་སྒྲ་གདངས་ཚོད་ལྟའི་དཔྱད་ཐབས་གཞིར་བཟུང་ནས་ཨམ་སྐད་ལ་སྒྲ་མཐོ་བའམ་སྒྲ་ལྕི་བའི་ཁྱད་ཆོས་ཡོད་པའི་ལྟ་ཚུལ་བཏོན་ཞིང་།དེའི་རྗེས་མུ་མཐུད་དུ་གནའ་བོའི་བོད་སྐད་དང་དེང་གི་ས་གནས་སོ་སོའི་ཡུལ་སྐད་གཙོ་བྱས་ཏེ་བོད་སྐད་ལ་སྒྲ་གདངས་ལྕི་བསྒྲ་གདངས་མཐོ་བ།དང་ཤུགས་དྲགས་གདངས་ལྕི་བཅས་རིགས་མི་འདྲ་བའི་སྒྲ་གདངས་ལྕི་བའི་མ་ལག་གཉིས་ཡོད་པ་ལུང་དང་རིགས་པས་བསྒྲུབས།སྒྲ་ལྕི་བའི་རྣམ་པ་དེ་གཉིས་སྒྲ་ཚིགས་གཉིས་ཅན་གྱི་སྟེང་དུས་མཉམ་དུ་མངོན་ཆོག་པ་དང་།སྒྲ་རྒྱུད་རིག་པའི་དོན་སྙིང་ངོས་ནས་གཞིགས་ན།རིགས་མི་འདྲ་བའི་སྡེབ་སྦྱོར་གྱི་ངོས་རིམ་གཉིས་ཀྱི་ཁོངས་སུ་གཏོགས་ཤིང་།སྲོལ་རྒྱུན་གྱི་སྡེབ་སྦྱོར་རིག་པའི་ཞིབ་འཇུག་ལྟར་ན།བོད་ཀྱི་སྲོལ་རྒྱུན་སྙན་ངག་ལ་སྒྲ་ལྕི་ཡང་གི་རྣམ་གཞག་མི་འདྲ་བ་མེད་པར་སྒྲ་ལྕི་ཡང་གི་སྡེབ་སྦྱོར་ལྟར་གྲུབ་པར་འདོད་པའི་ལྟ་ཚུལ་བཏོན་ཞིང་།ཁོང་གི་བོད་ཀྱི་སྲོལ་རྒྱུན་སྡེབ་སྦྱོར་རིག་པ་དང་དེང་རབས་སྒྲ་རྒྱུད་རིག་པ་གཉིས་ཟུང་དུ་སྦྲེལ་ནས་དེང་རབས་བོད་སྐད་ཀྱི་སྒྲ་རྒྱུད་རིག་པའི་ཞིབ་འཇུག་ལ་རྨང་གཞི་བརྟན་པོ་བཏིངས་ཤིང་།འབྲེལ་ཡོད་དཔྱད་འབྲས་ལ་ཐེན་ཅིན་གྲོང་ཁྱེར་གྱི་སྐབས་བཅོ་ལྔ་པའི་སྤྱི་ཚོགས་ཚན་རིག་གི་ཕུལ་བྱུང་གྲུབ་འབྲས་ཀྱི་བྱ་དགའ་ཨང་གཉིས་པ་ཐོབ།

   གསུམ་ནི་བོད་སྐད་ཀྱི་ལོ་རྒྱུས་བྱུང་འཕེལ་དང་ཁྱིམ་མཚེས་མི་རིགས་ཀྱི་སྐད་ཆའི་འབྲེལ་བའི་ཐད་ཀྱི་ཞིབ་འཇུག་སྟེ།སྔོན་མའི་རྒྱལ་ཁབ་སྐད་ཡིག་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་དང་།རྒྱ་བོད་སྐད་བརྡ་རིག་པ་བ་ཝང་ཅུན་གྱིས་དགེ་རྒན་ཨ་ཚོགས་ཀྱི་དཔྱད་འབྲས་ལ་འདི་ལྟར་གདེང་འཇོག་གནང་བ་སྟེ།རྒྱ་སྐད་དང་ཨེར་ཐའེ་སྐད་བར་གྱི་བོད་སྐད་ཀྱི་ཕྱོགས་ཐ་དད་པའི་གྲུབ་ཚུལ་གྱི་གསར་རྙེད་ལ་རིན་ཐང་ཆེན་པོ་ལྡན་པ་དང་།བློ་མཐུན་ཨ་ཚོགས་ལ་ཞིབ་འཇུག་གི་མདུན་ལྗོངས་དང་བློ་སྤོབས།འཇོན་ཐང་ཆེན་པོ་ལྡན་པ་དང་།

4.jpg

བོད་ཀྱི་སྐད་ཡིག་བགྲོ་གླེང་ཚོགས་འདུའི་སྐབས་བསྐྱོན་པའི་འདྲ་པར།

   ཁོང་གིས་འགྲན་སློང་རང་བཞིན་དང་ཐོད་བརྒལ་རང་བཞིན་ལྡན་པའི་ལྟ་ཚུལ་བཏོན་ཞིང་།ལྟ་ཚུལ་དེར་ཚགས་དམ་ཞིང་ཁུངས་བཙན་པའི་ལུང་རིགས་ཀྱིས་ལེགས་པར་བསྒྲུབས་ནས་གཞུང་ལུགས་དང་ཐབས་ལམ་ཐད་ལ་མཛད་རྗེས་ཆེན་པོ་བཞག་འདུག2003ལོའི་འབུམ་རམས་པའི་དཔྱད་རྩོམ་གྱི་དཔྱད་བརྗོད་ཚན་བཤུས།དགེ་རྒན་ཨ་ཚོགས་ཀྱི་དཔྱད་འབྲས་ལྟར་ན།བོད་སྐད་དང་ཁྱིམ་མཚེས་མི་རིགས་ཀྱི་སྐད་ཆའི་ལོ་རྒྱུས་ཀྱི་དབྱེ་མཚམས་དེ་རིག་གཞུང་པའི་སྡེ་ཡིས་གཅིག་མཐུན་གྱིས་ཁས་ལེན་བཞིན་པའི་རྒྱ་བོད་སྐད་སྡེའི་རྣམ་པ་དེ་ཙམ་མ་ཡིན་པར།དེ་ནི་ཕྱོགས་ཐ་དད་པའི་གྲུབ་ཚུལ་གྱི་འབྲེལ་བར་གྲུབ་པའི་རྣམ་པ་ཞིག་ཡིན་པ་རེད།བོད་སྐད་ཀྱི་ཆེས་སྔ་བའི་སྐད་དེ།གནའ་བོའི་ཆའང་མིའི་སྐད་དང་ལྷོ་ཕྱོགས་ཀྱི་གནའ་བོའི་པའེ་ཡུའེ་སྐད་ཀྱི་མཉམ་འདྲེས་ལས་ད་གཟོད་གདོད་མའི་རྒྱ་སྐད་བྱུང་བ་རེད།དེ་བས་གདོད་མའི་རྒྱ་སྐད་ཀྱིས་བོད་སྐད་ཀྱི་རྩ་བའི་ཐ་སྙད་མང་པོ་ཞིག་གཡར་ཡོད་ནའང་།བརྡ་སྤྲོད་ཀྱི་རྣམ་པའི་ཐད་ནས་རྒྱ་སྐད་དང་བོད་སྐད་ལ་གཅིག་མཐུན་གྱི་འབྱུང་ཁུངས་ཤིག་ཡོད་པའི་ལུང་ཁུངས་རྙེད་དཀའ།གོང་བརྗོད་ཀྱི་རྒྱ་བོད་སྐད་ཀྱི་འབྲེལ་བའི་ཞིབ་འཇུག་ལ་སྔོན་མའི་ཀྲུང་གོའི་སྐད་བརྡ་རིག་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ།དགེ་རྒན་ཆེན་མོ་ཧུའུ་མིང་དབྱང་2006དང་རྒྱལ་ས་དགེ་ཐོན་སློབ་ཆེན་གྱི་རྒྱའི་སྐད་ཡིག་ལོ་རྒྱུས་ཀྱི་ཆེད་མཁས་པ།དགེ་རྒན་ཆེན་མོ་ཧུང་པོ་2008སོགས་ཆེད་མཁས་པའི་ཁས་ལེན་ཐོབ། དེ་མིན།ཁོང་གིས་བོད་སྐད་དང་བྱང་རྒྱུད་ཀྱི་ཨེར་ཐའེ་སྐད་ཀྱི་བརྡ་སྤྲོད་ཀྱི་གྲུབ་སྟངས་ལ་ཐུན་མོང་གི་ལོ་རྒྱུས་ཡོད་པར་ལུང་དང་རིགས་པས་བསྒྲུབས་ཏེ།བོད་དང་ཨེར་ཐའེ་སྐད་ཀྱི་བརྡ་སྤྲོད་མུ་རྒྱུན་དང་།ཧི་མ་ལ་ཡ་དང་ཨེར་ཐའེ་སྐད་ཀྱི་བརྡ་སྤྲོད་མུ་རྒྱུན་གྱི་ལྟ་ཚུལ་བཏོན།འབྲེལ་ཡོད་དཔྱད་འབྲས་ལ་སྐབས་ལྔ་པའི་ཀྲུང་གོའི་མཐོ་རིམ་སློབ་གྲྭའི་སྤྱི་ཚོགས་ཚན་རིག་གི་ཕུལ་བྱུང་གྲུབ་འབྲས་བྱ་དགའ་སོགས་ཐོབ།

   དམིགས་བསལ་གྱི་སློབ་གཉེར་འགྲུལ་བཞུད་དང་གཡུར་དུ་ཟ་བའི་རིག་གཞུང་དཔྱད་འབྲས་ལས་གཞན།ཕ་སྐད་སློབ་གསོའི་ཐད་ལ་འབད་པ་བྱ་རྒྱུའང་དགེ་རྒན་ཨ་ཚོགས་ལ་མཚོན་ན་གཡོལ་ཐབས་མེད་པའི་ཁ་ཕྱོགས་ཤིག་ལགས།ཁོང་གིས་ཁ་བཤད་ཆུ་ཡི་ལྦུ་བ་ལས་ལག་ལེན་གསེར་གྱི་ཐིགས་པ་གཙོ་བའི་དཔེ་ལྟར།ཕ་སྐད་ལ་བཅངས་པའི་འགན་འཁྲི་དེ་སྤོམ་བཤད་དང་སྟོང་བསམ་ཙམ་མ་ཡིན་པར་དེ་འབྲེལ་གྱི་ཞིབ་འཇུག་དང་དངོས་མཐོང་གི་བྱ་བ་མང་པོ་བསྒྲུབས།ཁོང་གིས་ཞིབ་འཇུག་གི་གོ་རིམ་ཁྲོདཕ་སྐད་ཀྱི་ཡིག་རྨོངསསོགས་ཀྱི་བརྡ་དོན་མང་པོ་གསར་དུ་བཏོན་ཞིང་། འབྲེལ་འདྲིས་ཀྱི་གནོན་ཤུགས་ཚད་རིམསོགས་ཀྱི་བརྡ་དོན་སྤྱད་དེ་ཕ་སྐད་དར་རྒུད་ཀྱི་སྣང་ཚུལ་ལ་རིག་གཞུང་གི་ངོས་ནས་དབྱེ་ཞིབ་གནང་།དེ་མིན་ཁོང་གིསནུས་ཞན་སྐད་ཡིག་གི་གོམས་ལོབས་ཀྱི་གནད་འགག་དུས་སྐབསཀྱི་ཐོག་མའི་ལྟ་ཚུལ་བཏོན་པར་མ་ཟད།ཚུགས་ཐུབ་ཀྱི་ལུང་དང་རིགས་པས་བདེན་པར་བསྒྲུབས། ཁོང་གིས་སྒྲིག་ལུགས་ཀྱི་གྲུབ་སྟངས་དང་གནད་འགག་གི་རིམ་པ།མཇུག་མཐའི་འབྲས་བུ་བཅས་ཟུར་ངོས་ནས་མ་ལག་ལྡན་པའི་སྒོ་ནས་ཕ་སྐད་ཀྱི་དར་རྒུད་སྣང་ཚུལ་ལ་ཞིབ་འཇུག་གནང་།

5.jpg

རྒྱ་བོད་སྐད་བརྡ་རིག་པའི་དབྱར་སྦྱོང་འཛིན་གྲྭའི་སློབ་མར་སློབ་ཁྲིད་གནང་བཞིན་པ།

   སྤྱི་ལོ་2006ལོ་ནས་བཟུང་།ལོ་རེར་ནུབ་བྱང་ས་ཁུལ་གྱི་མཐོ་རིམ་སློབ་གྲྭའི་བོད་ཡིག་ཆེད་ལས་ཀྱི་ཞིབ་འཇུག་སློབ་མ་དག་ནན་ཁའེ་སློབ་གྲྭ་ཆེན་མོར་སྐད་བརྡ་རིག་པའི་སློབ་ཁྲིད་ཟུར་ཉན་གྱི་སློབ་སྦྱོང་གོ་སྐབས་བསྐྲུན་ཞིང་།2012ལོར་ལེགས་སྦྱར་སྐད་ནན་ཁའེ་སློབ་གྲྭ་ཆེན་མོའི་འབུམ་རམས་པའི་ཕྱི་ཡིག་རྒྱུགས་གཞིའི་གྲས་སུ་བཞག

   2016ལོར་ཁོང་གིས་སྣེ་ཁྲིད་དེ་བོད་ཀྱི་སྐད་ཡིག་བགྲོ་གླེང་ཚོགས་འདུ་སྐབས་དང་པོ་འཚོགས།དེའི་དམིགས་ཡུལ་གཙོ་བོ་ནི་རིག་གཞུང་གི་རྒྱབ་ལྗོངས་མི་འདྲ་བའི་བོད་ཀྱི་སྐད་བརྡ་རིག་པའི་ཞིབ་འཇུག་ཐད་ལ་གྲུབ་འབྲས་གཟེངས་སུ་མཐོ་བའི་ཆེད་མཁས་པ་རྒན་པ་དང་འཇོན་ཐང་ལྡན་པའི་ན་གཞོན་ཞིབ་འཇུག་པ་མང་པོར་བསམ་བློ་བརྗེ་རེས་དང་རིག་གཞུང་དཔྱད་འབྲས་མཉམ་སྤྱོད་ཀྱི་སྟེགས་བུ་ཞིག་བསྐྲུན་པའི་ཆེད་དུ་ཡིན།ཚོགས་ཞུགས་ཆེད་མཁས་པ་མང་པོས་ཞིབ་འཇུག་ལ་བཀོལ་བའི་རྒྱུ་ཆ་དང་ཐབས་ལམ།ལྟ་བ་སོགས་ཀྱི་ཐད་ལ་གསར་གཏོད་ཀྱི་ཆ་མང་པོ་མཆིས་པར་མ་ཟད།ཆེད་མཁས་པ་ལ་ལས་སྲོལ་རྒྱུན་དང་དེང་རབས་སྐད་བརྡ་རིག་པའི་མཐུན་སྦྱོར་ཐད་ངོམ་དུ་རུང་བའི་གྲུབ་འབྲས་བླངས་པར་དཔེ་ལྟ་དང་སློབ་སྦྱོང་བྱ་འོས་ཤིང་།འདི་ལྟ་བུའི་མཁས་མང་གདན་འཛོམས་ཀྱི་གོ་སྐབས་དང་བསྟུན་དཔྱད་ཐབས་གསར་པ་འཚོལ་ཞིབ་དང་རིག་གཞུང་གསར་པ་ནང་འདྲེན་བྱས་ཏེ།ཀུན་གྱིས་བོད་ཀྱི་སྐད་ཡིག་ཞིབ་འཇུག་གི་ལས་དོན་ལ་ལྷག་བསམ་རྣམ་དག་གིས་བརྩོན་རྒྱུ་ནི་ཁོང་གིས་བོད་ཀྱི་སྐད་ཡིག་བགྲོ་གླེང་ཚོགས་འདུ་དང་རྒྱ་བོད་སྐད་བརྡ་རིག་པའི་དབྱར་སྦྱོང་འཛིན་གྲྭ་བསྒྲུབས་པའི་ཆེས་མཐར་ཐུག་གི་དམིགས་ཡུལ་ལགས།

6.jpg

དབྱར་སྦྱོང་འཛིན་གྲྭའི་སློབ་མར་ཟུར་ཁྲིད་གནང་བཞིན་པ།

   2016ལོ་ནས་ད་ལྟའི་བར་ཁྱོན་བསྡོམས་དབྱར་སྦྱོང་འཛིན་གྲྭ་ཐེངས་བཞི་ལ་བསྒྲུབས་ཤིང་།སྐད་བརྡ་རིག་པའི་ཞིབ་འཇུག་གི་སློབ་གཉེར་ལ་གཞོལ་བཞིན་པའི་སྐད་ཡིག་ཆེད་ལས་ཀྱི་སློབ་མར་རྒྱལ་ཁབ་ཕྱི་ནང་གི་མིང་དུ་གྲགས་པའི་ཆེད་མཁས་པ་དག་གདན་ཞུ་བྱས་ནས་ཁོང་ཅག་གི་གསུང་གི་བདུད་རྩིས་བོད་ཀྱི་སྐད་བརྡ་རིག་པའི་སློབ་གཉེར་བའི་ཐོས་བསམ་གྱི་གཤིན་ས་བརླན་པར་བྱས།རྒྱ་བོད་སྐད་བརྡ་རིག་པའི་དབྱར་སྦྱོར་འཛིན་གྲྭའི་དམིགས་བྱ་གཙོ་བོ་ནི་མི་རིགས་ས་ཁུལ་ལ་དེང་རབས་སྐད་བརྡ་རིག་པའི་གཞུང་ལུགས་དང་ཐབས་རྩལ་ལ་མཁས་པའི་རྒྱ་བོད་སྐད་ཡིག་གི་འཇོན་མི་གསོ་སྐྱོང་བྱ་རྒྱུ་དང་།དུས་ཡུན་ཐུང་ངུའི་ཚད་མཐོན་པོའི་ལག་ལེན་ཟབ་སྦྱོང་བརྒྱུད། སློབ་མ་རྣམས་ཀྱིས་དེང་རབས་སྐད་བརྡ་རིག་པའི་རྒྱུན་སྤྱོད་ཀྱི་གཞུང་ལུགས་བརྡ་དོན་དང་ཡུལ་དངོས་བརྟག་དཔྱད་ཀྱི་ངེས་མཁོའི་ཐབས་རྩལ་ལ་རྒྱུས་ལོན་བྱེད་པའི་སློབ་སྦྱོང་གི་སྡིངས་ཆ་ཞིག་མཁོ་འདོན་བྱ་རྒྱུ་དེ་ཡིན་ཞིང་།

   ལོ་རེར་བོད་ཀྱི་སྐད་ཡིག་ཞིབ་འཇུག་ཆེད་ལས་ཀྱི་ཞིབ་འཇུག་སློབ་མ་དང་དངོས་གཞི་སློབ་མ།གཞན་བོད་སྐད་ཡིག་ཞིབ་འཇུག་གི་ལས་ལ་ཞུགས་པའི་སློབ་གཉེར་བ་40ཡས་མས་བསྡུས་ཏེ།རིན་མེད་དུ་དུས་ཡུན་ཉིན་བཅོ་ལྔར་ཡུལ་དངོས་བརྟག་དཔྱད་དང་དེང་རབས་སྐད་བརྡ་རིག་པས་གཙོས་པའི་སློབ་ཁྲིད་གོ་སྒྲིག་གནང་བར་མིག་མཐོང་ལག་ཟིན་གྱི་གྲུབ་འབྲས་བླངས།ཟབ་སྦྱོང་འཛིན་གྲྭ་སྔོན་མ་བཞིར་ཞུགས་པའི་སློབ་མ་དགུ་པེ་ཅིན་དང་ཐེན་ཅིན།ཧྲང་ཧེ་སོགས་མཐོ་རིམ་སློབ་གྲྭའི་འབུམ་རམས་པར་རྒྱུགས་འཕྲོད་ནས་ཆེད་ལས་ཞིབ་འཇུག་གི་ལམ་ཁར་ཞུགས།

7.jpg

དབྱར་གནང་སྐབས་ཕ་ཡུལ་དུ་བསྐྱོན་པའི་མཉམ་པར།

   2018ལོར་ཞང་ཀང་རྒྱ་ཡིག་སློབ་ཆེན་དང་མཉམ་འབྲེལ་གྱིས་ནན་ཁའེ་སློབ་གྲྭ་ཆེན་མོར་སྐད་ཆའི་ཡུལ་དངོས་བརྟག་དཔྱད་ཀྱི་ཐབས་རྩལ་དང་བོད་སྐད་བརྟག་དཔྱད་ཀྱི་དབྱར་སྦྱོང་འཛིན་གྲྭ་བསྒྲུབས་ནས་དུས་ཡུན་ཉིན་བཅོ་ལྔའི་རིང་ལ་བོད་སྐད་བརྟག་དཔྱད་ཀྱི་སློབ་སྦྱོང་མཐུན་རྐྱེན་བསྐྲུན་ཞིང་།དབྱར་སྦྱོང་འཛིན་གྲྭ་འདི་ལོ་གཉིས་ཀྱི་ནང་ཐེངས་རེར་སྒྲུབ་བཞིན་ཡོད་ལ། མིག་སྔར་2020ལོའི་དབྱར་སྦྱོང་འཛིན་གྲྭ་སྐབས་གཉིས་པར་བསྒྲུབ་པར་གྲ་སྒྲིག་བྱེད་བཞིན་མཆིས།

2019ལོའི་ཟླ་དང་པོ་ནས་བཟུང་།ཁོང་གིས་སྣེ་ཁྲིད་དེ་ནན་ཁའེ་སློབ་གྲྭ་ཆེན་མོར་དགུན་ཐོག་བོད་ཀྱི་སྐད་ཡིག་ཞིབ་འཇུག་གི་མཐོ་རིམ་ཁྲིད་སྟེགས་ཞེས་པ་བསྒྲུབས་ཤིང་།སྐབས་དང་པོར་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཆེད་མཁས་པ་པ་སངས་དབང་འདུས་གདན་ཞུ་བྱས་ཏེ།དུས་ཡུན་ཉིན་བཅུའི་རིང་ལ་བོད་ཀྱི་བརྡ་རྙིང་ཡིག་ཚང་སྐོར་ནས་སློབ་ཁྲིད་གནང་།སླད་མར་ཡང་རིག་གཞུང་ཁྱབ་ཁོངས་སུ་གྲུབ་འབྲས་མང་ཞིང་ཁ་ལས་མཐོ་བའི་བོད་ཡིག་ཆེད་མཁས་པ་གདན་ཞུ་ཞུས་ནས་བརྡ་སྤྲོད་དང་སྡེབ་སྦྱོར།ཡིག་ཚང་སོགས་སློབ་ཁྲིད་ཀྱི་གསོལ་སྟོན་བཤམས་པའི་འཆར་གཞི་མཆིས་སོ། །

9.jpg

ཡུལ་དངོས་སུ་ཡུལ་སྐད་ལ་རྟོག་ཞིབ་གནང་བཞིན་པ།

   ཉེ་དུས་ཁོང་གིས་སྐད་ཆའི་དབྱེ་འབྱེད་ལའང་ཐུགས་སེམས་གཞོལ་ནས་དེ་འབྲེལ་གྱི་དཔྱད་བརྗོད་འགའ་སྤེལ་ཡོད་པ་དང་།མཚན་ཉིད་རིག་པའི་ངོས་ནས་རྒྱལ་རོང་ཡུལ་སྐད་སོགས་ཀྱི་ཡུལ་སྐད་ངོས་འཛིན་ལ་བློ་ཞིབ་མོས་དཔྱད་པར་རིག་གཞུང་པའི་སྡེ་ནས་གདེང་འཇོག་ཆེན་པོ་ཐོབ།ཁོང་གིས་བྲིས་པའི་རིག་གཞུང་མཐོང་སྣེའི་ཚད་གཞི་སྣ་མང་དང་དམངས་ཚོགས་ཀྱི་རྒྱུན་སྤྱོད་སྐད་ཆའི་གོམས་ལོབས།——“སྐད་ཆ་ངོས་འཛིནཁྲོད་ཀྱི་སྐད་ཆ་གླེང་བ།ཞེས་པའི་དཔྱད་རྩོམ་ལས་བསྟན་དོན།རིག་གཞུང་གི་མཐོང་སྣེ་དང་མང་ཚོགས་ཀྱི་འདུ་ཤེས་གཉིས་ལ་འགལ་བ་མེད་པར་མ་ཟད།མཆོག་དམན་ཡང་མེད་ལ།ཆེས་གལ་ཆེན་དུ་སྣང་བ་ནི་རིག་གཞུང་ཞིབ་འཇུག་གིས་གནད་དོན་དེར་དྲང་ཐད་ནས་བལྟ་དགོས་པར་མ་ཟད།རིག་གཞུང་གི་མཐོང་སྣེ་སྣ་མང་ལས་མང་ཚོགས་ཀྱི་སྐད་ཆ་ངོས་འཛིན་ལ་གཞིག་དགོས།རྒྱ་བོད་སྐད་བརྡ་རིག་པའི་ཆེད་མཁས་པ་སུང་ཧོང་ཁའེ་དང་རྒྱལ་རོང་ཡུལ་དུ་འཁྲུངས་པའི་སྐད་བརྡ་རིག་པ་བ་བཙན་ལྷ་ངག་དབང་ཚུལ་ཁྲིམས་ཀྱི་རྒྱལ་རོང་ཡུལ་སྐད་དང་འབྲེལ་བའི་མཐོང་སྣེ་དང་ལྟ་ཚུལ་ནི་འདིའི་ཐད་ཀྱི་དཔེ་སྟོན་ཞིག་ཏུ་ངོས་བཟུང་ཆོག་པར་སྙམ་ལ།སྐད་ཆའི་གཞི་གྲུབདང་སྤྱི་ཚོགས་རིག་གནསཀྱི་གྲུབ་རྒྱུ་དེ་སྐད་བརྡ་རིག་པའི་ཞིབ་འཇུག་ཁྱབ་ཁོངས་ཁྲོད་མངོན་ཞིང་།ཆའང་སྐད་ཀྱི་ཁོངས་སུ་གཏོགས་པའི་རྒྱལ་རོང་ཡུལ་སྐད་དང་བོད་སྐད་ཀྱི་ཁོངས་སུ་གཏོགས་པའི་རྒྱལ་རོང་ཡུལ་སྐད་གཉིས་འགལ་མེད་མཐུན་སྦྱོར་བྱས་ཆོགདུས་མཚུངས་སུ་རྒྱལ་རོང་ཡུལ་སྐད་སྨྲ་མཁན་གྱི་སྐད་ཆར་བཟུང་བའི་རྣམ་འགྱུར་ཏེ།ཁོ་ཚོས་ཕ་སྐད་དེ་བོད་སྐད་དུ་གཏོགས་པར་འདོད་པའི་མཐོང་སྣེ་དེར་རིག་གཞུང་བའི་སྡེ་ཡིས་བརྩི་བཀུར་བྱ་དགོས་པར་མ་ཟད།སྤྱི་ཚོགས་སྐད་བརྡ་རིག་པའི་གཞིག་བྱ་གལ་ཆེན་ཞིག་ཏུའང་འཛིན་དགོས། ཨ་ཚོགས། 2018ཁོང་གིས་དེ་ལྟར་མིག་སྔའི་རིག་གཞུང་ཞིབ་འཇུག་གི་དངོས་གཞིར་གཞིགས་ནས་བདེན་ལུགས་ཀྱིས་གཏམས་པའི་དཔྱད་ཞིབ་གནང་།

   ཁོང་གི་རིགས་ཞེན་གྱི་མཚོ་ངོས་ལ་ང་རྒྱལ་གྱི་རླབས་ཕྲེང་ཡང་དང་བསྐྱར་དུ་སྐྱོམ་པར་བྱེད་པ་ནི་རྒྱུས་མེད་ཀྱི་ནང་ལོགས་གྲོང་ཁྱེར་དུ་ཁོང་གི་བྱིས་པར་ཕ་སྐད་ཀྱི་རང་མདངས་བོར་དུ་མ་བཅུག་པ་དེ་རེད།བྱིས་པའི་ཕ་སྐད་སློབ་གསོའི་ཐད་ལ་ཁོང་དང་ཁོང་གི་ཁྱིམ་མིས་དཀའ་སྡུག་མང་པོ་མྱངས་ཤིང་།

8.jpg

ལྷ་སར་བསྐྱོན་པའི་ཁྱིམ་མིའི་མཉམ་པར།

   ནང་ལོགས་ཀྱི་ཁོར་ཡུག་ཏུ་འཚར་ལོངས་བྱུང་བའི་བྱིས་པ་གཉིས་ཀྱིས་ད་ལྟ་བོད་སྐད་བཤད་ཤེས་པར་མ་ཟད།རང་ཁྱིམ་དུ་བོད་སྐད་བཤད་པར་རྒྱུན་འཁྱོངས་བྱེད་བཞིན་འདུགབོད་ཀྱི་རིག་གནས་ཀྱི་ཁོར་ཡུག་དབེན་པའི་ནང་ལོགས་གྲོང་ཁྱེར་ཞིག་ཏུ་སློབ་གཉེར་དང་འཚོ་བ་སྐྱེལ་བཞིན་པའི་ཁོང་གི་ཕ་སྐད་མ་བོར་བའི་ཁྱིམ་ཚང་སློབ་གསོའི་རྒྱབ་རོལ་གྱི་དཀའ་སྡུག་དང་ཕུར་ཚུགས་ཀྱི་ལངས་ཕྱོགས་དེ་ང་ཚོས་ངང་ངམ་ཤུགས་ཀྱིས་ཚོར་སྲིད།དེ་བས་ང་ཚོ་མི་རེ་རེ་ནས་སྒྲོབ་བཤད་ཙམ་མ་ཡིན་པར་ལས་གང་ལ་འཇུག་པའི་ཁྱབ་ཁོངས་དེར་རིག་གནས་རྒྱུན་སྐྱོང་གི་ཐབས་ཇེ་ལེགས་དང་རིག་གནས་དཔེ་གཡར་གྱི་ལམ་ཇེ་ཡངས།རིག་གནས་གསར་འབྱེད་ཀྱི་སྟོབས་ཇེ་རྒྱས་སུ་གཏོང་བར་འཕྱར་བ་གྲུ་འདེགས་ཀྱིས་རང་ནུས་བཏོན་ཚེ་མཛེས་སྡུག་གིས་ཕྱུག་པའི་མཐོ་སྒང་འདིའི་བར་སྣང་དུ་ཕ་སྐད་ཀྱི་རླུང་རྟ་མུ་ནས་མུ་རུ་བསྐྱོད་ཐུབ་པར་གདོན་མི་ཟའོ།།

གོང་མ།:དགེ་བའི་བཤེས་གཉེན་ཆེན་མོ་ཁྲོ་རུ་ཚེ་རྣམ་དང་སྨན་རིགས་ཀྱི་ཞིབ་འཇུག་ལམ་བུ།

ཞོལ་མ།:སྐད་གྲགས་ཆེ་བའི་བོད་ཀྱི་ལོ་ཙཱ་བ་སྐ་ཅོག་ཞང་གསུམ།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235