སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་གྲོས་ཚོགས་ཐེངས་ཉི་ཤུ་པ་ཚེས་དྲུག་ཉིན་པེ་ཅིན་ནས་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་གྲོས་ཚོགས་ལ་འགོ་འཛིན་མཛད་པར་མ་ཟད་གསུང་བཤད་གནང་། གྲོས་ཚོགས་ནས་སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གིས་མི་དམངས་སྲིད་གྲོས་བཙུགས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་བྱ་འགུལ་གྲོས་གཞི་ལ་གྲོས་ཞིབ་བྱས་པར་མ་ཟད་རྩ་དོན་སྟེང་གྲོས་འཆམ་བྱུང་།
ཝང་དབྱང་གིས་བསྟན་དོན། མི་དམངས་སྲིད་གྲོས་བཙུགས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་བྱ་འགུལ་ནི་ད་ལོའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཆབ་སྲིད་འོས་འགན་གལ་ཆེན་ཞིག་ཡིན་ལ། མི་དམངས་སྲིད་གྲོས་ཀྱི་ལོ་ངོ་བདུན་ཅུའི་རིང་གི་འོད་སྟོང་འབར་བའི་བརྒྱུད་རིམ་གོང་བུར་འགྲིལ་བའི་ཆབ་སྲིད་ཀྱི་བློ་གྲོས་དང་ལག་ལེན་ཉམས་མྱོང་ནན་ཏན་གྱིས་སྤྱི་བསྡོམས་དང་རྒྱུན་འཛིན་བྱེད་པ་དང་། རྟེན་འབྲེལ་ཞུ་བའི་བྱ་འགུལ་དང་ད་ལོའི་བྱ་བ་སྣ་ཚོགས་ཕན་ཡོད་སྒོས་སྦྲེལ་མཐུད་བྱེད་པ། མི་དམངས་སྲིད་གྲོས་ནི་ཆེད་དོན་གྲོས་མོལ་ལས་ཁུངས་ཡིན་པའི་ནུས་པ་སྔར་ལས་ལྷག་པར་འདོན་སྤེལ་བཟང་བོ་བྱེད་པ། མི་དམངས་སྲིད་གྲོས་ལམ་ལུགས་ཚད་ལྡན་དང་གཏན་འཇགས་ཡོང་བར་སྐུལ་འདེད་བཏང་སྟེ། བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་སྔར་ལས་ལྷག་པའི་བྱས་རྗེས་འཇོག་དགོས་ཟེར།
གྲོས་ཚོགས་ནས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བདུན་པའི་གྲོས་རིམ་འཆར་ཟིན་དང་ཉིན་རིམ་བཀོད་སྒྲིག་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བར་མ་ཟད། ཟླ་དྲུག་པའི་ཚེས་བཅུ་བདུན་ཉིན་ནས་ཚེས་བཅུ་དགུའི་ཉིན་བར་གྲོས་ཚོགས་པེ་ཅིན་ནས་འཚོགས་རྒྱུ་གཏན་འཁེལ་བྱས།
ཐེངས་འདིའི་གྲོས་ཚོགས་ཀྱི་བརྗོད་དོན་གཙོ་བོ་ནི་བཟོ་སྐྲུན་ལས་རིགས་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བར་དམིགས་ནས་གྲོས་མོལ་ཇུས་འདོན་བྱེད་རྒྱུ་དེ་རེད། གྲོས་ཚོགས་ནས་ད་དུང་རྒྱལ་ཡོངས་ས་གནས་སྲིད་གྲོས་བྱ་བའི་ཉམས་མྱོང་བརྗེ་རེས་གྲོས་ཚོགས་ཀྱི་གྲ་སྒྲིག་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུ་ལ་ཉན། ཀྲུང་གོའི་ཟླ་བར་འཚོལ་ཞི་བྱེད་པའི་བཟོ་སྐྲུན་གྱི་འབྲེལ་ཡོད་ནང་དོན་ལ་དམིགས་ནས་ཆེད་དུ་ཀྲུའུ་ཞིའི་གྲོས་ཚོགས་ཀྱི་ཉིས་སྟོང་བཅུ་དགུ་ལོའི་ཐུན་མོང་གི་སློབ་སྦྱོང་ཐེངས་གཉིས་པ་སྤེལ་བ་དང་། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན། ཀྲུང་གོ་བཟོ་སྐྲུན་གླིང་གི་ཡོན་ཧྲི། ཀྲུང་གོའི་ཟླ་བར་འཚོལ་ཞིབ་བྱེད་པའི་བཟོ་སྐྲུན་གྱི་སྤྱིའི་ཇུས་འགོད་པ་བློ་མཐུན་ཝུའུ་ཝེ་རིན་གྱིས་འགྲེལ་བཤད་བྱས།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་དྲུང་ཡིན་ཆེན་མོ་ཞ་པའོ་ལུང་སོགས་ཀྱིས་སོ་སོར་འབྲེལ་ཡོད་གྲོས་གཞིའི་ཐད་ནས་གསལ་བཤད་དང་སྙན་ཞུ་ཕུལ། ཀྲང་ཆིན་ལི་དང་ལིག་ཆི་པའོ། ཝན་ཀང་། ཧི་ཧིག་ཧྭ། ལུའུ་ཀྲན་ཀུང་། ཝང་ཀྲིན་ཝེ། མཱ་པའོ། ཁྲིན་ཞའོ་ཀོང་། དབྱང་ཁྲོན་ཐང་། ལི་པེན། ཧི་ལི་ཧྥིན། སུའུ་ཧོས། ཀྲིན་ཅན་པང་། ཀུའུ་ཧྲིན་ཙུའུ། ལིག་ཞིན་ཁྲིན། ཧི་ཝེ། ཀའོ་ཡོན་ལུང་བཅས་གྲོས་ཚོགས་ལ་ཞུགས།